R Z ལ་ཕུལ་བའི་སེམས་ཕྲིན།
སེམས་ནང་གངས་དཀར་ལྷ་མོ་ཁྱོད། །
རིགས་བཟང་བོད་ཀྱི་རྒྱུད་ལས་སྐྱེས། །
སྐུ་གཟུགས་ཙ་རིའི་སྨྱུག་མ་ལ། །
བཞིན་ལེགས་བཅོ་ལྔའི་དུང་ཟླ་ཤར། །
སེམས་རྒྱུད་གངས་རི་ལས་ཀྱང་དཀར། །
བློ་སྟོབས་ནམ་མཁའི་མཐའ་ལས་ཆེ། །
རང་ཚུགས་བྲག་རི་བཞིན་དུ་བརྟན། །
བྱ་སྤྱོད་ང་ཡི་མིག་ལམ་མཛེས། །
ཕ་མ་རྒན་རིགས་དེ་དག་གིས། །
ཅི་གསུངས་བཀའ་སྒྲུབ་དང་དུ་ལེན། །
དམར་ཆུང་སེམས་ཀྱི་གདིང་ཁོངས་སུ། །
བརྩེ་བའི་དྲོད་ཀྱིས་ཕྱུག་འདུག་སྙམ། །
བྱ་བ་གང་ཞིག་སྒྲུབ་པ་ན། །
སྔ་བསམ་ཕྱི་འདིང་ཤིན་ཏུ་ཟབ། །
དོན་དག་ཆེ་ཆུང་གང་ཡིན་རུང་། །
བསམ་གཞིགས་ནན་མོའི་སྒོ་ནས་སྒྲུབ། །
དར་མའི་མིག་ལམ་ངོས་ཡོངས་སུ། །
ཁྱེད་ཀྱི་ལུས་ངག་ཡིད་གསུམ་གྱི། །
བྱ་སྤྱོད་དེ་དག་ཤར་ཐེངས་རེར། །
རང་དབང་མེད་པར་བཀུག་ནས་ཐལ། །
དུས་ཚོད་བཟང་པོའི་ཉིན་ཞིག་ལ། །
དགུང་གི་ཉི་མ་སྔར་བས་དྲོ། །
ས་གཞི་སྟེང་གི་རྩི་ཤིང་དག །
རྩེ་དགའི་མགོ་ལྕོག་ལྡེམས་སེ་ལྡེམས། །
འབྲེལ་ཡོད་བརྩེ་བའི་ཤེས་ལྡན་དེས། །
ངེད་གཉིས་གཤིས་ཀ་འགའ་ཤས་ནས། །
མཐུན་ཚོད་འདུག་ཅེས་བརྗོད་དུས་དེར། །
དགའ་བས་མྱོས་ཏེ་རེ་ཞིག་ལུས། །
དེ་ནས་ཁོ་བོའི་ལུས་སེམས་གཉིས། །
ཁྱོད་ཀྱི་གམ་དུ་བཅར་འདོད་བྱུང་། །
ཁྱོད་ཀྱི་བློ་ལ་འདོད་མོས་སོགས། །
དྲི་བ་མང་པོ་འདོན་འདོད་བྱུང་། །
ཁོ་བོ་ངོ་ཕོད་ཆུང་དྲགས་པས། །
ཁྱོད་རང་དངོས་སུ་མཐོང་བའི་དུས། །
སྐད་ཆ་འདྲི་རྒྱུ་ཕར་ལ་ཞོག །
ངོ་གདོང་ཙམ་ཡང་བལྟ་ཕོད་མེད། །
དེང་རབས་འཕྲུལ་ཆས་སྟབས་བདེ་བས།།
ཁ་པར་དང་ནི་ཁེའུ་ཁེའུ་(QQ)སོགས། །
གང་གི་ཐོག་ནས་འབྲེལ་ཆོག་པས། །
ཨང་གྲངས་འཚོལ་བའི་སྟ་གོན་བྱས། །
ཐོག་མར་གླེང་མོལ་བྱ་དུས་ནས། །
ལམ་སེང་དང་ལེན་མེད་ན་ཡང་། །
རིམ་བཞིན་གོམས་འདྲིས་གྱུར་དུས་དེར། །
དྲིས་ལན་རྒྱག་སྟངས་ཤིན་ཏུ་ལེགས། །
བུ་མེད་ཁ་ཤས་འདྲ་བ་ལ། །
སྙན་འཇེབས་སྐད་ཆ་མི་སྨྲ་ཡང་། །
ཚུར་སྨྲས་གཏམ་ལ་གོ་རྒྱུ་མང་། །
ཕར་བཤད་དག་ལ་དབྱེ་ཞིབ་ལེགས། །
སྤྱིར་བཏང་ཕོ་མོ་གཉིས་ཀྱི་དབར། །
བརྩེ་དུང་རང་དབང་ལོས་ཡིན་ཀྱང་། །
ཕ་མ་ཟུང་གིས་འདོད་མོས་ལ། །
བསྟུན་དགོས་ཟེར་བ་ཇི་འདྲའི་བདེན། །
འདི་ལྟར་ཁྱོད་ཀྱིས་བརྗོད་དུས་དེར། །
ཤེས་འཇོན་གང་ཡང་མི་ལྡན་པའི། །
དམར་ཆུང་སེམས་ཀྱི་གཞི་རྟེན་དེ། །
བུ་མོ་ཁྱོད་རང་བྱུང་ན་བསམ། །
ཚེ་འདིའི་དགའ་སྐྱོ་ཆགས་སྡང་དང་། །
འཚོ་བ་ཡག་སྡུག་གང་བྱུང་ཡང་། །
བུ་མོ་ཁྱོད་དང་མཉམ་དུ་ལ། །
རོལ་རྒྱུ་བྱུང་ན་ཅི་མ་རུང་། །
ངེད་གཉིས་ཚེ་འདིའི་སྐྱིད་སྡུག་ལ། །
རྐྱེན་དང་བར་ཆད་མི་ཡོང་བའི། །
མཆོག་གསུམ་ལྷ་ལ་སྐྱབས་ཞུས་ཏེ། །
མཉམ་རོལ་ཡོང་བའི་རེ་སྨོན་བྱས། །
ཕོ་མོ་ཕན་ཚུན་མཐུན་སོང་དུས། །
ཕ་མས་ནན་གྱི་བཀག་བྱས་ན། །
འདི་ལས་སྡུག་པའི་བཙན་གཏམ་ཞིག །
ཨི་ཡོད་བསམ་པའི་ཚོར་སྣང་སྐྱེས། །
ནམ་འོག་ཕ་མ་རྒན་རབས་ཚོས།
རྙིང་ཞེན་བག་ཁུམ་མ་བྱེད་ནས། །
སེམས་མཐུན་ཕོ་མོའི་བརྩེ་དུང་ལ། །
བར་ཆད་མ་གཏོང་སྙིང་ཁོང་རེ། །
རང་ཉིད་དེ་སྔོན་བགྲོད་ལུགས་དང་། །
བརྩེ་བས་བཅིངས་པའི་སེམས་ཚོར་དང་། །
དུང་བ་ཟབ་པའི་ཕོ་མོའི་དབར། །
བྲལ་ཁའི་ན་ཟུག་སེམས་ལ་ཞོག །
འཇིག་རྟེན་ཁམས་ཀྱི་བྱ་བ་དག །
རྒྱུ་རྐྱེན་དུ་མ་ཞིག་གིས་ཀྱང་། །
སོ་སོའི་བསམ་དོན་མཚུངས་པ་ཞིག །
འགྲུབ་ཅེས་བྱ་བ་ཤིན་ཏུ་དཀའ། །
དེ་བས་འཇིག་རྟེན་འདིའི་ཁམས་སུ། །
སྐྱོན་ཟད་ཡོན་ཏན་ཀུན་ལྡན་ཞིག །
ཚང་མའི་བློ་དང་མཐུན་པ་ཞིག །
ཡོང་ཞེས་བྱ་བ་དེ་བས་དཀའ། །
སྔོན་ལས་བསོད་ནམ་ཆུང་བ་འང་། །
འཕྲལ་རྐྱེན་བར་ཆད་ཀྱིས་ཁྱེར་བའི། །
གངས་དཀར་ལྷ་མོའི་བདག་པོ་དེ། །
ཁོ་བོར་ཡོང་བའི་རེ་བ་དབེན། །
གལ་སྲིད་སྐྱེ་བ་རྗེས་མའི་ནང་། །
མི་ལུས་ཐོབ་པའི་ལས་ཡོད་ཚེ། །
ངེད་གཉིས་ལྷན་འཛོམས་ཁྱིམ་གཞིས་ཤིག །
མཉམ་སྐྲུན་ཡོང་བའི་རེ་སྨོན་བྱས། །
ཁ་པར་ཐོག་ནས་འབྲེལ་བྱས་ནས། །
ལོ་ངོ་གཅིག་ཙམ་ཟིན་གྲབ་འདུག། །
ང་ལ་སྤྲད་པའི་དགའ་སྐྱིད་དག །
ནམ་ཡང་མི་བརྗེད་སེམས་གཏིང་གནས། །
ཁྱོད་ཀྱི་མ་འོང་མི་ཚེའི་ནང་། །
བྱ་བའི་ལས་ལ་དོན་རེ་འགྲུབ། །
ཤེས་ཡོན་བློ་གྲོས་རྒྱས་པ་དང་། །
གང་བསམ་ལྷུན་གྱིས་འགྲུབ་པར་ཤོག །
༢༠༡༢ལོའི་ཟླ༤་པའི་ཚེས༡༨ཉིན་རང་སེམས་རང་གསོའི་ཚུལ་དུ་བྲིས།
གསལ་བཤད། དྲྭ་བའི་ནང་དོན་དང་མ་མཐུད་ན་མཁྱེན་སྤྱོད་ཡང་བའི་དོ་དམ་པས་བསུབ་ཀྱང་ཆོག
དེ་མིན་སྙིང་ཉེ་བའི་ཀློག་མཁན་འགའ་ཡིས་དོན་་མེད་ཀྱི་རྙོག་གཏམ་མི་འཇོག་པའི་རེ་བ་ཆེའོ།