ཁྱུང་ཆེན་ལགས། ང་ཚོའི་སྙིང་ནོར།
ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན།
གཅིག་དགུ་ཉེར་དྲུག་དུས་བཟང་ལ།།
ཁྱུང་ཡུལ་རིག་པའི་ཕ་ས་ནས།།
གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན།།
ངེས་པ་དོན་གྱི་ཡོངས་འཛིན་རྗེ།།
སྐུ་དཔེའི་འཛུམ་བརྒྱ་དལ་གྱིས་གྲོལ།།
དམ་པ་གོང་མས་བྱིན་རླབས་པས།།
སྐྱེ་སྟོབས་ཤེས་རབ་རྣོ་ངར་ལྡན།།
སྦྱང་སྟོབས་བརྩོན་འགྲུས་སུ་ལས་ཆེ།།
གནམ་སྤྱོད་རིག་པ་ཞི་ཞིང་དུལ།།
ཀུན་གྱིས་བཀུར་བའི་སྐྱེ་ཆེན་རྒྱལ།།
གནས་མཆོག་འཕཌ་ཡུལ་མདུན་ཞོལ་དུ།།
ཚིག་མཛོད་ཆེན་མོའི་བླ་དྭགས་སམ།།
ཡོངས་འཛིན་སྨྲ་བའི་སེང་ཆེན་གྱིས།།
གཅིག་དགུ་གྱ་བདུན་ལོ་དེ་རུ།།
ཁྲི་བརྟན་ནོར་རྩེ་གསར་བཞེངས་མཛད།།
སྐད་དང་ཆ་ལུགས་མི་མཐུན་པ།།
ཆོས་དང་ལྟ་བ་མི་གཅིག་པའི།།
རྒྱང་རིང་ས་མཐའི་ཡུལ་གྲུ་དེར།།
དཀའ་ངལ་ཁྲི་ཕྲག་དང་བླངས་ཏེ།།
བོན་བསྟན་རྨང་གཞི་བརྟན་པོར་འཛིན།།
སྐུ་ཡོན་རྒྱ་མཚོའི་གཏིང་ལས་ཟབ།།
ཐུགས་རྒྱ་ནམ་མཁའི་མཁའ་ལྟར་ཡངས།།
རང་ཚུགས་གཡུང་དྲུང་བཞིན་དུ་བརྟན།།
རིགས་ཞེན་ཕན་སེམས་གངས་ལས་དཀར།།
མིང་དོན་མཚུངས་པའི་བླ་མ་ཞིག །
ད་བར་མི་ལོ་ཉེར་ལྔའི་ནང་།།
རང་དོན་ཐོས་བསམ་སྒོམ་གསུམ་དང་།།
གཞན་དོན་འཆད་རྩོད་རྩོམ་གསུམ་གྱིས།།
རིག་རྒོད་དུ་མར་གསོ་སྐྱོང་གནང་།།
བོན་བསྟན་མེ་རོ་སླར་ཡང་སྦར།།
དུས་རབས་ཤིག་གི་ཁུག་འཚམ་འདིར།།
ཁྱེད་ཀྱིས་གསུངས་པའི་ཚིག་དུམ་རེས།།
ཇི་འདྲའི་དོན་གནད་ཟབ་པ་ཞིག །།
ཁྱེད་ཀྱིས་མཛད་འཕྲིན་བསྐྱང་ཚུལ་དག །
སུས་ཀྱང་འགྲན་ཟླ་བྲལ་བ་ཞིག །
སྙིགས་མ་ལྔ་བདོས་ཡིན་ཀྱང་ཆོག །
སེམས་ཅན་བསོད་ནམས་ཟད་ཀྱང་རུང་། །
བསྐལ་ཁུག་གསོ་བའི་སྟོན་པ་སྟེ།།
ཡོངས་འཛིན་སྨྲ་བའི་སེང་ཆེན་མཆོག །
ཁྱེད་ཉིད་ཕེབས་པ་འགྲོ་བའི་མགོན། །
བླ་སྤྲུལ་དགེ་བཤེས་མིང་འཛིན་འགའི།།
ཀུན་སྤྱོད་འགྲོ་འདུག་མཐོང་ཐེངས་རེར།།
དམ་པ་མཆོག་གིས་མཛད་རྗེས་ནི།།
ཕྱི་ནང་མེད་པར་གསལ་ལྷང་ངེར།།
བོན་བསྟན་འཛིན་པའི་སྲོག་ཤིང་གཅིག །
གཞན་སེམས་དཀྲུགས་པའི་བློ་མིག་མེད།།
རང་ཚུགས་ཤོར་བའི་ཅོལ་ཆུང་མིན།།
མི་བུ་འདྲ་འདྲའི་ས་མཚམས་ནས།།
ཀུན་གྱིས་གོང་བཀུར་བགྱི་བ་འདི།།
དམ་པའི་མི་གཞི་གསེར་ལས་ལྷག །
ཕ་ཡུལ་མི་དམངས་བདེ་སྐྱིད་ཆེད།།
གསོ་རིག་འཛིན་གྲྭ་སྔ་ཕྱི་གཉིས།།
ཐུན་མིན་ལྷ་རིས་མ་ཉམ་ཆེད།།
དཀའ་བས་བསཌ་པའི་དངུལ་ལོ་དེ།།
འབུམ་ཕྲག་དུ་མ་གསོལ་རས་གནང་།།
ང་དང་འདྲ་བའི་བློ་རྨོངས་འགའ།།
ཤེས་རིག་སྦྱོང་སའི་གོ་སྐབས་རྙེད།།
སྨན་པའི་མིང་ཙམ་ཐུབ་པ་དང་།།
གལ་སྲིད་ཤེས་ཡོན་ཅུང་ལྡན་ན།།
དམ་པ་མཆོག་གིས་བྱིན་རླབས་དངོས།།
མུན་པ་བསལ་བའི་སྒྲོན་མེ་དང་།།
ལོང་བ་ཡེ་ཤེས་སྤྱན་སྦྱིན་མཁན།།
འདི་ཕྱི་གཉིས་ཀྱི་ལམ་སྟོན་པ།།
སྔར་ནས་ཁྱེད་རང་གདམས་ཟིན་པས།།
ཐུགས་རྗེའི་སྐྱབས་འོག་བཟུང་རོགས་མཛོད།།
ཡོངས་འཛིན་སྨྲ་བའི་སེང་ཆེན་གྱི།།
མཛད་རྗེས་གཞལ་ཐབས་བྲལ་ན་ཡང་།།
རང་བློས་གང་དཔོགས་བཀོད་པ་འདི།།
ཡ་ཆུང་སེམས་ཀྱི་གཏིང་རུམ་ནས།།
ཕྱུར་བའི་སེམས་གཏམ་དྲོན་མོ་ཡིན།།
གངས་ཅན་བོད་ཀྱི་སྤྱི་ནོར་རམ།།
བོན་བསྟན་འཛིན་པའི་སྲོག་ཤིང་མཆོག །
སྐུ་བསོད་རི་རྒྱལ་བཞིན་དུ་བརྟན།།
དབང་ཐང་ཡར་ངོས་ཟླ་བ་ལྟར།།
གོང་ནས་གོང་དུ་འཕེལ་བར་སྨོན།།
2013.1.19ཉིན