སྙིང་ཁོང་གི་རེ་བ། །
དེང་སང་གཡུང་དྲུང་བོན་ལུགས་ཀྱི་གྲུབ་མཐར་འོལ་ཚོད་ཀྱི་སྐད་ཆ་སྨྲ་བའི་རིགས་རྣམས་ལ་ཕུལ་བ། །
རྩོམ་པ་པོ། གདོང་བཙུན་རྒྱ་ཐར།
གང་བཟང་གང་སྙན་གྱི་ཁ་གཡང་མིན་པར། །
རླབས་ཆེན་ལས་དོན་ལ་མཛད་འཕྲིན་ཟབ་པའི། །
མི་བུ་གདོང་དམར་བས་བཀུར་འོས་རྣམ་པ། །
འདིར་བཤད་སྙིང་ཁོང་གི་རེ་བར་གསོན་དང་། །
ཁ་བཤད་ཁ་ཙམ་ལ་གསོན་ཤུགས་རྒྱས་ཀྱང་། །
ལག་ལེན་ལག་བསྟར་ལ་རེ་བ་ཆུང་བའི། །
ང་བོ་ང་རྒྱལ་གྱི་མགོ་འཕང་མཐོ་རྣམས། །
འདིར་བཤད་སྙིང་ཁོང་གི་རེ་བར་ཉོན་དང་། །
གྲུབ་མཐའ་གྲུབ་ཚུལ་ལ་རྒྱུས་ལོན་དབེན་ཀྱང་། །
ཆགས་ཞེན་ཆགས་སྡང་གི་སྐད་ཆ་མང་བ། །
ཆེ་མདོག་ཆེ་ཚུལ་གྱི་ཉམས་ཀྱིས་འགྱིང་རྣམས། །
འདིར་བཤད་སྙིང་ཁོང་གི་རེ་བར་ལྟོས་དང་། །
གྲུབ་མཐའ་གང་ཡིན་ལ་ཞུགས་ཀྱང་ཆོག་གི །
ཡིད་ཆེས་དག་སྣང་གིས་དབུལ་ཡང་ཅི་སྐྱོན། །
མཐར་ཐུག་བསྟན་བྱ་དེ་གཅིག་མཚུངས་ཡིན་ན། །
བསྟན་གཉིས་དགོངས་དོན་དེ་འདྲ་མཉམ་ཟེར་དགོས། །
དར་ས་འབྱུང་ཁུངས་ལ་རྒྱུས་ལོན་ཉུང་རུང་། །
ལྟ་སྒོམ་སྤྱོད་གསུམ་ལ་ཉམས་ལེན་མེད་རུང་། །
གྲུབ་མཐའ་གཙང་མ་དེ་གསེར་འདྲ་ཡིན་ན། །
གསེར་གྱི་རིན་ཐང་དེ་ང་ཚོས་ཤེས་དགོས། །
གཞན་ནས་གཡར་བ་ཡི་བུ་དོད་མིན་ལ། །
རིན་གྱིས་ཉོས་པ་ཡི་ནོམ་རྫས་ཀྱང་མིན། །
ནོར་བུའི་ནོར་ངོ་དེ་སུ་ཡིས་ཆོད་ན། །
ཕ་སའི་རིག་གནས་ཀྱི་བདག་པོ་ལོས་ཡིན། །
རིན་ཐང་ཆེ་ཚུལ་དེ་ཁོག་ན་ཡོད་རུང་། །
ཡ་མཚན་ཡིན་ཚུལ་དེ་སེམས་ནས་ཤེས་རུང་། །
རིས་སུ་འཛིན་སྲོལ་གྱི་བརྒྱུད་རིམ་བསམ་ནས། །
ཁོག་དཔུང་ལ་རྒྱ་ཡི་ཐ་ཚིག་བརྟན་ཨང་། །
ཁ་བཤད་དཀར་པོ་ལ་ཉི་མ་ཤར་རུང་། །
ལག་ལེན་དོན་འཇུག་ལ་མུན་པ་རུབ་པས། །
གྲུབ་མཐའི་མཐུན་སྒྲིལ་ལ་རེ་བ་ཉུང་བ། །
མི་སྣ་འགའ་རེ་ཡི་བསམ་བློ་ལན་འདུག །
མཐུན་སྒྲིལ་དགོས་ཚུལ་དེ་ཕྲེང་བ་འགྲང་བགྲང་། །
རིས་འཛིན་སྤང་དགོས་རབས་ཆུ་བོ་བཞུར་བཞུར། །
མངོན་ལྐོག་ལས་ཀ་ཡི་བརྒྱུད་རིམ་ཁྲོད་ན། །
ཝ་མོའི་གཡོ་སྒྱུ་དེའི་རྔ་མ་བསྣར་ཡོད། །
མཁས་པའི་མཁས་ཚུལ་ལ་ཚད་ཐིག་ཡོད་དགོས། །
ཕོ་ཚོད་འོལ་ཚོད་ཀྱིས་བསླད་ཞུགས་མི་རུང་། །
རྫུན་གྱི་ཁུག་མ་དེའི་རང་ཞབས་བརྡོལ་ན། །
ངོ་ཚའི་གཏམ་རྒྱུད་དེ་རྡོ་ལ་བཀོས་འདྲ། །
མཚན་སྙན་ཁྲི་འཕང་དེ་མཐོ་ལ་ཅི་ཕན། །
མང་འདུས་འཁོར་ཚོགས་ཀྱང་འཛོམས་ལ་མི་ལྟ། །
གཞན་ཕན་འདྲ་མཉམ་གྱི་བསམ་བློ་མེད་ན། །
ཆོས་ཀྱི་འཆད་ཁྲིད་དེ་དམག་བཀོད་འཐེན་འདྲ། །
གང་ལ་དགའ་བ་དེ་རྒྱུ་མཚན་བྱས་ནས། །
གང་འདྲན་གླེང་བ་ལ་ཡིད་རྟོན་མི་རུང་། །
གང་ཟག་འགའ་རེ་ཞིག་ཆགས་སྡང་དབང་གིས། །
གང་འདོད་བྲིས་པ་ཞིབ་འཇུག་གནང་དགོས། །
༢༠༡༠ལོའི༩པའི་༤ཉིན་རྔ་བ་རུ་བྲིས། །