རྒྱ་བོད་ལ་སོགས་འཛམ་གླིང་རྒྱུ་ནོར་ཀུན།།
མཚོ་ལྟར་འཁྱིལ་ཡང་སྙིང་པོ་མ་གཟིགས་ནས།།
ནོར་གྱི་དམ་པ་འཕག་པའི་ནོར་བདུན་འཛིན།།
བུ་ཡི་རྩེ་མོ་བླ་མར་མགོས་ཕྱག་འཚལ།།
ཚུལ་དང་མི་མཐུན་ང་འདྲའི་སློབ་མ་ལ།།
ཁྲིམས་ལྟར་ཕྱག་ལེན་སྙོམས་པར་གནང་ན་འང་།
འབྱུང་འགྱུར་བུ་རྣམས་བརྩེ་བས་བསྐྱོངས་མཁས་པ།།
གནས་ལྔ་རིག་པའི་སློབ་དཔོན་དྲན་ནས་གདུང་།།
བློ་ཡི་སྒོ་མོ་གནམ་ལྕགས་ཐ་རམ་འབུམ།།
གྲོལ་ཙམ་མ་གྱུར་བདག་སོགས་སློབ་མ་རྣམས།།
རབ་དཀར་དྲི་མ་མེད་པའི་ལྡེ་མིག་གིས།།
གསལ་མོ་ཧལ་གྱིས་ཕྱེས་པའི་དྲིན་དེ་དྲན།།
དྲང་པོ་རྟགས་དང་རྒྱུ་མཚན་སྣ་ཚོགས་ཀྱིས།།
སྲོང་བའི་རིགས་པ་ཚད་མའི་ལམ་འཁྲིད་མཁན།།
རྒྱལ་བས་སློབ་པ་ཇི་བཞིན་བཀའ་དྲིན་ཅན།།
མཚན་མོའི་དཔོན་པོ་རི་བོང་འཛིན་པ་དྲན།།
ཁྱད་པར་ཤེས་བྱའི་གནས་ལ་ལྷག་མེད་དུ།།
རབ་ཏུ་སྒྲོ་འདོགས་གཅོད་ལ་བརྩོན་འགྲུས་ཅན།།
འཁྲུལ་ཚབ་ཆེ་བ་ང་དང་ང་འདྲ་ལ།།
མེད་ཐབས་མེད་པའི་གྲོགས་དེ་ཆེས་ཅིག་དྲན།།
བསྟན་པའི་ས་བོན་མ་འོངས་སློབ་མ་ལ།།
པ་སངས་ལྟ་བུ་ལྷག་བསམ་དྲི་མེད་ངོར།།
བཀྲ་བའི་རྣམ་དཔྱོད་ཡོངས་པའི་ལེགས་ཚོགས་ཀྱིས།།
ཤིས་པ་ཡང་ཡང་བསྩོལ་བའི་དྲིན་དེ་དྲན།།
སློབ་གླིང་ར་བ་པད་དཀར་གཞོན་ནུའི་ཚལ།།
ལྔ་རིག་ཟིལ་མངར་རྩི་གྱིས་ཁུར་དུད་པར།།
ལྐལ་ལྡན་བུང་བའི་མགྲིན་ཆུ་ཆེས་ལྡང་བས།།
སྙན་པའི་བསྟོད་ཚིག་འུར་འུར་བསྒྲོགས་ལ་བྲེལ།།
གཏུ་མུག་དྲི་མ་ཚ་དུག་གིས་གདུང་བའི།།
རྨོངས་པའི་མྱལ་ངམ་ཐང་དཀྱིལ་བདག་སོགས་འགྲོར།།
ཐབས་ཤེས་ཆུ་འཛིན་འཁྲིགས་པའི་ལྷ་ལམ་ནས།།
ཐུགས་རྗེའི་གྲིབ་བསིལ་སྙོམས་པའི་སློབ་གླིང་དེར།།
ཞལ་གཅིག་འཛུམ་དཀར་འབུམ་གྱིས་རབ་ཕྱུག་ལ།།
ཕྱག་གཉིས་མཉམ་པར་བཞག་པའི་ཞི་བའི་ལྷ།།
སྐུ་གསུམ་གདོད་མའི་ཞིང་ནས་མངའ་མཉེས་པའི།།
མཐའ་བཞི་བྲལ་བ་དེས་ཀྱང་བསྔགས་དབྱངས་འཐེན།།
འདོད་དགུའི་དཔལ་གྱིས་ཕྱུག་པའི་བསྟན་རྒྱས་གླིང་།
གླིང་བཞི་འཛིན་མའི་ཁྱིམ་ནས་འཕགས་པའི་སྒྲ།།
སྒྲ་འཛིན་རྣ་བར་འབྱོར་བའི་ལྐལ་བཟང་ལ།།
ལྭ་བ་དམར་སེར་ཅན་རྣམས་དགའ་བས་མྱོས།།
རྒྱ་མཚོའི་ནོར་བུ་འོད་ཟེར་བརྒྱ་པའི་མདང།།
སྐལ་ལྡན་པད་མའི་ཚལ་དུ་ཤར་བ་ལ།།
ཕྲག་དོག་ཀུ་ད་ཁྱུ་གཅིག་མ་དགའ་ནས།།
མོས་པའི་ཞལ་ཁ་ཟུམ་པའི་ཚུལ་ཡང་མཐོང་།།
- ཟིན་ཐོ་གོང་མ།ཨ་འཇིགས་རིན་པོ་ཆེའི་མདུན་དྲུང་དུ་
- ཟིན་ཐོ་འོག་མ།ཁ་བྱང་བྲིས་མེད