བྱང་ཐང་འབྲོག་མོའི་འོད་སྡེར་གྱི་གསལ་བཤད་ཐུང་ངུ།
མཐོང་ཐོས་ལྟར་ན་ཉེ་ཆར་ནག་ཆུ་སྦྲ་ཆེན་ནས་ཡིན་པའི་གླུ་མ་
ཚེ་དབང་གཡང་འཛོམ་གྱི་གླུ་གཞས་ཆེད་སྒྲིག་འོད་སྡེར་ཞིག་བཏང་བ་དང་།
དེའི་ནང་གཞས་ཤིག་གི་ནང་ལོ་རྒྱུས་དངོས་དང་མི་མཐུན་པ་མ་ཟད་ཆོས་ལུགས་
ཀྱི་ཕྱོགས་ཞེན་དུ་སོང་བ་ཞིག་ཡོད་སྐད་རེད། འོན་ཏེ་གཞས་དེའི་ནང་དོན་
འཁྱོག་བཤད་དུ་སོང་ཟེར་བ་དེ་ཡང་གླུ་མ་རང་ཉིད་ཀྱི་གསར་དུ་
སྒྲོ་བཏག་པ་ཞིག་རེད་མི་འདུག་པ་མང་ཆེ་ཤོས་ཀྱི་ཤེས་ཚོད་རེད།
འོ་ན་ཇི་ལྟར་བྱུང་ངམ་ཞེ་ན། སྔ་ས་ནས་ཡོད་པའི་རང་རེའི་ལོ་རྒྱུས་རྣལ་མ་དག་
ཟུར་དུ་ཕུད་ནས་རང་ལུགས་གཙོ་བོར་འཛིན་མཁན་ཏེ་ཁུང་ལྡན་ལོ་རྒྱུས་ལ་ནག་བསུབ་
གཏོང་མཁན་འགས་བཤད་པའི་ནང་དོན་བསྐྱར་ཀློག་བྱས་པ་ཞིག་ཡིན་པ་
སྨོས་མེད་རེད།འོད་སྡེར་ཁྲོམ་ལ་བཏང་བ་དང་རྒྱ་ཆེའི་གཟིགས་མོ་བ་དུ་མ་
ཞིག་གི་བློ་ལ་འབབ་རྒྱུ་ལྟ་ཅི་བློ་མི་བདེ་བའི་ཚོར་སྣང་དྲག་པོ་ཞིག་སྟེར་ཡོད་པ་འདྲ་སྟེ།
མི་མང་པོ་ཞིག་གིས་ཁ་པར་གྱི་ལམ་ནས་གླུ་མ་ཉིད་ལ་
ཁྱོད་རང་གི་གཞས་ཚིག་ལ་སྐྱོན་ཆེན་པོ་བྱུང་འདུག་པས་མགྱོགས་མྱུར་དུ་
བསྒྱུར་བཅོས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྗེས་སོར་གླུ་གཞས་གཏོང་སྐབས་
དོ་ནན་གྱི་སྒོ་ནས་མི་རིགས་རིག་གནས་ལ་ཕན་ཐོག་ཡོད་པ་དང་ཡར་སྐུལ་ལེགས་པའི་
རིགས་གཏོང་དགོས་ཚུལ་གྱི་བསླབ་བྱ་གནང་མཁན་ཡང་བྱུང་འདུག་ལ།
ཡང་འགའ་ཞིག་གིས་ནི་འཇིགས་སྣང་སྐྱེ་དགོས་པའི་སྡིག་མོ་དྲག་པོའི་ཚིག་རྩུབ་
ཡང་གླུ་མ་ཉིད་ཀྱི་རྣ་བ་རུ་བལྟིམ་ཡོད་ཚོད་འདུག
དེའང་གླུ་མ་མོ་རང་གིས་ཟེར་བ་ལྟར་ན་ཐོག་མར་གླུ་གཞས་བཟོ་སྒྲིག་བྱས་པའི་
ཚེ་ན་རང་ཉིད་རིག་གནས་ཆུ་ཚད་ཞན་པའི་དབང་གིས་གཞས་ཚིག་དག་མི་ལ་
རེ་དགོས་པ་དང་གཞས་ཚིག་འགའ་རེ་ལ་སྒོར་མོ་བརྒྱ་གྲངས་བྱིན་ནས་ཉོ་དགོས་པ་བྱུང་།
མ་ཚད་གཞན་གྱིས་བྲིས་ཟིན་པའི་གཞས་ཚིག་དག་ཀྱང་ཐད་ཀར་བཏང་བཞག་པ་
ལས་ལོ་རྒྱུས་དངོས་དང་འཚམ་མིན་དེ་བས་ཤེས་ཀྱི་མེད་པས་དཀའ་ལས་དུ་མ་ཞིག་
འཕྲད་བཞིན་པའི་སྐབས་སུ་གླུ་པ་བསྟན་པ་དར་རྒྱས་ལགས་ཀྱིས་༼ཁྱེད་ལ་འདྲི༽ཞེས་པའི་
ཚིག་དང་གདངས་བཅས་མཁོ་འདོན་གནང་བྱུང་བ་དེ་དང་ལེན་ཞུས་པ་ཙམ་ལས་
གཞན་པའི་དམིགས་ཡུལ་གང་མེད་མོད།དེ་རིང་གི་རྙོག་དྲ་འདི་ལྟར་ཡོང་རྒྱུ་ནི་
བུ་མོ་མོ་རང་གི་ངོས་ནས་བཤད་པ་ཡིན་ན་བསམ་ཡུལ་འདས་པ་ཞིག་རང་ཡིན།
མོས་བཤད་པར་ཁ་ཞེ་གཉིས་སུ་མེད་པའི་སྒོ་ནས་ཁ་པར་གཏོང་ཡོང་མཁན་ཚོར་གོང་གི་
ལས་དཀའི་གནས་ཚུལ་རྣམས་ཇི་མ་བཞིན་བཤད་པ་དང་།ནོར་འཁྲུལ་བྱུང་འདུག་
ན་དགོངས་དག་ཞུ་རྒྱུ་ཡིན་ལ་སླད་མར་བརྒྱུར་བཅོས་བྱེད་རྒྱུ་ཡིན་ཞེས་
འགྲེལ་བཤད་བྱས་པས་དེ་འདྲ་ཡིན་ན་ལེགས་འདུག་ཟེར་ལ་དེ་ན་གོང་གི་
གནད་དོན་དག་གསལ་བཤད་ཕྲན་བུ་ཞིག་ཧི་བོན་ཟིས་བྲིས་སུ་བཀོད་ཐུབ་ན་ལེགས་གསུངས་བྱུང་ཟེར།
གླུ་མ་མོ་རང་གི་རེ་བ་བཞིན་ད་རེས་འདིར་བཀོད་པ་ཡིན།
འགའ་ཞིག་གིས་ནི་ཕར་ལ་འགྲེལ་བཤད་བྱས་ཀྱང་མི་ཉན་ཞིང་ཉིན་རེ་བཞིན་རླུང་ལང་པའི་སྐད་ཆ་དེ་འདྲ་བཤད་ཀྱི་འདུག་ཟེར།
གནད་དོན་དེར་ང་ཚོས་འདང་རེ་བརྒྱབ་སྟེ་བཤད་པ་ཡིན་ན།
རང་རེའི་ལོ་རྒྱུས་དང་ཤེས་རིག་གང་ཅིའི་ཐད་ནས་གཅིག་གིས་ནོར་འཁྲུལ་ཤོར་
སྐབས་གཅིག་གིས་དེ་ལ་སྐྱོན་བརྗོད་དང་ཡང་དག་པའི་གོ་བ་རེ་སྤྲད་པ་དང་།
ནོར་འཁྲུལ་ཤོར་མཁན་ནས་ཀྱང་དེ་མ་ཐག་བསྒྱུར་བཅོས་རེ་བྱས་ན་སོ་སོའི་
བསམ་བློ་ཡར་རྒྱས་འགྲོ་བའི་ཁར་མི་གཞན་ལའང་མིག་དཔེ་བཟང་པོ་ཞིག་
སྟོན་ཐུབ་རྒྱུ་རེད། དེས་ན་ད་ཐེངས་གླུ་མ་ཚེ་དབང་གཡང་འཛོམ་ནས་ནོར་འཁྲུལ་ཅན་གྱི་གཞས་
བཏང་ཟེར་བ་དེར་ཐད་ཀར་སྐྱོན་བརྗོད་དང་ཡོ་བསྲོང་དགོས་ཟེར་མཁན་དག་གིས་
ཀྱང་མོ་རང་ལ་སྡང་སེམས་འཆང་ནས་སྨྲས་པ་ཞིག་མ་རེད་ལ་དོན་མེད་
དཀྲོག་གཏམ་བཟོས་པ་ཞིག་དེ་བས་ཀྱང་རེད་མི་འདུག
འོན་ཀྱང་ཅུང་ཐལ་སོང་བ་ནི།གཅིག་ནི་གཞས་ཚིག་དེའི་ནང་དོན་ལོ་རྒྱུས་
དངོས་དང་འཚམ་མེད་ནའང་དོན་དངོས་ཀྱི་འགྲེལ་བཤད་མ་ཡིན་པའི་
སྡིག་བསྐུལ་བྱས་པ་དེ་དག་རེད།
གང་ལྟར་ཁྱེད་རང་ཚོས་སྐད་ཆ་དེ་འདྲ་ཞིག་ཤོད་དོན་ནི་མཐུན་སྒྲིལ་
དང་ལོ་རྒྱུས་དངོས་ལ་གནོད་སྐྱོན་ཡོད་རིགས་ཀྱི་གཞས་དང་རྩོམ་རིག་སྤེལ་
མི་རུང་ཟེར་བ་ཡིན་རྒྱུ་རེད། དེ་འདྲ་ཡིན་ན་རྩ་བའི་བསམ་བློའི་འཁྱེར་སྟངས་ཡག་པོ་རེད།
ངས་ཀྱང་ཤིན་ཏུ་འཐད།
རེ་བ་ལ་ང་ཚོས་བསམ་བློའི་རྨང་གཞི་དེའི་ཐོག་ནས་མཐུན་སྒྲིལ་ཤེས་སྤེལ་དང་
བསམ་བློའི་རིག་གནས་ཐད་ལ་ཕན་ནུས་འདོན་དགོས་པ་དེ་ཡིན།
རྐྱེན་ངན་གྲོགས་ཤར་ཟེར་བ་ལྟར་ཁྱེད་རྣམ་པ་གཅིག་གི་སྐད་ཆས་གཅིག་
བློ་མ་བདེ་བ་བཟོས་པ་དེས་ཕན་ཚུན་གཏམ་གླེང་མ་མྱོང་བ་ནས་མྱོང་པར་གྱུར་
ཡོད་པས་ཕན་ཚུན་འབྲེལ་འདྲིས་ལ་སྟབས་བདེར་བསྐྲུན།ཐུན་མོང་ཐོག་ནས་
ཤེས་རིག་ལ་འགན་འཁུར་གྱི་ལྟ་བ་མེད་པ་ནས་ཡོད་པར་གྱུར་པའི་
སྒོ་མོ་ཕྱེས་ཟིན་པས་ད་ནི་ང་ཚོས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ལྷད་མེད་
ལྷག་བསམ་བཟང་པོ་མི་རིགས་རིག་གནས་ལ་བསྐོར་ཏེ་དོན་དངོས་དང་
འཚམ་པའི་གླུ་སྒྲ་བཟང་པོའི་ལེགས་གཅེས་རེ་ཕུལ་མཛོད་དང་།
མི་རིགས་ཤིག་གི་གཟི་བརྗིད་རེད་ལ། རིག་གནས་ཤིག་གི་ལྟ་སྟངས་ཡིན།
ཆོས་ལུགས་ཤིག་གི་དགོངས་པ་དང་འབྲེལ་བར་གྱིས་དང་།
དེས་ནི་སྤྱི་ཚོགས་ཁྲོད་མིག་དཔེ་བཟང་པོ་ཞིག་སྟོན་འོང་ཞེས་སྨྲ་བ་ལགས་སོ།།
ཡང་ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན།བརྙན་འཁོར་དེའི་ནང་གི་
གཞས་ཚིག་གི་དག་ཆ་ཧ་ལམ་ནོར་བསྡད་པ་དེའི་སྐོར་ལ་ང་ཚོས་གླེང་སློང་ཞིག་
མི་བྱེད་ཀ་མེད་ཞིག་རེད། འོད་སྡེར་བཟོ་སྒྲིག་བྱེད་མཁན་གྱི་ཀུང་སི་དེས་
ལས་དཀའི་འགན་རྩ་བ་ནས་ཁུར་མི་འདུག་གཞས་ཚར་རེའི་ནང་དུ་ཡིག་ནོར་
བཅུ་གྲངས་ཡས་མས་སུ་དོན་བསྡད་པའི་གནས་ཚུལ་དེ་རེད།
དེའི་ནང་ནས་འཁྲུལ་ཚབ་ཆེ་ཤོས་ཤིག་ནི།
གུས་པ་རང་གིས་བྲིས་པའི་བོན་གྱི་གཙུག་རྒྱན་རྣམ་གསུམ་ཞེས་པའི་ནང་ནས་
སློབ་དཔོན་བསྟན་འཛིན་རྣམ་དག་ཅེས་པའི་མཚན་དེ་བསྟན་འཛིན་ཉི་མ་ཞེས་
ཡིག་བཏགས་བྱས་བཞག་པ་དེ་རེད།འོན་ཏེ་སྟབས་ལེགས་པ་ཞིག་ལ་གླུ་མ་མོ་རང་
གིས་གཞས་གཏོང་བའི་ཚེ་ན་བསྟན་འཛིན་རྣམ་དག་ཅེས་མཚན་ཡང་དག་པར་
བོས་པ་ལས་བསྟན་འཛིན་ཉི་མ་ཞེས་ནོར་འཁྲུལ་ཅན་གྱི་མཚན་ལོག་པར་བོས་
མི་འདུག དེ་བཞིན་དུ་ཡིག་ནོར་དུ་སོང་བ་དག་གི་དཔེ་མཚོན་ཙམ་ཞིག་དྲངས་པ་ཡིན་ན།
སྲོང་བཙན་ལ་སྲིང་བཙན་ཞེས་པ་དང་དམ་བཅའ་བརྟན་པོ་ཞེ་པ་ལ་བསྟན་པོ།
སྔོན་བསགས་ལ་སྔོ་བསགས།བརྗེད་དཀའ་བ་ལ་བརྗིད་དཀར་བའི།
སློབ་གྲྭ་ལ་སྦོབ་སྒྲྭ་ཞེས་སོགས་མང་ཤིན་ཏུ་མང་ངོ།།ཡིག་གེ་གཏགས་མཁན་
དེས་སྤྱིར་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོས་དང་ཤེས་རིག་ལ་མཐོང་ཆུང་བྱས་པས་
མ་ཚད་ཁོ་རང་ཚོའི་གནས་སྐབས་ཀྱི་ལས་དཀའི་འགན་ཡང་འཁུར་མི་འདུག་པས་
ཀུང་སི་དེའི་ལས་མི་ཡོངས་ཀྱི་ཀླད་པར་སྐྱོན་ནི་ཨེ་ཡོད། དེ་མིན་ན་རང་མཚོན་ངན་
པ་དེ་འདྲ་ཁྲོམ་ལ་སྟོན་ཨེ་ཡོང་། སླད་ཕྱིན་ལས་དཀའ་འདྲ་བྱེད་བསམ་ཡོད་
ཚེ་ཅུང་གཟབས་ཤེས་ན་མཛེས་པར་གདའོ།།
མཚམས་འདིར་སླེབ་དུས་ངས་ཡང་བསྐྱར་གསལ་བཤད་བྱེད་རྒྱུ་ཞིག་ཡོད་པ་ནི།
ཉེ་ཆར་གླུ་མ་མོ་རང་གིས་ཟེར་བ་ལྟར་ན་ད་ལྟའི་གླུ་གཞས་ཆེད་སྒྲིག་འོད་སྡེར་
དེ་ཉིད་ལས་སྐྱོན་མི་ཉུང་བ་ཞིག་ཐོན་འདུག་པས་སེམས་གཏིང་ནས་
རང་རིགས་ལ་ལྷག་བསམ་དཀར་བའི་སྤུན་ཟླ་རྣམས་ཁ་མིན་སེམས་གཏིང་ནས་
འགྱོད་བཤགས་བྱེད་རྒྱུ་ཡིན་ལ་ད་དུང་མུ་མཐུད་ནས་མོ་རང་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་
ཤིན་ཏུ་ནས་ཆེ་ལ་ཡང་བསྐྱར་བོད་རིགས་སྤུན་ཟླ་ལྷན་རྒྱས་ཀྱི་དྲུང་དུ་འབུལ་རྒྱུའི་
གླུ་གཞས་ཆེད་སྒྲིག་གསར་པ་ཞིག་གྲ་སྒྲིག་བྱེད་བསམ་པའི་འཆར་གཞི་ཡོད་པས།
ཁྱེད་རྣམ་པས་ཀྱང་ཕྱོགས་གང་སར་ནས་གླུ་ཚིག་དང་གདངས་དེ་བཞིན་འབྲེལ་ཡོད་དུ་
གྱུར་པའི་མ་ཤེས་བཀའ་སློབ་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཟེར་གྱི་འདུག
ངས་བལྟས་ན་སྐད་ཆ་དེ་ཤོད་སྟངས་ཡག་པོ་རེད། དེས་གང་ཞིག་འགྲེལ་བཤད་
བྱས་ཡོད་ཟེར་ན། ཕྱོགས་འདིར་ལྷག་བསམ་དཀར་བའི་མཁྱེན་ལྡན་པ་
ཡོངས་ནས་ནུས་པ་འདོན་རོགས་ཞུས་ནས་སྤྱི་ཚོགས་ཁྲོད་བག་ཆགས་ཡག་པོ་ཞིག་
འཇོག་ཐུབ་པའི་གླུ་སྒྲ་ཞིག་འབུལ་གྱི་ཡིན་ཟེར་བ་དེ་རེད།
ངས་གོང་ནས་ཤོད་སྟངས་དེ་ཡག་པོ་རེད་ཟེར་བའི་རྒྱུ་མཚན་གཞན་ཞིག་ཡོད་པ་ནི།
རིག་པའི་གནས་ལ་གོམ་པ་ཕུལ་དུ་བྱུང་བ་དག་གི་བློ་གྲོས་འཁྲུངས་པའི་བཀའ་སློབ་
དང་འབྲེལ་ཞིང་སྐད་ངག་གི་སྒྱུ་རྩལ་དང་ལུས་ཀྱི་སྟངས་སྟབས་སོགས་བཅོས་མ་མ་
ཡིན་པའི་བྱང་ཐང་གི་བུ་་མོའི་ཁྱད་ཆོས་ཐོན་པའི་གླུ་མ་ཉིད་ཀྱི་སྐད་ངག་ལས་
མི་རྣམས་ཤེས་རིག་གི་སྒོ་མོ་ཕྱེ་བ་ལ་ལེགས་སྐྱེས་ཤིག་འབུལ་ཐུབ་རྒྱུའི་རེ་བ་ཡོད་པ་
དེ་ཡིན།།
སྙིང་ཉེ་བའི་གསལ་བཤད་འདི་ཀློག་མཁན་རྣམ་པ་ལགས། ཁྱེད་ཚོས་འདིར་དཔྱད་བརྗོད་སྤེལ་སྐབས་
བསམ་བློ་རྒྱ་ཆེར་བཏང་ནས་དཔྱད་གཏམ་སྤེལ་རོགས། མི་གཞི་དམའ་འབེབ་དང་ང་ཁྱོད་ཞེས་ཕྱོགས་རིས་མེད་པའི་སྒོ་དཔྱད་གླེང་བྱས་ན་
དྲྭ་ཚིགས་འདིའི་ཚེ་སྲོག་དང་ཤེས་ལྡན་མི་སྣ་དག་གིས་མཐོང་ལམ་དག་ལ་བཟང་བར་སེམས། །