དྲི་བ་དྲིས་ལན།
༡ རྣམ་སྨིན་དང་ཚེ་དབང་གཉིས་བསྟན་སྐབས་རང་གི་སྤང་བྱའི་དངོས་གཉེན་དང་གཞི་གཉེན་སོང་ཞེས་མདོ་མཚན་ཉིད་ཐེག་པ་ལྟར་སྤོང་གཉེན་དུས་མཉམ་འགག་པའི་དངོས་གཉེན་དང་དེ་གཉིས་སྐྱེ་འགག་མཉམ་པའི་གཞི་གཉེན་ཞེས་འདོད་དམ་དེ་མིན་གང་།
རིག་པའི་སྟ་རེ།
དཀའ་གནད་གསང་རྒྱ་ལྷོད་ཀྱིས་བཀྲོལ་བ་ཡི། །
རིག་པའི་མི་བུ་དགྱེས་པའི་གད་རྒྱངས་ཏེ། །
ཟབ་ཡངས་གཞུང་དོན་འགྲེལ་བའི་ལེགས་བཤད་སྒྲ། །
སྒྲོག་པའི་རྒྱལ་པོ་སྨྲ་བའི་སེང་ཆེན་རྒྱལ། །
དྲེ་བཙུན་སྦྱིན་པ་དགའ་བའི་དྲི་ལན་ནམ། །
ཕྱིར་ལོགས་དམ་གྲེད་པ་ཡི་ཕྱིར་འབོད་དེ། །
ཁྱབ་མཐའ་མ་ཆགས་པ་ཡི་འཆལ་གཏམ་འདིར། །
རྟགས་གསལ་བྲོ་བ་ཡོད་པའི་བྲོ་རྡུངས་ཤིག །
༼༡༽ཡོངས་འཛིན་སྨྲ་བའི་སེང་གེའི་བཀའ་འགྲེལ་ལས། རྣམ་སྨིན་རིག་འཛིན་གྱི་ངོ་བོ་ནི། རང་གི་ ལམ་རྟེན་སྔ་མ་མ་དོར་བ་དང་། རང་གི་ངོ་སྐལ་གྱི་སྤང་བྱའི་དངོས་གཉེན་དུ་སོང་བའི་རྟོགས་པ་
རྒྱུད་ལྡན་གྱི་སྐྱེས་བུ་དེའོ།། གསུམ་པ་ངོ་བོ་ནི། རང་གི་སྤང་བྱ་ཉོན་མོངས་ཟག་པའི་གཞི་གཉེན་རྒྱུད་ ལྡན་དང་། ཟུང་འཇུག་སྒྱུ་ལུས་གསར་དུ་གྲུབ་པའི་གཞི་མཐུན་གྱི་རྣལ་འབྱོར་བ་དེའོ།། ཞེས་གསུངས་ པའི་དངོས་གཉེན་དང་གཞི་གཉེན་ནི་རང་གི་ངོ་སྐལ་གྱི་སྤང་བྱ་དངོས་སུ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ལ་དངོས་གཉེན་དང་།རང་གི་ངོ་སྐལ་གྱི་སྤང་བྱ་རྒྱུད་ནས་སྤོང་བྱེད་ཀྱི་རྣམ་གྲོལ་ལམ་ལ་གཞི་
གཉེན་དུ་བཤད་པ་ལྟར་ཡིན་འདུག་ཅིང་།
༢ རྣམ་སྨིན་དང་ཚེ་དབང་གཉིས་རིམ་གྱིས་ཐོབ་ནས་ཨ་དཀར་བའི་མཐོང་ལམ་དེ་སྐད་ གཅིག་དུ་མ་ལ་སྐྱེ་འམ། ཡང་ན་རྣམ་སྨིན་དང་ཚེ་དབང་གཉིས་དུས་གཅིག་ལ་ཐོབ།
ཁོ་བོས་བསམ་ཚུལ་ཞིག་བཀོད་ན། གཉིས་ཀ་མཐོང་ལམ་ལ་འཇོག་དགོས་པ་ལུང་རིག་གཉིས་ ཀྱིས་གྲུབ་པའི་ཕྱིར་ཏེ།དང་པོ་གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་ལས། །མཐོང་ལམ་རྣམ་སྨིན་སེམས་དཔའ་དང་། །ཚེ་ལ་དབང་ཐོབ་སེམས་ དཔའ་ཡིས། །དབྱེ་བའི་ས་ནི་གཅིག་ཡིན་ནོ། ཞེས་དང། གསང་སྔགས་བཀའ་འགྲེལ་ལས། རྒྱུན་མཐའི་སྔ་ལོགས་ཀྱི་སྒོམ་ལམ་གྱིས་བསྡུས་པའི་བདེ་
སྟོང་ཡེ་ཤེས་རྒྱུད་ལྡན་གྱི་སྐྱེས་བུ་དེ་ཕྱག་ཆེན་རིག་འཛིན་གྱི་ངོ་བོ་ཞེས་གསུངས་པས། དེའི་ཤུགས་ ལ་རྣམ་སྨིན་དང་ཚེ་དབང་གཉིས་མཐོང་ལམ་ལ་འཇོག་དགོས་པ་བསྟན། རིགས་པའི་ཆ་ནས་སྦྱོར་ ལམ་ལ་སོགས་ལ་མེད་དེ་ཉོན་མོངས་སྒྲིབ་པ་སྤངས་པ་མེད་པའི་ཕྱིར་རོ། །ཉོན་སྒྲིབ་སྤངས་དགོས་པ་ནི། །ཐབས་ཞགས་ལས་ཉོན་མོངས་པ་ཡིས་ཟག་པ་མེད། ཅེས་དང་། འགྲེལ་ཉི་ཟེར་དྲ་བ་ལས་རིག་ འཛིན་གྱི་ངོ་བོ་ནི་སངས་རྒྱས་སེམས་ཅན་གང་ཡང་མིན་པའི་ས་བཅུ་གཡུང་དྲུང་སེམས་དཔའ་འོ། །ཞེས་སོགས་གསུངས་པའི་ཕྱིར།
༼༢༽ཁོ་བོས་ནི་ཨ་དཀར་བའི་མཐོང་ལམ་ལ་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་གཉིས་དེ་ གཉིས་གང་རུང་མ་ཡིན་པའི་མཐོང་ལམ་དང་གསུམ་དུ་འདོད་ཅིང་། རྣམ་སྨིན་ཚེ་དབང་གཉིས་ མཐོང་ལམ་རྒྱུད་ལྡན་གྱི་སྐྱེས་བུར་ཁས་ལེན་ཀྱང་གང་ཟག་གཅིག་གི་ལམ་རིམ་ལ་ལྟོས་ན་དེ་གཉིས་རིམ་གྱིས་ཐོབ་པར་མི་འདོད་ལ་ཅིག་ཆར་བ་ཡང་མི་འདོད་དོ།། རྒྱུ་མཚན་ནི། དབུ་མར་རླུང་སེམས་
ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་བདེ་སྟོང་ཡེ་ཤེས་དང་ཟུང་དུ་འཇུག་པའི་སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པ་གང་ཞིག རགས་ལུས་ཡེ་ཤེས་ཀྱི་མེས་སྦྱངས་ནུས་དང་མ་ནུས་སམ་ རང་གི་ངོ་སྐལ་གྱི་སྤང་བྱའི་ཡན་ལག་ཟག་པ་གསུམ་ཀའི་སྒྲིབ་པ་བྲལ་དང་མ་བྲལ་གྱི་ཁྱད་པར་ལས་རྣམ་སྨིན་དང་ཚེ་དབང་གི་ཁྱད་པར་འབྱུང་བར་འདོད་དེ། ཐབས་ཞགས་ལས།ལྷག་མའི་ལུས་མེད་
འབྱུང་བའི་ལུས། །ཡོད་པ་མ་ཡིན་ལས་ཀྱི་ལུས། །མེད་པ་ཞེས་བྱའི་ཟག་པ་ནི། །མེད་པ་མ་ཡིན་མྱ་ ངན་འདས། །རྣམ་པར་སྨིན་ཞེས་བརྗོད་པའོ།། ཞེས་གསུངས་པས་བསྟན་པའི་ཕྱིར། ཚེ་དབང་ལ་ཟག་ པ་གསུམ་ཀ་མེད་པ་སྟེ། ཐབས་ཞགས་ལས། ཏིང་འཛིན་འདི་ལ་རྣམ་སྨིན་བཞིན། །ལུས་དང་ཁམས་ དང་སྐྱེ་གནས་ཀྱི། །ཟག་པ་གསུམ་ཀ་འདི་ལ་མེད། །ཅེས་པས་བསྟན་པའི་ཕྱིར། སེམས་དཔའ་གཉིས་ རིམ་གྱིས་ཀྱང་ཐོབ་པ་མ་ཡིན་ཏེ། བས་ཞག་ལས། ཚེ་ལ་དབང་བའི་སེམས་དཔའ་ཉིད། །མངོན་མ་ གྱུར་ཡང་རྣམ་པར་སྨིན། གཡུང་དྲུང་སེམས་དཔའ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། ལྟ་བ་ཁྱུང་ཆེན་ལས། སེམས་དཔའ་རིམ་གྱིས་ཐོབ་པ་འོ།། ཞེས་པ་དང་མི་འགལ་ཏེ།དེ་ཉིད་ལས་ དངོས་བསྟན་ལ། མཐོང་ལམ་སེམས་དཔའ། །སྒོམ་ལམ་སེམས་དཔའ། མཐར་ལམ་སེམས་དཔའ་ བསྟན་པ་དེ་གསུམ་རིམ་གྱིས་ཐོབ་དགོས་པ་གསུངས་པ་ལས། གང་ཟག་གཅིག་གི་ལམ་རིམ་ལ་ལྟོས་ ན་རིག་འཛིན་རྣམ་བཞི་རིམ་གྱིས་ཐོབ་པ་ཡོད་པ་བསྟན་པ་མ་ཡིན་ནོ།།
༣ ཡེ་ཤེས་ཐིག་ལེའི་འགྲེལ་བ་དང་དེའི་མཆན་འགྲེལ་ལས། གཞི་ཡེ་ཤེས་ལྷུན་གྲུབ་ཆེན་པོ་དེ་གྲུབ་ མཐའི་གསང་བ་དགུ་ལས་འཕར་བ་ཡིན་ཏེ། ཕྱི་ནང་རྒྱུ་འབྲས་ཆེ་ཆུང་ཨ་དཀར་ཡེ་གཤེན་བླ་མེད་ ཀུན་ལ་འཕགས་པའོ། ཞེས་གསུངས་སྐབས ཐེག་པ་ཆེ་ཆུང་ཞེས། ཆེ་བ་དཔོན་གསས་འཇོག་ལ། ཆེ་བ་དཔོན་གསས་དེ་རྫོགས་པ་ཆེན་པོ་ལ་འཇོག་མཁན་སྣང་། དེ་ལྟར་ན། གྲུབ་མཐའི་གསང་བ་ དགུ་མི་ཚང་སྟེ། བླ་མེད་དང་ཆེ་བ་གཉིས་གཅིག་ལ་རྩིས་པའི་ཕྱིར། དེ་མིན་ན་བླ་མེད་ལས་ཁྱད་དུ་ འཕགས་ཚུལ་ཇི་ལྟར་བསྟན། བླ་མེད་ལས་ཁྱད་དུ་འཕགས་ན་གོང་དུ་བསྟན་པའི་གཞི་ཡེ་ཤེས་ལྷུན་ འགྲུབ་དེ་ཨ་དཀར་བའི་ལྟ་བ་ཡིན་ནམ་མིན། གོང་གི་དོན་ཚན་གསུམ་གྱི་ཐོག་ལ་ལུང་རིགས་དང་ མཐུན་པའི་ལན་ཞིག་གནང་རྒྱུའི་རེ་བ་ཆེ་ཞུ།
༣༽ཡེ་ཤེས་ཐིག་ལེའི་འགྲེལ་ལས། གཞི་ཡེ་ཤེས་ལྷུན་གྲུབ་དེ་གྲུབ་མཐའི་གསང་བ་དགུ་ལས་ཁྱད་དུ་ འཕགས་པ་ཡིན་ཏེ། ཞེས་དགར་གཞི་དགར་བོན་བསྟན་སྐབས་ཀྱི་གྲུབ་མཐའི་གསང་བ་དགུ་ཞེས་པ་ ནི་གྲུབ་མཐའི་གསང་བ་ཡོངས་ལས་ཁྱད་དུ་འཕགས་ཞེས་པ་དང་མཚུངས་པར་གོ་དགོས་ཏེ། རྒྱལ་གཤེན་གྱི་འགྲེལ་དང་སྨྲ་བའི་སེང་གེའི་མཆན་འགྲེལ་གཉིས་ཀ་ལས་གྲུབ་མཐའི་གསང་བ་བདུན་ནམ་བརྒྱད་ལས་མ་བསྟན་པའི་ཕྱིར། གཞི་ཡེ་ཤེས་ལྷུན་གྲུབ་དེ། འཁྲུལ་པའི་གྲུབ་མཐའ་གཅིག་དང་། སྒྲིབ་པའི་གྲུབ་མཐའ་གཉིས། གོལ་བའི་གྲུབ་མཐའ་གསུམ་མམ་བཞི་ལས་ཁྱད་དུ་འཕགས་པའི་དོན་ ཏེ།།གཞི་རྒྱུད་ལས། འཁྲུལ་པའི་གྲུབ་མཐའ་དབང་ཕྱུགས་ཆེན་པོ་སྟེ། །ཞེས་དང་། སྒྲིབ་པའི་གྲུབ་ མཐའ་རྒྱུ་འབྲས་རྣམ་གཉིས་ཏེ། །ཞེས་དང་། ཐེག་ཆེན་ཡིན་ཡང་སེམས་དང་ཀུན་གཞི་དང་། །སྟོང་ ཕྱལ་གྲུབ་མཐའ་འདོད་པའི་ལོག་པ་གསུམ། ཞེས་དང་། འདི་དང་ཆ་མཐུན་གསང་སྔགས་སྡེ་པ་ཡང་། ཞེས་སོགས་ཀྱིས་བསྟན་ཏོ།། ཡེ་ཐིག་འགྲེལ་ལས། ཆེ་བ་དཔོན་གསས་པ་ཞེས་པ་། གཞི་རྒྱུད་ལས། ཡེ་གཤེན་འདི་ལྟར་སྣང་བ་སེམས་ཙམ་སྟེ། ཞེས་པའི་ཡེ་གཤེན་པ་གཉིས་གནད་གཅིག་ཡིན་ཞིང་། དེ་འང་གོང་གི་ཐེག་ཆེན་ཡིན་ཡང་སེམས་དང་ཀུན་གཞི་དང་། ཞེས་པའི་སེམས་ཉིད་གཞིར་འདོད་ པ་དེ་ལ་གོ། གཞི་རྒྱུད་ལས། ཐེག་ཆེན་ཡིན་ཡང་སེམས་དང་ཀུན་གཞི་དང་། ཞེས་གསུངས་པ་དེ་ལ། སྨྲ་བའི་སེང་གེའི་མཆན་འགྲེལ་ལས། དང་པོ་གབ་པ་སོགས་ཀྱི་ཚིག་ཟིན་ལྟར་དང་། ཞེས་དང་། ཀུན་གཞི་གཞིར་སྨྲ་བ་ནི། སྙན་རྒྱུད་སྒྲོན་མ་དྲུག་ལས། ཞེས་གསུངས་པས་ཤུགས་ལས་ཆེ་བ་དཔོན་ གསས་པ་ཞེས་པ་རྫོགས་ཆེན་ལ་འདོད་པ་གསལ། སྟོང་ཕྱལ་གྲུབ་མཐའ་སྨྲ་བ་ནི། སེམས་དཔའ་ཆེན་ པོ་དབུ་མ་བ་ལ་འདོད། ཁྱེད་ཀྱིས།གྲུབ་མཐའི་གསང་བ་དགུ་མི་ཚང་སྟེ། ཆེ་བ་དཔོན་གསས་དང་བླ་ མེད་གཉིས་གཅིག་ཏུ་བརྩིས་པའི་ཕྱིར་ཞེས་གསུངས་ཏེ་ཁྱེད་ཀྱི་གང་འདོད་པ་རྟགས་སུ་བཀོད་འདུག་ཀྱང་། ཁོ་བོས་ནི། ཡེ་གཤེན་བླ་མེད་ཅེས་བཀླགས་ཏེ་རྒྱུད་སྡེ་བཞིར་ཕྱེས་པའི་ཡེ་གཤེན་ཆེན་པོའི་ རྒྱུད་ལ་གོ འོན་ཀྱང་གཞུང་འདིས་རྫོགས་ཆེན་གཞུང་ཁ་གཅིག་གི་ཚིག་ཟིན་ལ་ཟུར་ཟ་འཕང་པ་དེ་ དག་ནི་རང་གི་ཐེག་པའི་གྲུབ་མཐའི་ཁས་བླང་འདི་ལྟར་མི་འདོད་ཅེས་བསྟན་པ་ལས། དོན་ལ་ རྫོགས་ཆེན་ལྟ་བ་ལས་ཁྱད་དུ་འཕགས་པ་བསྟན་པ་མ་ཡིན་ནོ།།
གལ་སྲིད་ལན་འདིས་གྲོགས་པོ་ཁྱོད་ལ་བློ་སྐྱེད་འདྲ་བྱུང་སྲིད་ཚེ་དྲི་བ་དང་སྦྲགས་ཏེ་ཟིན་བྲིས་སུ་བཀོད་གནང་བར་ཞུ།
དྲྭ་གྲོགས་ལགས་ཀྱིས་གསུངས་པ་ལྟར་བཀོད་ཡོད། མ་འོངས་པ་མུ་མཐུད་ནས་ཡིན་ཡ། དྲེ་བཙུན་ནས།།
དེ་བཞིན་དྲི་ཉོབ་ཚིག་འཁྱལ་འབེལ་བ་སྣང་།
བུ་ལ་ཡོད་ན་དཔྱད་རྩོམ་བྲིས་ཤོག་དང་།
དོན་གྱི་འཆད་རའི་ལྟད་མོ་དེ་རང་རེད།
སྟ་རེ་སོ་དིག་མགོ་བོའི་ཀླད་ཕྱར་ཡང་།
དྲི་བའི་ཤིག་སྲོ་གསེ་བར་མི་ནུས་ཤིང་།
དོགས་པའི་ཟ་ཕྲུག་སྔར་ལས་མོད་པ་ནི།
རང་བྱུང་ཁྲོ་ཆུ་འཕྱུར་བའི་ཤུལ་ལས་རྟོགས།
ཞེས་རང་བྱུང་ཁྲོ་ཆུས
དེ་བཞིན་རྣམ་རྟོག་འཇུག་པ་མི་ལྡོག་པས།
འདྲི་བརྩད་ཀུན་རྫོབ་སྣང་བར་གཡེང་པ་ལས།
དྲི་མེད་གཤིས་ཀྱི་སྙིང་པོ་འཚོལ་ན་ལེགས།
འོན་ཀྱང་བཟང་རྟོག་ཡིན་ཕྱིར་བཟང་སྙམ་མོད།
དཀར་ནག་སྤྲིན་ཚོགས་ནམ་མཁར་ལྡང་བའི་ཚེ།
སྲིད་པའི་སྒྲོན་མེ་སྒྲིབ་ལ་མཚུངས་པ་བཞིན།
ཁྱོད་ཀྱང་ཚོད་དང་མཚམས་ཞིག་དགོས་པ་འདྲ།
སྟོང་དགས
གྲོགས་བརྒྱ་ཡོད་ཀྱང་ཉུང་དྲགས་འདུག།
གྲོགས་བཟང་སྨན་གྱི་ལྗོན་ཤིང་འདྲ།།
གྲོགས་ངན་གཅིག་ཙམ་མང་དྲགས་འདུག།
གྲོགས་ངན་དུག་གི་སྡོང་པོ་འདྲ།།
སྟོང་དགས་སྟོང་ཉིད་མི་སྒོམ་པ།།
གཞན་སྐྱོན་འཚོལ་བའི་བྱ་བ་སྐྱོ།།
དུས་རབས་གསར་པའི་འགྲོས་བསྟུན་ནས།།
ཁས་སྒོམ་སྟོང་ཉིད་ཐབས་སྡུག་ལ།།
ཡིན་ནའང་དྲི་བ་དང་པོ་འདི་ལ་ལན་གསལ་པོ་ཞིག་མི་འདུག་
པས་བསམ་འཆར་ཡོད། སྟ་རེས་དྲིས་པའི་དྲི་བ་ཁག་ལན་མི་འདུག་
པས་རྒྱུ་མཚན་གང་ཡིན་ནམ། དྲི་བ་དེ་ཆེ་སྐྱོན་ཆུང་སྐྱོན་གང་ཡིན་
ཧ་གོ་ས་མི་འདུག་ཨ། སྤྱི་དཔོན་ནས་བྲིས།།