ངེས་མེད་གང་སར་རྒྱུ་བའི་འཁྲུལ་གཏམ། །
ལོ་ན་གཞོན་དུས་ཕུགས་བསམ་སོང་བཟང་དེ། །
དྲོད་གཤེར་ལྡན་པའི་ཞིང་སར་བཏབ་པ་ན། །
རྗེས་སུ་འབྲས་བཟང་སྨིན་པ་སྨོས་ཅི་དགོས། །
རིག་གནས་ཀུན་ལ་བརྩོན་དང་སློབ་གྲོགས་ཚོ། །
གནས་ལྔའི་རྩི་བཅུད་རོལ་བའི་ན་གཞོན་རྣམས། །
གསེར་ལས་དཀོན་པའི་དུས་ཚོད་གཅེས་སུ་ཟུངས། །
གལ་ཏེ་གཡེངས་བའི་ལམ་དུ་ཕྱིན་པ་ན། །
རྒྱུ་ནོར་ག་ཚད་ཡོད་ཀྱང་ཉོ་ཐབས་བྲལ། །
ན་ཚོད་གཞོན་དུས་ཆང་རག་ཐ་མག་སོགས། །
གང་འདོད་མ་སྤྱོད་ནད་རིགས་འབྱུང་བའི་གཞི། །
དལ་བརྒྱད་འབྱོར་བཅུ་ལྡན་པའི་མི་ལུས་འདིར། །
གློ་བུར་རྐྱེན་གྱིས་འཇིགས་ན་ཇི་འདྲའི་ཕམ། །
གསེར་དངུལ་རྒྱུ་ཡིས་ག་ཚད་ཕྱུག་ན་ཡང་། །
ཡུན་རིང་མི་བརྟན་ཐམས་ཅད་གཞན་ལ་དབང་། །
ཡོན་ཏན་མཆོག་གིས་ཕྱུག་པའི་མི་དེ་ནི། །
ནོར་བུ་རང་གི་ཡིན་པ་སྨོས་མ་དགོས། །
དེང་དུས་རང་འདྲའི་སློབ་ཆེན་སློབ་མ་འགས། །
ཕ་མའི་མདུན་ནས་ཡོན་ཏན་སློབ་འགྲོ་བཤད། །
ཤེས་ཡོན་མི་སློབ་གཡེངས་བའི་ལས་ལ་ཟད། །
དོན་གྱི་དམིགས་ས་གང་ཡིན་སེམས་ལ་ངེས། །
རྒྱལ་ཁམས་ཀུན་ལ་ལྟད་མོ་བལྟ་བསམ་ན། །
དེ་དང་མཚུངས་པའི་ཤེས་རིག་ཡོན་ཏན་དགོས། །
སྐྱེས་བུ་གཞན་ལས་ཁྱད་འཕགས་བྱེད་བསམ་ན། །
དེ་ལས་ལྷག་པའི་བརྩོན་འགྲུས་ལྷོད་མེད་དགོས།
ས་ཞིང་ལས་ལ་བརྩོན་པའི་ཞིང་པ་དང་། །
ཕྱུགས་རིགས་དཀར་ནག་སྐྱོང་བའི་འབྲོག་པ་དང་། །
རིག་པའི་གནས་ལ་འབད་མཁན་སློབ་མ་བཅས། །
འབྲས་བཟང་འདོད་ན་དུས་ཚོད་གཅེས་འཛིན་དགོས། །
ཤེས་རིག་ཡོན་ཏན་ཅི་ཙམ་ཤེས་པ་ན། །
མི་དེར་རང་བཞིན་སྐད་གྲགས་ཆེ་རུ་འགྲོ། །
རྒྱུ་ནོར་གསེར་དངུལ་ག་ཚོད་མང་ན་ཡང་། །
ཐ་མ་གཞན་རྒྱུ་ཡིན་པ་ཆོས་ཉིད་ལགས།
གཏི་མུག་མུན་པའི་སྨག་རུམ་འཁྲིགས་པ་ན། །
ཤེས་རིག་འོད་ཀྱིས་གསལ་བར་བཏང་ན་ལེགས། །
ལོ་ན་གཞོན་དུས་རིག་པའི་གནས་ཀུན་ལ། །
བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས་ན་ལེགས། །
རྒྱུ་ནོར་མང་ཡང་རྩྭ་རྩེའི་ཟིལ་པ་འདྲ། །
ན་གཞོན་མཛེས་ཀྱང་དབྱར་ཁའི་མེ་ཏོག་འདྲ། །
དབང་ཆ་ཆེ་ཡང་བུང་བའི་སྦྲང་རྩི་འདྲ། །
ཐམས་ཅད་མི་རྟག་འཇིག་རྟེན་ཆོས་ཉིད་ལགས། །
མཐའ་མེད་རྒྱ་མཚོའི་ཆེན་པོའི་སྐུ་དྲུང་དུ། །
རང་ཉིད་ཆུ་ཕྲན་ཀུ་ཅོ་ངོ་རེ་ཚ ། །
ངེས་མེད་གང་སར་རྒྱུ་བའི་འཁྲུལ་གཏམ་འདི། །
ཡིན་མིན་དཔྱོད་མཁན་རྣམས་ཀྱིས་དཔྱོད་པར་འཚལ།