ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མི་ཚེའི་བྱུང་རབས་རྣལ་མ། ༼ཁག་བདུན་པ།༽
[ 2013/1/14 10:24:00 | By: ཁྱུང་གསེར་ཞུན། ]
 

དེ་ནས་རིམ་པས་གོམ་ཁ་ཀོང་པོའི་ཕྱོགས་སུ་བཏེགས།  ཐོག་མར་ལོ་རྒྱུས་ཀྱི་རྟགས་ཐམ་གསལ་བའི་སྔོན་མར་སེ་མོ་བོན་ཐང་དང་དེང་ཡང་མཁར་སེ་མོ་ཞེས་འབོད་པའི་གནས་ཀྱི་སྐོར་ལམ་དུ་ཡོད་པའི་གྲོང་དེར་མི་ཁྱིམ་ཞིག་ལ་གནས་ཚང་གཡར་ནས་བསྡད།  ཕྱི་ཉིན་སྔ་མོ་བྱ་ཀི་དང་པོའི་ཐོག་དེར་རྒྱབ་ཏུ་ཉིན་གཉིས་ལ་འདང་བའི་བཟའ་ཆས་བླུགས་པའི་སྒྱེའུ་ཆུང་ཞིག་ཁུར།  ལག་གཡས་སུ་ལྕང་དཀར་གྱི་བེར་ག་ཞིག་ཐོགས།  གཡོན་དུ་ཁྱེར་སྟབས་བདེ་བའི་ཕྲེང་བ་ཞིག་བཟུང་།  ཁ་ནས་སྙིང་པོ་འུར་འུར་དང་ཡིད་ནས་གསོལ་སྨོན་དུང་དུང་རེ་བཏབ་ཏེ་དངོས་སུ་སྐོར་བ་བསྐྱོད་འགོ་ཚུགས།  ལམ་བར་རྣམས་སུ་ཆུ་མིག་རེ་ལ་ཁྲུས་གསོལ་རེ་ཞུས་ཤིང་། བཀའ་རྟགས་རེ་ལ་ཐོད་གཏུགས་རེ་བྱས།  རང་བྱོན་རེ་ལ་ལྷ་ཕྱག་རེ་འཚལ།  སྐུ་ཚད་རེ་ལ་སྐོར་བ་རེ་རྒྱབ།  རི་སྣ་རེ་ལ་རྡོ་མཆོད་རེ་ཕུལ།  ས་ཁུག་རེ་ལ་ངལ་གསོ་རེ་རྒྱབ།  གནས་ཤིང་རེ་ལ་བྱིན་རླབས་རེ་ཞུས།    ཕར་འགྲོ་རེ་ལ་ལམ་སྣ་རེ་བཅོལ།  ཚུར་ཡོང་རེ་ལ་དྲི་བ་རེ་བྱེད་བཞིན་དེམས་ཇ་སྤང་སྣ་ཞེས་པའི་ས་རུ་བསྐོལ།  དེར་ཨར་སྐྱོ་ཚང་མས་ཞོགས་ཟས་བཟའ་བའི་ས་ཚུགས་ཡིན་སྟབས་བརྒྱ་ཕར་འགྲོ་བྱེའུ་ཁྱུ་འཕུར་འཕུར་དང་།  སྟོང་ཚུར་ཡོང་ཁ་བ་འབབ་འབབ་ཀྱི་མི་ཚོགས་ནི་ངོ་མ་འདུ་ལོང་ཆེ་བའི་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་ཤིག་དང་ཀུན་ནས་མཚུངས།  དེ་ནས་རིམ་པས་སོང་སྟེ་དྲོ་ཇ་གཙང་པོ་ཡར་འཁྱིལ་དང་།  ཞག་སྡོད་བོན་རིའི་ལ་རྩ་བེ་ལོ་གོར་གོར་ཞེས་པའི་ཤིང་གསེང་དུ་བྱས།  དེར་གདན་དང་ཐོག་གོས་ཅི་ཡང་མེད་པར་བྱང་ཐང་གི་རི་དྭགས་ལྟར་ཉལ་ཡང་འོག་ནས་གཟེར་བ་དང་སྟེང་ནས་འཁྱགས་པ་སོགས་ལུས་ལ་མི་བདེ་བའི་ཚོར་འདུ་གང་ཡང་མ་བྱུང་བ་ནི་གནས་ཀྱི་བྱིན་རླབས་འདི་འདྲ་ལོས་ཡིན་སྙམ་པ་བྱུང་།  ཕྱི་ཉིན་སྔ་མོར་ལ་བརྒལ་ཏེ་གནས་མོ་ལ་རྩར་ཚ་ཕོགས་དང་འབྲེལ་ཕྱི་དྲོར་གནས་ཚང་དུ་བདེ་བར་འབྱོར།  དེ་ལྟར་སོང་བའི་མཐོང་ལམ་དུ་སྤྱིར་ཡུལ་འདིའི་བཀོད་པ་ཤིན་ཏུ་མཛེས་ཤིང་གནམ་གཤིས་ཚ་གྲང་སྙོམ་པ།  ཕྱོགས་ཀུན་ནགས་ཀླུང་གིས་ཁོར་ཡུག་བསྐོར་བའི་དབུས་སུ་ཐུགས་སྤྲུལ་བོན་རི་ཆེན་པོ་དེ་ཉིད་བརྗིད་པའི་ཉམས་དང་བཅས་ཏེ་འགྱིང་ངེར་གནས་པ།  སྐོར་ལམ་གྱི་གཡས་གཡོན་གང་སར་སངས་རྒྱས་དངོས་ཀྱི་བཀའ་རྟགས་དང་ཞབས་རྗེས་སམ།  རང་བྱུང་ལྷ་ཡི་སྐུ་བརྙན་དང་ཡིག་འབྲུ།  རིག་འཛིན་གོང་མའི་སྒྲུབ་གནས་དང་ཁྲུས་ཆུ་སོགས་མཇལ་བ་ཙམ་གྱིས་དད་པའི་བ་སྤུ་དབང་མེད་དུ་གཡོ་ནུས་པ།  དེ་བཞིན་དེ་སྔོན་མཐོང་མ་མྱོང་བའི་ཤིང་རིགས་ཏེ་སྨྱུག་དང་།  སྒྲོན་མེ་ཤིང་།  བེ་དོ།  སྦ་ཚ།  ཀོ་རློན་ཤིང་།  འོ་སེ།  ཀུ་ཤུ།  སྟར་ག  ཁམ་བུ།  སྟག་སོ་གཟིག་སོ།  སྐུ་ཤུག་ལྡེམ་དྲུག་སོགས་མཇལ་བ་ཙམ་གྱིས་ངོ་མ་ཀོང་པོ་གཡུ་ཡི་ལུང་པ་ཞེས་སུ་གྲགས་པ་ལྟར་སངས་རྒྱས་ཀྱི་ཞིང་ཁམས་འདི་འདྲ་མིན་ན་ཅི་ཡིན་སྙམ་པའི་དད་མོས་ལྷག་ཏུ་འཕེལ།   ཡང་གྲོང་དང་གྲོང་བར་རྣམས་སུ་བསྐྱོད་སྐབས་དེ་སྔོན་རང་ལ་གོམས་འདྲིས་ཡེ་ནས་མེད་པའི་རྣམ་པ་འགའ་ཞིག་སྟེ།  མི་སྡུག་ཕག་ནག་འཁྲོས་པའི་འཁུན་སྒྲ་གང་སར་ཁྱབ་འདུག་ལ།  ལྟས་ངན་ཟངས་ཟེ་ཅན་གྱི་ངུ་སྐད་ནི་ཉིན་མཚན་བར་མེད་དུ་སྒྲོགས།  མི་གོ་ཀོང་སྐད་ཀྱར་ཀྱུར་རྣ་བར་རྒྱུན་དུ་འཛེར་ཞིང་།  མི་མཛེས་ཨ་དར་ལུས་ཀྱི་གཡང་གཞི་ནི་ཛ་ཛོར་དུ་གཡུགས།  མི་གཙང་ཀོང་མོའི་སྤྲེལ་སླག་གོས་མིན་སྟན་མིན་དེ་འདྲ་མིག་དང་རྣ་བའི་ལམ་ཁར་རྒྱུ་ཚེ་ཉང་དྭགས་ཀོང་གསུམ་བདུད་ཀྱི་རིགས་ཟེར་བ་འདི་འདྲ་ལས་ཅི་ཡོད་སྙམ་པའི་ཚོར་འདུ་སྐྱོ་ལྷང་ལྷང་བ་ཞིག་ཀྱང་སྐྱེས།   དེ་སྐབས་གློ་བུར་དྲག་རྒྱུག་བྱས་པའི་དབང་གིས་རྐང་པར་ཟུག་གཟེར་ཤིན་ཏུ་ཆེ་ཤིང་ཐ་ན་ལངས་དུས་ལག་རྟེན་ལ་རེ་དགོས་པ་བྱུང་ཡང་རང་གི་སྡིག་སྒྲིབ་སྦྱང་ཕྱིར་ཡིན་སྙམ་པ་ལས་སྐྱོ་སྣང་ཙམ་ཡང་མ་བྱུང་།  དེ་འདྲའི་ངང་ནས་བོན་རི་དངོས་ལ་སྐོར་བ་བཅུ་གསུམ་དང་སྐུ་ཚད་སྐུ་ཤུག་ལྡེམ་དྲུག་ལ་སྐོར་བ་བརྒྱ་ཕྲག་འགའ་ཞིག་ཕུལ་བས་རྗེས་སུ་རྐང་པའི་ན་ཚའང་རིམ་པས་དྭངས་སངས་སུ་གྱུར།   ཀོང་པོར་འགྲོ་སྐབས་མ་མཁའ་འགྲོའི་ཚོགས་ཤ་ཞེས་དེ་གའི་ཕག་ཤ་ཞིག་ཡིན་གཅིག་ཟ་དགོས་ཟེར་སྲོལ་འདུག་ལ།  རང་ནས་དེ་སྔོན་ཕག་ཤ་ཟ་མྱོང་མེད་ཁར་ཕག་གི་བྱད་དབྱིབས་ངན་པ་དང་ཁ་ཡིས་མི་གཙང་ཟ་བ་སོགས་མཐོང་བའི་རྐྱེན་གྱིས་ཤིན་ཏུ་སྐྱུག་བྲོ་ཡང་ཨུ་ཚུགས་ཁོ་ནས་དེའི་ཤ་ཞིག་ཁ་རུ་འགྲོ་ཐབས་བྱས་པ་ཡིན། ཚུར་ལོག་ཁར་འདི་ལོར་རྩ་བླ་མཆོག་ཀྱང་དབུས་ཕུག་གསང་བ་ཡང་རྫོང་དུ་བཅད་རྒྱར་བཞུགས་འདུག་པས་མཇལ་བཅར་ཞུས་ཏེ་ཚུར་ལམ་གྱི་གྲོན་དངུལ་ཡང་བསྩལ་གནང་བྱུང་ངོ་།།

༧ཕྱོགས་མཚམས་རིས་བརྒྱན་དྭངས་གཙང་ཆུ་བོ་མང་།།

འབྱུང་བཞི་ཁོད་སྙོམས་སྔོ་ལྗང་ནགས་ཀླུང་རྒྱས།།

ཡངས་པའི་ས་གཤིན་འབྲུ་རིགས་ཕུན་སུམ་ཚོགས།།

ངོ་མཚར་ཀོང་ཡུལ་ལྷ་ཡི་ཞིང་ཁམས་འདྲ།།

 

༧ ལྗོངས་འདིར་སྔ་ཕྱིར་རྒྱལ་བསྟན་ཆེས་དར་བས།།

བྱིན་ལྡན་གནས་རི་སྒྲུབ་ཕུག་མཐའ་ཡས་ཀྱང་།།

འཛམ་གླིང་གནས་བརྒྱའི་གཙོ་བོ་བོན་རི་ཞེས།།

གྲགས་པ་དངོས་སུ་མཇལ་ཚེ་དོན་ལའང་གནས།།

 ཞེས་ཀྱང་གནས་ཀྱི་ངོ་མཚར་བསྟོད་པའི་ཚིགས་སུ་བཅད་པའོ།།

 

༼༡༩༩༡༽ལྕགས་ལུག་ལོར་རང་ལོ་ཉི་ཤུར་ཟིན།  དབྱར་སྟོད་མཆེད་གྲོགས་གྱུ་བ་གྲྭ་རྒན་ཚུལ་རྣམ་སྐུ་གཤེགས།  བླ་མ་མཆོག་ནས་དེའི་བདེར་འདུས་བསྙེན་མཚམས་ཀྱི་འཕྲོ་ལུས་ཡོད་པ་ཁོ་བོར་བསྒྲུབ་དགོས་པའི་བཀའ་ཕེབས་པ་ལྟར་དེ་བཞིན་བརྡ་ཕུའི་རི་ཁྲོད་དུ་བསྙེན་མཚམས་འདུག་པའི་ཁུར་བླངས།  ཐུན་མཚམས་སུ་མཆེད་གྲོགས་རྒན་ཚུལ་ཁྲིམས་རྣམ་དག་དྲུང་ནས་ཀུན་རིག་ལས་བཞི་སྤྱི་དྲིལ་དང་།  ཀློང་རྒྱས།  གདུང་སྲེག   སྣང་ཞི།  ཞི་ཁྲོ་དགོངས་འདུས་བཅས་ཀྱི་དཀྱིལ་འཁོར་དང་།  པུར་སྦྱང་སྐབས་དགོས་པའི་མེ་ཞུ་དང་ལུས་ཡིག་སོགས་ཀྱི་འབྲི་ཚུལ་ཡང་བསླབས།  དབྱར་གཞུང་ཨ་གཡུང་རིན་པོ་ཆེ་རང་དགོན་དུ་ཆིབས་བསྒྱུར་གནང་འདུག་པས་དེའི་དྲུང་ནས་དབལ་གསས་ཞི་དྲག་གཉིས་ཀྱི་དབང་སྟ་བོན་དང་བཅས་པ་ཐོབ།  

 ༧སྨན་སློབ་སྐལ་བཟང་ཉི་མ། ཨ་གཡུང་གཤེན་བསྟན་མཐའ་རྒྱས། ལུང་རིགས་རིན་པོ་ཆེ་གསུམ་

                            རང་དགོན་དུ་གདན་འཛོམས་བྱུང་བ།

ཆུ་སྤྲེལ་ལོའི་སྟོན་ཁར་གཅེན་པོ་གེ་ཁོད་སྐྱབས་དང་དཔལ་བཟང་སོགས་ཀྱི་རྒྱབ་སྐྱོར་འོག་རི་ཁྲོད་དེར་མཚམས་ཁང་ཆུང་ངུ་ཞིག་གྲུབ་པས་དེར་བསྡད།  ཞོར་དུ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྒྲུབ་སྐོར་གསེར་དབུ་ཡོད་པ་ཞིག་ཀྱང་བྲིས། 

  རང་གིས་སུག་བྲིས་ཞུས་པའི་རྒྱལ་བའི་གསུང་རབ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྒྲུབ་སྐོར།

དེའི་མ་དཔེ་ཞུ་ལུགས་ཀྱི་ཀློང་རྒྱས་ཏེ།  སྔོན་ཁུལ་འདིའི་བྲིས་པ་གྲགས་ཅན་གླ་བ་དོན་འགྲུབ་ཀྱིས་བྲིས་གནང་བའི་དཔེ་རྙིང་ཞིག་བཞུགས་འདུག་པ་དེ་བྱས།  དེའི་འབྲུ་གཟུགས་ནི་སྒོ་ཐང་ངམ་སྒོ་ཧྲང་དུ་གྲགས་པ་ཡིག་གཟུགས་མཉེན་ལྕུག་དེ་ཙམ་མི་ཆེ་བ།  འབྲུ་ཤ་རྒྱགས་ཤིང་མགོ་ལུས་སྙོམས་པ།  སྤྱི་ཡོངས་སུ་བབ་ཆགས་པའི་རྣམ་པ་ཡོད་པ་སོགས་མདོར་ན་གནའ་བོའི་ཡིག་གཟུགས་ཁུངས་མ་ཞིག་སྟེ་འདི་ལ་སྒོ་ཆེན་དང་སྒོ་ཆུང་གཉིས་སུ་དབྱེ་བ་ལས་སྒོ་ཆེན་དེ་ཡིན་པ་འདྲ།    གོ་ཐོས་སུ་སྒོ་ཐང་ནི་རུས་སམ་དུད་མིང་ཞིག་ཡིན་པར་གྲགས་ལ་གང་ལྟར་ཡིག་གཟུགས་འདི་ཁུལ་འདིར་དར་ཁྱབ་ཆེ་བ་ཞིག་ཡིན་པར་འདུག་ཀྱང་ད་སྐབས་འབྲི་ཤེས་མཁན་ཉུང་བར་མཐོང་།  ཁོ་བོ་ཡང་དེ་སྐབས་ཡིག་གཟུགས་དེ་རྩ་བའི་ཆ་ནས་འབྲི་ཤེས་པ་ཡོད་ཀྱང་རྗེས་སུ་རྣམ་གཡེང་བྱ་མང་དབང་གིས་ད་སྐབས་སེམས་ཀྱིས་བརྗེད་ལ་ལག་གིས་ཀྱང་མི་ཐོན་པའི་ཚོད་དུ་གྱུར་ཏོ། །འདིའི་ཡས་མས་སུ་མཚམས་འདུག་ཅེས་པའང་ཕུད་དང་གཏོར་ཚོགས་མཆོད་པ།  ཆོ་གའི་ཕྲིན་ལས་གཏོང་རིམ།  རྔ་སྦུབ་རྡུང་སྟངས།  སྙིང་པོའི་གྲངས་ཚད་ཐོ་འགོད་ཙམ་བྱེད་པ་ལས་རྩ་བའི་བསྟན་པ་སྤྱི་ཡི་བབ་དང་།  རིག་གནས་སོ་སོའི་གོ་བ།  མདོ་སྔགས་སེམས་གསུམ་གྱི་དགོངས་དོན་སོགས་ལ་ངེས་པ་རྙེད་པའི་གདེང་ཚད་མེད་པ་བཅས་ལ་བརྟེན་ད་ནི་ཅིས་ཀྱང་ཐོས་བསམ་ཡང་དག་པ་ཞིག་བྱེད་ནས་འདི་དག་ཚུལ་བཞིན་ཤེས་པ་ཞིག་དགོས་འདུག་སྙམ་པ་ཡང་ཡང་སེམས་ཀྱང་གནས་སྐབས་དེ་ལྟ་བུའི་མཐུན་རྐྱེན་ནི་མ་འགྲིག་གོ།  

༧ ཡིད་འཕྲོག་བརྗོད་དོན་ཟབ་པའི་སྡེབ་སྦྱོར་རམ།།

བརྡ་དག་རིན་ཆེན་སྲོག་དང་མ་འབྲེལ་ཡང་།།

ཡིག་གཟུགས་ཁོ་ནར་སྲེད་པའི་ངན་གོམས་འདི།།

ང་དང་ང་འདྲའི་བྲིས་པ་ཕལ་གྱི་གཤིས།།

 

༧ མདོ་སྔགས་གཞུང་ཆེན་སྤྱི་ཡི་གོ་བ་དང་།།

ཁྱད་པར་ཏིང་འཛིན་གསུམ་དང་རིམ་གཉིས་སོགས།།

གསང་ཆེན་ཡིན་ལུགས་ཕྱོགས་ཙམ་མི་ཤེས་བཞིན།།

སྒྲུབ་ལ་བྲེལ་འདིའང་ངང་ཚུལ་དེ་དང་འདྲ།།

 ཞེས་ཀྱང་མྱོང་ཚོར་ཚིགས་སུ་བཅད་པའི་ལམ་ནས་ཐལ་ལོ།།

 

༼༡༩༩༣༽ཆུ་བྱ་ལོར་རང་ལོ་ཉེར་གཉིས་ལ་སླེབས།  དཔྱིད་ཀར་ལུང་དཀར་དགོན་དུ་གནས་སྐབས་མཚན་ཉིད་སློབ་ཁྲིད་མཚམས་བཞག་པར་བརྟེན་གྲོགས་མཆེད་ཤེས་རབ་ཐབས་མཁས་མཆོག་རང་ཡུལ་དུ་ཕྱིར་ཕེབས། ཁོང་སླར་ཡང་རྒྱ་བལ་ཡུལ་དུ་མཚན་ཉིད་སྦྱང་བར་འགྲོ་འཆར་ཡོད་པས་རང་ཡང་མཉམ་དུ་སོང་ན་ཆོག་གསུངས།  ངོས་ནས་ཀྱང་དེ་ལྟར་འགྲོ་མོས་ཤིན་ཏུ་ཆེ་བ་བྱུང་སྟེ་འགྲོ་ཁར་རྩ་བའི་བླ་མ་མཆོག་ལན་གཅིག་མཇལ་བའི་དགོས་གནད་ཆེ་སྟབས་དཔྱིད་ཀར་ལུང་རིགས་རིན་པོ་ཆེ་སྡེ་དགེ་ཞལ་བཞེས་དགོན་དུ་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལྗགས་ལུང་གསུང་བར་ཕེབས་འདུག་པ་དེར་ཆེད་དུ་མཇལ་བཅར་ཞུས་ཏེ་གལ་ཆེའི་སློབ་གཉེར་བྱེད་ཕྱོགས་སྐོར་གྱི་བཀའ་སློབ་རྣམས་ཞིབ་པར་ཉན།  འོན་ཀྱང་རྗེས་སོར་ཕྱི་ནང་གི་བཀག་རྒྱ་འདྲ་མིན་ལ་བརྟེན་ནས་ཁོ་བོ་དེ་བཞིན་འགྲོ་རྒྱུ་མ་བྱུང་བ་ནི་མི་ཚེ་གཅིག་གི་བློ་འགྱོད་ཆེ་ཤོས་ཤིག་དང་བྱ་བ་གལ་ཆེན་ཞིག་འཕྱུག་པར་སེམས་ལ་ཡང་ཡང་འཁོར་བ་ལས་གཞན་པའི་ཐབས་ནི་མ་རྙེད་པར་ལུས་སོ།།

 

༧ སྔོན་ལས་ཡ་ཐོད་རི་མོ་དབེན་པ་འམ།།

གློ་བུར་ཡེ་འདྲོག་ངན་པ་ཡིན་ཀྱང་སྲིད།།

རྩ་ཆེའི་རེ་འབྲས་གཏོར་བའི་ཕམ་ཁ་འདི།།

འཇིག་རྟེན་གསེར་ཕྱེས་བཀང་ཡང་ཇི་ལྟར་སོབ།།

ཅེས་ཀྱང་སྐབས་ཀྱི་བསྡུས་དོན་ཚིགས་སུ་བཅད་པའོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.