བགྲོ་གླེང་།
འོ་ལགས་སོ།།བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་གཙོས་པའི་སྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་དང་རྒྱལ་བ་མཉམ་མེད་ཆེན་པོ་ཀུན་མཁྱེན་ཤར་རྫ་བ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་མ་སློབ་དཔོན་ལས་འཛིན་རྣམ་པའི་དཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཁོ་བོ་དེ་རིང་བགྲོ་གླེང་རིག་པའི་གར་སྟེགས་འདིའི་ཐོག་ཏུ་སླེབ་ཐུབ་པ་རེད། དེར་བརྟེན་ངས་དཀའ་དྲིན་གཞལ་དུ་མེད་པའི་བཅུ་ཕྲག་རིག་གནས་ཀུན་ལ་མཁྱེན་རྒྱ་ཡངས་པའི་བླ་མ་མཁན་པོ་དགེ་བཤེས་རྣམ་པ་དང་། མ་རྟོགས་ལོག་རྟོག་ཐེ་ཚོམ་སོགས་ཀྱི་དྲ་བ་ཧར་གྱི་ཕྱེས་
ཅིང་ཡང་དག་རིགས་པའི་ལམ་ལ་ཞིབ་བལྟས་བྱེད་པའི་བཤད་གྲྭ་བ་དང་། བྱིང་རྒོད་ཕྲ་རགས་ལ་སོགས་ཉེ་བར་བསྐྱལ་མི་ནུས་ཤིང་གནས་ལུགས་རིག་པའི་ངང་ལ་དུས་འདའ་བའི་སྒྲུབ་གྲྭ་དང་སྔར་སོང་གི་རྗེས་བསྐྱོད་དང་ཕྱིར་འོང་ལ་མདུན་བསུ་མེད་པའི་རིག་པ་རྐྱང་འདེད་གྱི་བདག་པོ་སྒོམ་གྲྭ་རྣམས་ལ་ངས་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། དེ་ཡིན་དུས་དེ་རིང་ངས་བཤད་བྱའི་བགྲོ་གླེང་འདིའི་མིང་ལ་ཡེ་གཤེན་གཙུག་ཕུད་དེ་ཉིད་སངས་རྒྱས་ཡིན་མིན་སྐོར་གྱི་འདུ་ཤེས་ལ་དཔྱད་པའི་གཏམ་ཐུང་ཞེས་བཏགས་ཡོད། འདི་ཉིད་མར་བཤད་པའི་གནས་སྐབས་སུ་གེགས་དང་བར་ཆད་ཞི་ཕྱིར་མཆོད་བརྗོད་ཞིག་འབུལ་གི་ཡིན།
གནམ་གྱི་ཁྲི་དང་བར་གྱི་ལྡིང་སོགས་རྒྱལ་རབས་སུམ་བཅུ་གཉིས་ཀྱི་རིང་།
རྒྱལ་བོད་ཧོར་སོགས་མི་རིགས་ཀུན་ལ་བོན་གྱི་བསྟན་པ་དར་རྒྱས་བྱུང་།
བོན་སྲིད་ཟུང་གི་འཕྲིན་ལས་སྐྱོང་སྟེ་འཇའ་ལུས་འཕོ་ཆེན་ཉེར་ལྔ་འཁྲུངས།
མཐུ་ཆེན་མི་དགུས་འགྲོ་ལ་བདེ་སྐྱིད་དཔག་མེད་བསྐྲུན་འདི་ཨེ་མ་རྨད།
བོན་གྱི་རྒྱ་མཚོ་ངོམ་མེད་གསོལ་ཞིང་བསླབ་གསུམ་ནོར་བུ་འུ་ཚོར་སྦྱིན།།
རྒྱལ་འཕགས་ཟུང་གི་འཆད་ཁྲིད་དྲིན་གྱིས་ཤེས་རིག་སྒོ་མོའི་ལྡེ་མིག་ཐོབ།།
དམུ་གཤེན་བསྟན་ལ་ལྷག་བསམ་དཀར་བའི་ལྷ་སྲས་མཛངས་ལྡན་མི་བུ་ཡིས།།
བསྐྲུན་པའི་དཔེ་ཆ་གྲོགས་དང་བསྒྲིལ་ཏེ་དཔྱད་བརྗོད་མཆོད་པ་འབུལ་ལ་སྤྲོ།།
འདི་ནི་རྟེན་འབྲེལ་མཚོན་བྱེད་ཙམ་དུ་མཆོད་བརྗོད་དང་བཤད་དམ་གཉིས་དེ།
སྔོན་འགྲོའི་ཚུལ་དུ་ཞུས་པ་ཡིན། ཤོ་ལོ་ཀ་དེའི་གཉིས་ལ་བཤད་པ་རྒྱག་མ་དགོས་པ་གཡུང་དྲུང་ སྤུན་གྲོགས་རྣམ་པའི་མཁྱེན་ངེས་རེད། དེ་ཡིན་དུས་འགྲེལ་བ་རྒྱག་གི་མིན། ཁོ་བོ་རང་ཉིད་ཀྱིས་ དེ་རིང་བགྲོ་གླེང་ཐུང་ངུ་འདི་ལ་མཆོད་བརྗོད་བཤད་དམ་མཐར་དོན་སོགས་ཀྱིས་རྒྱན་པ་འདི་ནི་མིག་དཔེ་ཡར་ལྟོས་ཀྱི་ཚུལ་དུ་ཡིན། གང་ཡིན་ཟེར་ན། མཁྱེན་ཡོན་དཔག་ཏུ་མེད་པའི་རྫོགས་པའི་ སངས་རྒྱས་ཀྱིས་གསུངས་པའི་བཀའ་དང་བཀའ་བརྟེན་ཡིན་ན་འདྲ། རྒྱལ་བ་མཉམ་མེད་ཆེན་པོ་དང་ཀུན་མཁྱེན་ཤར་རྫ་བ་ཡོངས་འཛིན་སྨྲ་བའི་སེང་གེ་སོགས་བསྟན་འཛིན་སྐྱེས་ཆེན་རྣམ་གྱིས་མཛད་པའི་གསུང་འབུམ་ཡིན་ན་འདྲ། ད་དུང་རྒྱལ་ཕྱི་ནང་གང་སར་བཞུགས་པའི་མཁས་དབང་དག་གིས་བྲིས་ པའི་དཔྱད་རྩོམ་དང་སྙན་རྩོམ་ལོ་རྒྱུས་སྒྲུང་གཏམ་སོགས་གང་བཀོད་ཀྱང་ཕལ་ཆེ་བ་ལ་འདི་ལྟར་ བུའི་མཆོད་བཤད་མཐར་བསྡུ་གསུམ་གྱིས་རྒྱན་པར་སྣང་། དེ་ལྟར་བརྗོད་དགོས་པའི་དགོས་པ་ཡང་རྒྱ་ཆེན་པོ་ཡོད་རེད། གང་རེད་ཟེར་ན་རང་ཉིད་ཀྱིས་གཞུང་དེ་ཚུར་བསྒྱུར་བ་དང་རྩོམ་པ་ཀློག་པ་སྦྱོང་པ་ སོགས་གང་བྱས་ཀྱང་། དེས་གནས་སྐབས་གེགས་དང་བར་ཆད་ཞི་བའི་ཕྱིར་དུ་ཡར་ཀུན་མཆོག་ལ་ མཆོད་པར་བརྗོད་པ་དང་། སློབ་མ་རྣམས་ལ་མར་གསལ་བསྒྲགས་ཀྱི་ཚུལ་དུ་བཤད་པར་དམ་བཅའ་ བ། མཐའ་དོན་བརྗོད་བྱའི་དོན་དེ་ཚིག་ཉུང་དོན་གསལ་གྱི་སྒོ་ནས་དོན་རྡོག་རྡོག་ཕར་གོ་བརྡ་འཕྲོད་པའི་ཆེད་དུ་མདོར་བསྡུ་བ་བསྟན་པ་རེད་འདུག ངས་ཀྱང་རྒྱུ་མཚན་གསུམ་ལས། དང་པོ་གཉིས་གོང་དུ་ཞུས་ཚར། ད་དངོས་གཞི་ལ་འཇུག་གི་ཡིན། དེ་ཡིན་དུས་དང་པོ་ཡེ་གཤེན་གཙུག་ཕུད་དེ་ཉིད་སངས་རྒྱས་ཡིན་མིན་སྐོར་ལ་ཅུང་ཟད་ཞུས་ན།
སྒ་སྟོན་ཐེག་འགྲེལ་ལས་ཞི་བ་གཡུང་དྲུང་ཡོངས་རྫོགས་ལས་སྔོན་གྱི་ཡེ་གཤེན་གཙུག་ཕུད་དེ་འཕགས་ལམ་ས་དགུ་ལས་མ་ནོན་པ། ད་ལྟའི་གཤེན་རབ་ཀྱིས་བླ་ན་མེད་པའི་ས་ནོན་པ་སྟེ་ཞེས་དང་
ཤར་རྫའི་ལེགས་བཤད་མཛོད་ལས་དེ་ཉིད་ལས་ཡེ་གཤེན་གཙུག་ཕུད་ས་དགུ་ལས་མ་ནོན་པས། སྒྲིབ་པའི་ཆ་ལ་འདྲེས་དོགས་ཀྱི་བག་ཚ་དང་ཉམ་ང་བྱུང་སྟེ་ཁྲི་རྒྱལ་ཁུག་པ་གདུང་ཚབ་ཏུ་བཞག་ནས་མཐར་འོག་མིན་དུ་གཤེགས་ཏེ། ཞེས་ལུང་འདྲེན་མང་པོ་བྱས་འདུགཡོངས་རྫོགས་ལས། ཁྲི་རྒྱལ་ཁུག་པ་ ལ་ཡེ་གཤེན་གཙུག་ཕུད་ཀྱིས་གསུངས་པ། ཕྱིར་མི་ལྡོག་པའི་ས་ལས་ཡར་ཚད་མ་དཔག་ན། ཉོན་ མོངས་སྒྲིབ་པ་རི་ཡི་གྲིབ་མ་འདྲ། །རབ་ཏུ་སྒྲིབ་པའི་ཆ་ལ་འདྲེས་པ་སྲིད་པས། །ས་བཅུ་ཟིལ་གྱིས་ གནོན་པའི་དབྱིངས་དཀྱིལ་ནས། བོན་གྱི་འཁོར་ལོ་སྟོང་གསུམ་བདག་བསྐོར་བས། མཐའ་ཡས་ གཤེན་པོ་བདེན་པའི་དོན་རྟོགས་ཤིག ཅེས་གསུངས་པས་དོན་ལ་ཡེ་གཤེན་གཙུག་ཕུད་དེ་ཉིད་མདོ་ ལུགས་ལ་སངས་རྒྱས་ཀྱང་སྔགས་ལུགས་ལ་མ་རྒྱས་པ་འགྲེལ་མཁན་མང་ཞིང་དག་པ་སྣང་། གོང་དུ་ ཐེག་འགྲེལ་དང་ལེགས་བཤད་མཛོད་སོགས་ལས་འཕགས་ལམ་ས་དགུ་ལས་མ་ནོན་ཞེས་པའི་ལུང་ ཚིགཡོངས་རྫོགས་ཁོ་ན་ལས་ལུང་དྲངས་པ་རེད་འདུག ད་ལྟ་ང་ཚོའི་མིག་མཐོང་ལག་ཟིན་དུ་ཡོད་ པའི་ཞི་བ་དེ་ཉིད་ཚར་གྲངས་ཁ་ཤས་བཀླགས་ཀྱང་དེ་ལྟར་བུའི་ལུང་ཚིག་ཁ་གསལ་མི་འདུག ཡིན་ ནའང་ཁ་ཤས་ཀྱིས་ཡོངས་རྫོགས་ལས་གསུངས་ཞེས་དང་།ལེགས་བཤད་མཛོད་ལས་གསུངས་ཞེས་ བརྟག་དཔྱད་བྱས་ཡོད་མེད་མི་ཤེས་ཀྱང་ཐག་ཆོད་པོ་བརྗོད་འདུག ཡང་ཁ་ཅིག་གིས་རང་རེའི་མཐོང་ཡུལ་དུ་གྱུར་པའི་ཡོངས་རྫོགས་དེ་ཉིད་ལས་དེ་ལྟར་མེད་ཀྱང་། གོང་དུ་དྲངས་པ་ལྟར། །ཕྱིར་མི་ལྡོག་པའི་ས་ལས་ཡར་ཚད་མ་དཔག་ན། །ཉོན་མོངས་སྒྲིབ་པ་རི་ཡི་ གྲིབ་མ་འདྲ། །ཞེས་པ་དེ་ཙམ་ལ་བརྟེན་པ་རེད་ཅེས་བཤད་མཁན་ཡང་འདུག ཁ་ཅིག་གིས་སྔོན་གྱི་ བྲིས་པ་རྣམས་ཀྱིས་ཤོག་བུ་དང་དུས་ཚོད་ལ་སོགས་ཀྱི་རྐྱེན་གྱིས། ཡིག་ཆུང་ཁ་ཤས་འདོན་མི་དགོས་ པའི་རིགས་དོར་སྲོལ་ཡང་ཡོད་ས་རེད་ཞེས་བཤད་གྱི་འདུག ཁོ་བོས་ནི་གོང་དུ་གསུངས་པའི་ས་དགུ་ལས་མ་ནོན་ཞེས་པ་སོགས་མེད་ཅེས་བརྗོད་མི་སྤོབ་སྟེ།མཁས་པ་དུ་མས་ལུང་འདྲེན་བྱས་འདུག ཡོད་ཅེས་བཤད་པར་དཀའ་སྟེ། འཇོག་རྒྱུ་མི་རྙེད་ལ་མདོར་ན་ མ་འོངས་པར་དེ་འདྲའི་ལུང་དེ་ཡོད་མེད་དཔྱད་དགོས་པ་གལ་ཆེ་སྟེ། དཔེར་ན། །ཐོས་པ་ཙམ་ལས་ མ་དཔྱད་ན། །མ་ཐོས་པ་དང་ཅི་ཁྱད་ཡོད། ཅེས་ལྟར་རེད་འདུག
ཁོ་བོའི་བསམ་ཚུལ་འདྲ་མོ་ཞིག་བཤད་ན་བདག་ཅག་གི་སྟོན་པ་དེ་ཉིད་ཁམས་གོང་མ་ནས་མར་ རིམ་བཞིན་སུམ་བཅུ་རྩ་གསུམ་དུ་ཕེབས་པའི་སྐབས་སྟོན་པ་འཆི་མེད་གཙུག་ཕུད་སྐྱེ་བ་བཞེས་པར་ སྙམ་ཏེ། འདུལ་བའི་རྣམ་བཤད་ནོར་བུ་ཕྲེང་བ་ལས། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་དང་ ཐབས་ཤེས་ཟུང་དུ་འབྲེལ་ཏེ། བར་ལྷ་འོད་གསལ་རིམ་པར་བྱོན་ཏེ། སུམ་བཅུ་རྩ་གསུམ་དུ་བློ་གསལ་ འཆི་མེད་གཙུག་ཕུད་སྐུ་སྤྲུལ་ཏེ། ཞེས་དང་གསང་འདུས་དོན་རྒྱུད་ལས། ཨུད་འབར་གཙུག་སྐྱེས་འཆི་ མེད་གཙུག སྲོག་མེད་བདུད་བྲལ་གཡུང་དྲུང་འཆང་། སྤྲུལ་པའི་རྒྱལ་པོ་ཁྱོད་ལ་བསྟོད། ཅེས་དང་། དེ་ལ་སྐུ་གསུམ་དོན་ལྡན་གྱི་རྟགས་སུ། ཨུད་དུ་འབར་བའི་རྭ་གསུམ་སྐྱེས་པ་ཞེས་གསུངས་པའི་ཕྱིར།
མདོ་གཟེར་མིག་ལས་ཉིད་ཀྱིས་ཅིར་ཡང་སྤྲུལ་པའི་སྐུ་བྱ་བ་ཐོབ་ན་ལགས་སོ།། ད་ནི་ཤེས་བྱའི་སྒྲིབ་ པ་བྱང་བས་སོ།། ཞེས་དང་། སྟོན་པ་འོད་གསལ་ལྷ་ལས་བབ་པའི་མདོ་ལས། ཉོན་ཅིག་ཁྱེའུ་གསལ་བ་ ཉོན། །བློ་གསལ་འཆི་མེད་གཙུག་ཕུད་ཁྱོད། །ཨུད་འབར་གཙུག་སྐྱེས་དྲི་མ་མེད། །བསྐལ་བཟང་འགྲོ་ བ་འདྲེན་པའི་གཤེན། །ཚེ་རབས་གོང་ནས་སྒྲིབ་སྦྱངས་ཤིང་། །བསྐལ་སྲིད་གོང་ནས་ཚོགས་བསགས་པས། ཚོགས་བསགས་སྒྲིབ་སྦྱོང་ནུས་མཐུ་ཡིས། བསྐལ་བཟང་སངས་རྒྱས་ས་རུ་སླེབས། ཞེས་དང་། བསྟན་པ་ཤན་འབྱེད་ལས། ཁྱེའུ་གསལ་བ་འཆི་མེད་གཙུག་ཕུད་ལ། ཡེ་ཤེས་ལྷ་ཡི་ཏིང་འཛིན་བོན་ བསྟན་པས། ཤེས་བྱའི་སྒྲིབ་བྱང་ཐོགས་མེད་སྤྲུལ་སྐུ་གྱུར་ཞེས་གསུངས་སོ། སྨྲ་བའི་སེང་གེའི་བཀའ་ འགྲེལ་ལས།འཆི་མེད་གཙུག་ཕུད་དེ་དག་པ་ཤེས་པ་གསལ་བ་གསུམ་ལས་གསལ་བ་དེ་ཡིན་ནམ་མིན། མ་ཡིན་ན་དག་པ་གཏོ་རྒྱལ་འཛམ་གླིང་དུ་སྐྱེ་བ་བཞེས་ཁར་ལྷ་ལ་རྒྱལ་ཚབ་ཏུ། ཡིན་ན་སངས་རྒྱས་ སྟོང་དང་རྩ་གཉིས་ལས་མཚན་རབས་དང་པོ་དགུ་རུ་བྱུང་བའི་བརྒྱད་པ་དེ་གསལ་བ་ཡིན་པ་གང་ཞིག་དེས་ས་དགུ་ལས་མ་ནོན་ན་མཚན་རབས་དགུ་པར་བཅུག་སྟེ་བསྒྲིལ་བའི་དགུ་དེ་སངས་རྒྱས་རབ་དགུ་མ་ཡིན་པར་ཐལ་ལོ།།ཞེས་གསུངས་པ་སོགས་དེ་ཉིད་སངས་རྒྱས་ཡིན་པ་བསྟན་པའི་ལུང་ཚིག་མང་ཞིང་དག་པ་འདུག ཡང་ཁ་གཅིག་གིས་འཆི་མེད་གཙུག་ཕུད་སངས་རྒྱས་ཡིན་པ་བསྟན་པ་ལས་ཡེ་གཤེན་གཙུག་ཕུད་ཞེས་མ་གསུང་པའི་ཕྱིར་ཟེར་ཡང་དེ་གཉིས་ཀ་ཡབ་འཕྲུལ་གཤེན་སྣང་ལྡན་དང་ཡུམ་བཟང་ཟ་གཉིས་ཀྱི་སྲས་སུ་གྱུར་པ་དང་། སྒ་སྟོན་ཐེག་འགྲེལ་ལས་ཡེ་གཤེན་གཙུག་ཕུད་དང་འཆི་མེད་གཙུག་ ཕུད་གཉིས་ངོ་བོ་ཐ་དད་མི་བབས་ཏེ། གཉིས་ཀ་ཨུད་དུམ་ཝྭ་རའི་ཐོར་གཙུག་གིས་ངེས་པའི་ཕྱིར་ ཞེས་གསུངས་པས་དོན་ལ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་འདོད་དགོས་སམ་སྙམ།
གསུམ་པ་མདོར་བསྡུ་བ་ནི་གོང་དུ་ཐེག་འགྲེལ་དང་ལེགས་བཤད་མཛོད་སོགས་ལས་གསུང་པ་དེ་ཞི་བ་གཡུང་དྲུང་ཡོངས་རྫོགས་ལས་ལུང་དྲངས་པ་རེད་འདུག དེ་ལྟ་བུའི་ལུང་ཚིག་དེ་ད་ལྟ་རང་རེའི་ མཐོང་ཡུལ་དུ་གྱུར་པ་དེ་ཉིད་ལ་མི་འདུག་པས་མ་འོངས་ལུང་ཚིག་དེ་འདྲ་ཡོད་མེད་བརྩལ་དགོས་པ་གལ་ཆེན་པོ་རེད་འདུག དཱ་ཡེ་གཤེན་གཙུག་ཕུད་དེ་ཉིད་སངས་རྒྱས་ཡིན་པར་བསྟན་པའི་དཔྱད་ གཏམ་ཐོར་བུ་མཇུག་གྲུབ་བྱས་པ་ཡིན།།
སྤྱི་ཟླ༨པའི་ཚེས༡༠ཉིན་བདུན་ཕྲག་གི་བགྲོ་གླེང་ང་ལ་ཐུག་འདུག་པས་དེས་སྐབས་སུ་བཤད་པ་སྒྲ་བཤུས་བྱས་ནས་དག་བཅོས་ཅུང་ཞིག་དང་བཅས་ཏེ་སྤེལ་བའོ།། མི་རིགས་འདི་ལ་ཤ་ཞེན་ཆེ་ཞིང་ཆོས་ལུགས་འདི་ལ་དུང་བ་ཟབ་པའི་མཁྱེན་ ལྡན་རྣམ་པའི་བརྟགས་དཔྱད་མཛད་དེ་དཔྱད་གཏམ་གནང་རོགས་ཞུ།།
འོ་ལགས་སོ།། སྒུག་ཆོག
འཆད་རྭའི་ཉེ་འདབས་ཡིན་ན་འདྲ་རིང་འབོད་ཡིན་ན་འདྲ། རྟགས་མ་གྲུབ
ཡང་སངས་རྒྱས་ཀྱིས་གསུངས་པའི་བཀའ་དང་བཀའ་བརྟེན་ཡིན་ནའང་འདྲ། གསུངས་པས་སངས་རྒྱས་ཀྱིས་གསུངས་པའི་བཀའ་བརྟེན་དེ་གང་ལ་ངོས་འཛིན་དགོས་སམ། རིག་ལམ་པས།