ང་ཡིས་རླངས་འཁོར་གཏོང་པའི་སྐྱིད་སྡུག་འདྲེས་མ།
སྣང་བ་རབ་རིབ་འདི་ལ་བདེན་ཁ་གཡར་ཏེ།།
བགྲང་བྱ་གཉིས་ལ་དངུལ་ལོ་བསོག་བསོག་བྱས་ནས།།
གསུམ་ཐིག་མིང་གི་རླངས་འཁོར་ཆུང་ཆུང་ཞིག་ལ།།
ནང་མ་གཅིག་ལ་བརྗེ་ལེན་ཐད་ཀར་བྱས་ཡིན། །
ཐོག་མར་གྲོགས་མཆོག་མཉམ་འཛོམས་དུས་ཚིགས་ཞིག་ལ། །
སྦྲ་ནག་སྟོང་གིས་བརྒྱན་པའི་ཁྱུང་གཉིས་ལ་ལ། །
སྣང་བ་རང་སར་མ་བཞག་བར་སྣང་སྤུར་ནས། །
དགའ་སྐྱིད་གླུ་དབྱངས་ལེན་ཞོར་སྤང་ཐོག་ཆས་ཡིན། །
ཡོད་ཚད་དེ་ལ་སྟོང་བའི་གྲྭ་རྐྱང་ང་རང་། །
འབྲེལ་འདྲིས་མེད་པའི་མི་ཚོགས་ཁྲོད་ལ་སླེབ་སྐབས། །
འབའ་ཁུག་སྔར་ལས་མི་འདྲ་སྲིབ་སྲིབ་ཆག་ཀྱང་།།
རྩལ་འདོན་སྣུམ་རྟགས་ཐུར་མ་དམའ་སར་ལྷུངས་སོང་།།
དབྱར་གྱི་བྱམས་ལྡན་ཕ་མའི་མི་ཚེ་རྫོགས་ནས།།
དགུན་གྱི་སྡང་དགྲས་རླུང་མདའ་ངའི་ཕྱོགས་གཏད་དུས།།
ང་ཡིས་གཅེས་པའི་དྲིན་ཅན་རླངས་འཁོར་དཀར་པོས།།
ཁེར་རྐྱང་དྭ་ཕྲུག་རྣ་རྩར་གྲང་རེག་མ་གཏོང་།།
རང་སེམས་དལ་གྱིས་ཕེབ་ནས་མལ་སར་བསྡད་ཀྱང་།།
མི་ཚེར་རྒྱ་གྲོང་འཁྱམས་པའི་མགོ་རིལ་ཞིག་གིས།།
དེ་གར་བསྡད་དུ་མ་བཅུག་རྫོང་ཐོག་ཁྲིད་དུས།།
ཁ་ལོ་བསྐོར་ཕྱོགས་ནོར་ནས་སྒོར་ཆད་ཕོག་ཐལ།།
ངལ་གསོའི་དུས་ཚིགས་བཟང་པོའི་ཉིན་མོ་ཞིག་ལ།།
བདུན་ཕྲག་མཁོ་དགོས་ཉོ་དུ་རྒྱ་གྲོང་འགྲིམས་སྐབས།།
ཁ་ཆར་ལྷགས་རླུང་གསེང་གི་སྦག་ཞོན་མཐོང་ཚེ།།
རླངས་ཆུང་དཀར་པོའི་བཀའ་དྲིན་ལྷག་པར་དྲན་སོང་།།
ཁ་ལོའི་བདེན་དཔང་པ་སེ་ང་ལ་མེད་པས།།
ལམ་དཀྱིལ་དབྱུག་ཁྲ་འཕྲད་འགེལ་ཝ་ལེར་མཐོང་དུས།།
དམར་ཆུང་སྙིང་ལ་གཟེར་རྒྱབ་ལྟར་བུའི་ན་ཟུག །
མི་འདོད་བཞིན་དུ་ཁུར་དགོས་བྱུང་འདི་སྐྱོ་བ། །
དགའ་བའི་མགྲིན་གླུ་སྙན་མོ་སྔོན་པོས་བྲིས་ཡོད།།
སྡུག་གི་སྐྱོ་གླུ་གཉོམ་པོ་དམར་པོས་འཐེན་ནས།།
སྐྱིད་སྡུག་ཚོར་སྣང་བརྗོད་པའི་བདེན་གཏམ་ཁ་ཤས།།
འོ་ཇ་འཐུང་ཞོར་ཨ་མའི་མདུན་དུ་བྲིས་ཡིན།།
- ཟིན་ཐོ་གོང་མ།བགྲོ་གླེང་།།
- ཟིན་ཐོ་འོག་མ།ང་བགྲོད་སའི་ལམ་བར་གྱི་འཕྲང་ཆུང་།