ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྒང་རུའི་ལོ་རྒྱུས།
[ 2012/2/24 20:52:00 | By: ཁྱུང་གསེར་ཞུན། ]
 

༄༅།། སྒང་རུ་ས་སྡེ་དཔོན་གསུམ་གྱི་ལོ་རྒྱུས་མདོར་བསྡུས།།

༡༽ཐོག་མར་མདོ་ཁམས་ཚ་བ་སྒང་གི་གླིང་བཟའ་ཁྲི་ལྕམ་བྱ་བ་མཁའ་འགྲོའི་མཚན་རྟགས་ཅན་ཞིག་ཡོད།  དེའི་སྐབས་མི་མངོན་པའི་དབྱིངས་ནས་ལྷ་ཆེན་སྣང་བ་འོད་ལྡན་ཐུགས་ལས་ཨ་དཀར་པོ་འོད་དང་ལྡན་པ་ཟེར་སྣ་ཚོགས་འཕྲོ་བ་འགྲོ་བའི་དོན་ལ་སྤྲོས་པ་ཞིག་གླིང་བཟའི་སྤྱི་བོར་ཐིམ་པས་ཇོ་བོ་གཟེ་རྒྱས་རི་དམར་མི་དཀར་རྟ་དཀར་གཡུ་རལ་ཅན་ཐབས་ཤེས་རོལ་བར་རྨིས་ཏེ་ལྷུམས་སུ་ཞུགས།  ཕྱི་ལོ་ཤིང་ཕོ་བྱི་ལོར་༼འདི་འབྱུང་ལྡན་ནམ་རབ་བྱུང་གང་གི་ནང་ཚན་ཡིན་བརྟག  སྒྲིག་པ་པོའི་མཆན།༽མཚན་ལྡན་གྱི་སྲས་ཤིག་འཁྲུངས་པ་ལ།  ཞང་པོ་གླིང་ཆུང་ཨ་བཀྲས་ཚ་བོ་རྒྱ་སྟག་དམར་པོར་མཚན་གསོལ།  རིག་པ་ཨ་ལས་གྲོལ་བ་གདོང་རིགས་ཟེར་ཞེས་ཐུགས་དམ་གཡུང་དྲུང་བོན་ལ་མཛད།  ཁྲོ་བོ་མཁའ་འགྱིང་ཡི་དམ་བྱས།  ངོ་སོ་དམ་པའི་ཆོས་ལ་དཀར།  གཏང་མ་སྡང་བའི་དགྲ་ལས་བླངས་སོ།  དམག་སྣ་དང་པོ་དགེ་རྒྱས་ལ་དྲངས་ཏེ་དམག་དཔོན་བེ་རུ་གྲུབ་པ་བསད།  རལ་གྲི་ཐོག་མགོ་མེ་རལ་བླངས།  ཁྲབ་ཀྱི་སྦྲུལ་ནག་ཤུད་བུ་ཕུད།  དམག་དཔོན་ཤལ་པའི་དྲག་བཟང་བསད།  དཀོར་ནོར་མང་པོ་གནང་དུ་བླངས།  དམག་སྣ་གཉིས་པ་ཕྱོགས་ཀྱི་དགྲ་བོ་ཡོངས་ལ་བསྒྱུར།  ཁ་ལ་ནོར་བུ་ཉ་ཁྲི་བུ་དམར་གསུམ་བསད།  རལ་གྲི་རྒྱལ་མགོ་མ་བཅུ་གསུམ་གནང་དུ་བླངས།  འཁོར་རྩ་ཁྲི་འབུམ་སྲས་མོ་སྒང་མཚོ་ཁབ་ཏུ་བླངས་ནས་སྲས་ཁྲོ་རྒྱལ་སྐྱབས་དང་ཞི་ཁྲོ་འབུམ་གཉིས་འཁྲུངས།  ལྷོ་ཚ་བ་སྒང་དང་།  བུ་འབོར་སྒང་།  རྨ་རྫ་རག་ཏག་སྒང་།  ལྷོ་འབྲས་སྨུག་གཤང་སྒང་།  གཟེ་ཆུ་བགོས་སྒང་དང་ལྔ་ལ་ཡུལ་བཟུང་།  སྒང་དེ་ལྔ་འགྲིམ་པས་སྒང་རུ་གྲགས།  དེ་མཚམས་མ་ཡུམ་གླིང་བཟའ་ཁྲི་ལྕམ་འདས།  ངས་ཀྱི་བྲག་ཐོག་ཆུ་འབབ་ཏུ་དུར་བཏབ།  ཁྲོ་རྒྱལ་སྐྱབས་ཀྱིས་ཤུག་པ་དཀར་པོ་ཡར་འཕངས།  དེ་ལས་ལྷ་ཤུག་དཀར་པོ་སྐྱེས།  ཞི་ཁྲོ་འབུམ་གྱིས་སུ་རུ་ནག་པོ་མར་འཕངས།  དེ་ལས་ར་ཤུག་ནག་པོ་སྐྱེས།  སྒང་དཀར་ནག་གཉིས་ཀྱི་བླ་ཤུག་རེད།  སྒང་དཀར་ནག་ཐོགས་པ་དེ་དོན་རེད།  སྒང་ཁྲོ་རྒྱལ་གྱི་སྲས་ཆེ་བ་ཨ་སེར།   དེ་འོག་ཨ་ཞི།  དེ་འོག་བོན་འགྱུས།  ཐ་ཆུང་ཁྲི་རྩེ་དང་བཞི་འཁྲུངས།  དེ་ལ་བོད་རྒྱལ་གྱིས་ཨ་སེར་བློ་གྲོས་དཔོན་དུ་བསྐོས།  བོན་འགྱུས་ཚེ་དབང་འབུམ་བློན་དུ་བསྐོས།  ཨ་སེར་ཐོགས་དོན་བྱང་༼བྱོན་པ་ཨེ་ཡིན་སྙམ།  སྒྲིག་པ་པོའི་མཆན།༽པ་ལ་ཨ་སེར་པོ་ཡོད།  བོན་འགྱུས་ཐོགས་དོན་བོན་མདོ་གསེར་མ་གསེར་ས་ལེ་སྦྲམ་གྱིས་བྲིས་མ་སྦྲ་ཆེན་ཚང་ལ་ཡོད་ཟེར།  སྒང་ཚང་རྟེན་སྐལ་དུང་དཀར་མོ་རྒྱང་གྲགས་ཟེར་བ་དུང་དཀར་ཞིག་ཡོད་པ་ཕྱིས་སྨན་རིར་ཡོད་ཟེར།  དེ་ལ་ཁྱད་འཕགས་ཐུགས་རྗེ་བྱམས་མའི་ས་བོན་ཡི་གེ་བ༵་ཞིག་ཡོད་པར་བླ་མས་གསུངས།  གཞན་མི་སེར་འབངས་སྡེ།  ཆེ་རྒྱུད་རི་སྐྱབས།  འབིས་དཀར་བླ་མ་སྐྱབས།  ཨ་ཞི་ཐོག་ལྷ།  ཁྲི་རྩེ་དར་ལུ།  ཁྲོམ་པོ་སྟག་རྒྱལ།  རྐང་ཚེ་ཆོས་ལུ་བཅས་ཡོད་པ་ལས་གཟེ་ཆུ་བགོས་ཀྱི་དུད་བདུན་ཟེར།  སྒང་ཚང་གི་རྒྱལ་རབས་མང་ཙམ་སོང་རྗེས་ཧོར་སྐུན་ལ་རྒྱལ་གྱི་སྲས་མོ་ཆུས་སྐྱིད་ཁབ་ཏུ་བཞེས།  སྲས་ཤིག་འཁྲུངས་པ་སྒང་སྲིད་རྒྱལ་སྐྱབས་ཞེས་ཁྱུང་པོ་འབུམ་རྗེས་གྲགས་པའི་དུས་མཉམ་ཡིན།  རྒྱལ་པོ་དེ་ཡི་སྐུ་རིང་ལ་ཡུས་ཀྱི་ས་བཟུང་།  མདོ་ཁམས་གསེར་རུའི་ལུང་པ་ལ།  ཡར་བརྡུང་མཁར་གྱི་བད་ཀ་བརྡུང་།  ཉིན་ལ་བཀྲ་ཤིས་མཐོང་སྔོན།  དམར་པོ་ལྷོག་འཐབ།  སྲིབ་ལ་སྔོན་མོ་འབྲུ་རྫོང་བརྡུང་།  བོན་འགྱུས་ཀྱིས་ཁྲ་བོ་རླུང་རྫོང་།  ཆེ་རྒྱུད་ཀྱིས་གོང་སྔོན་ཐོག་རྫོང་།  འབིས་ཀྱིས་སྨྱུ་གུ་འགུ་ཁྲིས།  ཨ་ཞིས་མཐིང་མཁར་སྔོན་པོ།  ཡུག་མས་སྐྱ་རེངས་ཐང་ཤར།  ཁྲོམ་པོས་ཚ་ལུང་གེ་མཁར།  རྐྱང་ཚེས་ཚ་ལུང་ཐོག་རྫོང་ཆུ་མཁར་བརྡུང་།  མར་རྨང་ཞིང་ལ་མུ་རྡོ་བཞག   སྤྲིན་དམར་སྣ་ཡི་མན་ཆད་དང་།  གསེར་རུ་མདོ་ཡི་ཡན།  བྱང་འབྲོག་ས་བཟུང་བ་ལ།   བོན་གྱི་ཁྲ་བོ་སྟག་རྩེ་ཞེས།  །རི་དབྱིབས་གླང་ཆེན་འགྱིང་འདྲ་ཡོད།  །རི་རྩེ་རྨོག་ཕུར་ཕུབ་འདྲ་ཡོད།  །རི་མཐའ་པདྨ་གྱེས་འདྲ་ཡོད།  །བྱང་དགྲ་བཞིའི་ཁ་འོག་མི་ཚུད་པའི།  །གཡས་རི་རྒྱ་སྟག་འགྱིང་འདྲ་ཡོད།  །གཡོན་རི་སེང་གེ་རྔམ་འདྲ་ཡོད།  །མདུན་རི་དོམ་དྲེད་འགྱིང་འདྲ་ཡོད།  །རྒྱབ་རི་འཕར་སྤྱང་འཇབ་འདྲ་ཡོད།  །གོང་བཤད་ལྟར་སྒང་སྲིད་རྒྱལ་སྐྱབས་དང་ཤེལ་ཞིག་སྐལ་གྲགས།  ཁྱུང་རྒྱུད་བླ་མ་རྣམས་ཀྱི་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གནས་བདག་ཁྲོ་བོའི་བསྭོ་སྒྲ་སྒྲོག་པ་མ་ཟད་ཀ་ག་སེར་མོར་འཕྲུལ་ཡིག་བཞི་བཅུ་རང་བྱོན་ཡོད་གསུངས།  སྒང་སྲིད་རྒྱལ་སྐྱབས་ཀྱིས་འབྲོག་ས་བཟུང་།  བོན་འགྱུས་ཀྱིས་ཆོས་ལུང་།  ཆེ་རྒྱུད་ཀྱིས་གསེར་གཞོང་།  ཨ་ཞིས་རི་ཚི།  འབིས་བུ་སྐྱིད་ཀྱིས་ཤེལ་མདུང་།  ཨ་ཤག་གིས་འཛེར་པ།  ཁྲོམ་པོས་ར་གསང་སྔོ་ཕུག  རྐྱང་ཚེས་གཤའ་སེར།  ཨ་འཚོས་དུང་གཞོང་།  གསང་ཕུའི་མཚོ་ལ་མན་ཆད།  རྡོ་སྐས་ཉག་ལོ་ཡན་ཆད།  ག་སྒམ་ཡག་གསུམ་ཚུན་ཆད་དང་།  དཀྱིལ་རུ་རྒྱལ་མོ་རི་ཕྱུག་༼རྒྱལ་མོ་རི་ཕྱུག་ཞེས་པ་རི་ཆུའི་བར་ལ་ཡོད།༽ནང་ཚུད་བདག་གིར་བཟུང་།  གསང་ལྕམ་ལྷ་སྨན་དཀར་མོ་དང་།  རི་ཚི།  དུང་སེང་གཡུ་རྩེ།  ཁྱད་པར་དུ་ཁྲམ་མཐོང་ལུག་རྭ་མ་ཡི་དམ་མགོན་པོ་རྣམ་གསུམ་གྱི་ནང་ཚན་ལྷ་ཆེན་ཀུ་བྱི་མང་ཀེའི་རྫུ་འཕྲུལ་ཞབས་རྗེས་སོགས་རང་གིས་མཇལ་མྱོང་།  རྐྱང་སྨད་དྲེགས་པ་དགྲ་འདུལ།  བེ་ཐུར་བདུད་ནག་འབར་བ་སོགས་ཀུན་གྱི་སྤྱི་ལྷ་ཡིན་ལ་ཀུན་གྱིས་བསྟོད།  ཁྱུང་དཀར་ནང་ཆེན་གྲགས་པ་བླ་མ་དབང་ཞུ་ཅན་གྱིས་འདམ་ཁྲི་བཙན་རྒྱལ་བསྟོད་རྗེ་དབང་ཞུ་ཅན་རྒྱུན་མི་འཆད།  ཁྱུང་སེར་ཕུན་ཚོགས་གྲགས་པས་འདམ་ཡག་པ་རྒྱལ་བསྟོད།  དཔོན་དར་འགུས་ཅན་རྒྱུན་མི་འཆད།  ཁྱུང་ནག་རྒྱལ་བ་ལྷུན་གྲུབ་ཀྱིས་དཔའ་བོ་ཡུས་ཕུར་བཟུང་བའི་ས་འདམ་གང་ང་རྒྱལ་བསྟོད།  ཕོ་དཔའ་རྩལ་ཅན་རྒྱུན་མི་འཆད།  སྒང་སྲིད་རྒྱལ་སྐྱབས་ཀྱིས་ཁབ་ཏུ་རང་མོ་སྨན་མཚོ་བཞེས།  སྲས་ཞི་ཁྲོ་སྐྱབས་དང་།  རྣམ་རྒྱལ་འབུམ་གཉིས་འཁྲུངས།  རྣམ་རྒྱལ་འབུམ་གྱིས་ཁྲོ་མོ་མཚོ་བཞེས།  སྲས་སྒང་བསྟན་པ་རྒྱལ་མཚན་འཁྲུངས།  ཁོང་དང་བོན་འགྱུས་སྐར་མ་རྣམ་རྒྱལ་གཉིས་ཀྱིས་ཨག་གི་ཚྭ་རྒན་རྙེད།  བོན་འགྱུས་འཕང་དུ་གཡང་འཛོམ་གྱི་ཐ་སྙད་ཆགས།  ཞི་ཁྲོ་སྐྱབས་ཀྱིས་ཁབ་ཏུ་ཧོར་མོ་ལྷ་མོ་བཞེས།  དེའི་སྲས་སྒང་དྲ་པོ་འཁྲུངས།  འབྲང་བཟའ་ཚེ་དབང་མཚོ་ལ་སྲས་སྒང་བཀྲ་ལུ་དང་བཀྲ་ཤིས་དར་རྒྱས་སོགས་འཁྲུངས།  སྒང་བསྟན་པ་རྒྱལ་མཚན་གྱི་སྐུ་རིང་ལ་བཞེངས་པ་བོན་ལ་བྱས་ཏེ།  དྲི་མེད་གཟི་བརྗིད་སོགས་པུ་ཏི་གང་མང་ཡོད།  ཁྱུང་པོ་དགེ་རུ་ཁོག་ནས་ཐོན་ཏེ་སྒེར་བཙན་མཛད།  སོག་པོའི་རྟ་ར་བཤིགས།  སྡེ་ཡན་འཁྱར་བ་ཀུན་མགོ་བླངས།  སྟོད་སོག་འཕང་དུ་གཡང་འཛོམ་མན་ཆད།  ཨག་ཚྭ་ཁ་ཡན་ཆད།  བྱང་གི་དཀྱིལ་རི་ཤར་སྣ་ཚུན་ཆད།  ལྷོ་དྲེད་སྦོན་སུམ་མདོ་ཚུན་ཆད་མངའ་མཛད། ཀུན་ལ་འཕགས་པའི་གཏང་མ་བླངས། སྒང་ཨ་ཉོག་བསྟན་པ་རྒྱལ་མཚན་ཟེར་ཏེ་ཀུན་ལ་གྲགས།  དགེ་རྒྱས་དཔོན་བེ་རུ་བསྟན་སྐྱོང་གི་སྲས་མོ་ཁབ་ཏུ་བཞེས་པ་ལ་སྲས་མེད།  ཡང་བེར་མོ་ཉ་མཚོ་ཁབ་ཏུ་བཞེས་པར་སྒང་སྔོ་གཉེར་འཁྲུངས་ཏེ་གཡུང་དྲུང་སེམས་དཔའི་རྣམ་རོལ་བོན་ལ་བརྩོན་ཞིང་གཏང་མ་དགེ་ལ་ལེན་པ།  སྐུ་ཚེ་སྒྲུབ་ལ་བསྐྱངས།  སྐུ་རྟེན་གསུང་རབ་མང་དུ་བཞེངས།  ཕས་རྒོལ་ཀུན་ལས་རྣམ་པར་རྒྱལ།  ཧོར་ལྔ་བཅུའི་སྲས་མོ་ཁབ་ཏུ་བཞེས།  སྲས་དབང་དྲག་དང་རྣམ་རྒྱལ་གཉིས་འཁྲུངས།  དེ་གཉིས་ཀྱིས་རྫ་དམར་དཔོན་ཚེ་དཔག་དབང་རྒྱལ་གྱི་སྲས་མོ་མཚོ་མོ་ཁབ་ཏུ་བཞེས།  སྲས་ཆེ་བ་དབང་ཚེ།  དེ་འོག་དབང་གྲུབ།  དེ་འོག་ཚངས་པ།  ཆུང་བ་ཨ་བཟང་དང་བཞི་འཁྲུངས།  དེ་རྣམས་ལ་སྒང་སྤུན་བཞི་མ་ཟེར།  བཞེངས་པ་གཡུང་དྲུང་བོན་ལ་བྱས།  ཁམས་ཆེན་དུམ་པ་བཅུ་དྲུག་དང་།  གསེར་མདོ་དྲི་མེད་གཟི་བརྗིད་དང་།  ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་།   སྐུ་གསུང་ཐུགས་རྟེན་དུ་མ་བཞེངས།  སྒང་དབང་གྲུབ་ཀྱིས་བཙན་ཁྲིམས་འཁོར་ལོ་རྒྱུན་ཏུ་བསྒྱུར།  ཚོད་མེད་ཐམས་ཅད་དབང་དུ་བསྡུས།  སྒང་དུག་ལོ་ཟེར་ནས་གོ་ཚད་སྐྲག  རང་སྡེའི་སྟེང་ལ་མ་ལྟར་བྱམས།  ཤེལ་ཞིག་དུང་གྲགས་ཀྱི་སྲས་མོ་ཁབ་ཏུ་བཞེས།  སྲས་ཆེ་བ་ཚེ་རྒྱལ་བཀྲ་ཤིས།  དེ་འོག་དབང་རྒྱལ།  དེ་འོག་ཁྲོ་རྒྱལ།  ཆུང་བ་གཡུང་དྲུང་བསྟན་འཛིན་དང་བཞི་འཁྲུངས།  ཆེ་བ་ཚེ་དང་སྒྲུབ་པ་མཉམ་ཞིང་འཁྲུལ་ཞིག་གྱུར།  དབང་རྒྱལ་ཁྲིམས་སྲིད་མངའ་དབང་བསྒྱུར།  ཁྲོ་རྒྱལ་རིག་ཅན་བོན་ལ་མཁས།  ཆུང་བ་བོན་པོ་ནུས་ལྡན་བྱུང་།  ནག་རུ་སྡེ་བ་ཚང་གི་སྲས་མོ་ཁབ་ཏུ་བཞེས།  སྲས་ཆེ་བ་བོན་ཉིད་དབྱིངས་སུ་གཤེགས།  དེ་འོག་བསྟན་པ་ཕུན་ཚོགས།  ཐ་ཆུང་རྣམ་རྒྱལ་འབུམ་གསུམ་འཁྲུངས།  བསྟན་པ་ཕུན་ཚོགས་ཀྱིས་ཁྲིམས་སྲིད་བསྐྱངས།  རྣམ་རྒྱལ་འབུམ་གཉུག་མའི་རྣལ་འབྱོར་དུ་གྱུར།  དེ་གཉིས་ཀྱིས་ཁྱུང་བཟའ་དཔལ་འཛིན་ཁབ་ཏུ་བཞེས།  སྲས་ཆེ་བ་ཚེ་རྒྱལ་དབང་འདུས།  དེ་འོག་རྣམ་རྒྱལ་དབང་འདུས།  ཐ་ཆུང་སྟོབས་དགའ་གསུམ་འཁྲུངས།  དེའི་སྲས་དབང་གྲུབ་བསོད་རྒྱལ།  དབང་རྒྱལ།  ཨ་ཀེས།  དེའི་རིང་ཁྱུང་པོ་སྐལ་བཟང་རྒྱལ་མཚན་དང་ཁྱུང་པོ་གྲགས་པ་གཉིས་ཀྱིས་ཁྲིམས་སྲིད་བསྐྱངས།  ཚུལ་ཁྲིམས་རྒྱལ་མཚན་དང་ཁྱུང་པོ་བློ་བཟང་ཚུལ་ཁྲིམས་རྣམ་གཉིས་འདུལ་ཁྲིམས་པ་ཡིན།  བོན་འགྱུས་ཚེ་དབང་འབུམ་གྱི་ཁྱིམ་རྩ་ད་ལྟ་སྦྲ་ཆེན་ཚང་ཡིན།།

༢༽དགོན་གྱི་ལོ་རྒྱུས་ཞི་ཁྲོ་འབུམ་གྱི་སྲས་ཆེ་བ་ག་རུ་གཟི་ཆེན་གྲགས་པས་ག་ངས་དགོན་ཕྱག་བཏབ་ཅིང་བྱང་རྟ་རྣའི་གསེར་འབུམ་བཞེངས་པ་སོགས་ལོ་རྒྱུས་མང་ཙམ་ཡོད།  དེ་རྗེས་ཁྱུང་བླ་མ་རྒྱ་བོ་ཟེར་བ་ཞལ་ཚོམ་ཡོད་པ་དེས་མོན་ཕུག་ཏུ་སྒྲུབ་གནས་མཛད་དེ།  དེ་བོན་འགྱུས་ཚེ་རིང་དབང་འདུས་དང་།  དུང་རྒྱལ་གཉིས་ཀྱི་སྐུ་རིང་ལ་རྒྱ་བོ་གཅོད་པ་ཟེར་ནས་ཆོས་ལུང་དུ་བཞུགས་པའི་ཤུལ་རྡོ་རྩིག་ད་ལྟ་ཡང་ཡོད།  དེ་རྗེས་བླ་མ་ཁྱུང་པོ་རྣམ་དག་དང་ཚུལ་ཁྲིམས་གྲགས་པ་གཉིས་ཀྱིས་རི་ཚི་ན་གཡང་དགོན་ཕྱག་བཏབ་པས་རྡོ་རྩིག་ད་ལྟ་ཡོད། བོན་འགྱུས་ཚེ་དབང་འབུམ་གྱི་མི་རྒྱུད་ཐ་མ་ཐོག་བཙན་སྐྱབས་ཏེ་ཕྱིས་སྒང་རུ་དཔོན་སློབ་ཚུལ་རྒྱན་དུ་ཞུ།  ཁོང་གིས་སྒང་རུ་སྒྲ་རྒྱལ་དགོན་ཕྱག་བཏབ།  འདམ་གྱི་རྗེས་ཆེན་བཅོ་བརྒྱད་ཀྱི་དཔའ་མདོས་ཤིག་མཛད་ཀྱང་རིག་གསར་སྐབས་སུ་ནུབ།  ཡབ་ཟོ་བོ་༼དཀར་༽ངང་ཡག  ཡུམ་ནེའུ་རྭ་མཚོ་རྒན་སྲས་རྗེས་ཆེན་བཅོ་བརྒྱད་ཟེར།  རྗེས་ཆེན་བཅོ་བརྒྱད་ཁྱུང་པོའི་ཡུལ་སྐད་ཕྱོགས་བསྒྲིགས་སུ་བཀོད་ཡོད།  སྒྲིག་པ་པོའི་མཆན།༽ཁྱུང་པོ་བདུད་འདུལ་དང་བཙན་གྲགས་གཉིས་ཀྱིས་སྐུ་ཚེའི་སྨད་དུ་གདན་ས་གསེར་གཞོང་བཀྲ་ཤིས་དུང་འཁྱིལ་བཏབ་ཏེ་ཕྱི་དར་བསྟན་པའི་དབུ་ཟུག  སྒང་རུའི་ཁྱུང་པོ་མཆེད་ཁུངས་མདོ་སྨད་ནས་བསྟན་སྐལ་དུ་བཀའ་གདམས་མཆོད་རྟེན་ལི་མ་དང་།  གཤེན་ལྷ་འོད་དཀར་གྱི་སྐུ་ལི་མ།  རྟེན་བྱ་འུར་མ་ཞེས་པ་ཡོད། ད་ལྟ་བླ་མ་བླ་ཆེན་དང་།  རྨ་རོང་བླ་མ་སྦ་ཁག་གཉིས་ཀྱི་ནང་ནས་བླ་མ་མང་ངོ་། 

༣༽སྒང་རུའི་ཕྱོགས་གཞན་གྱི་ས་མཚམས་སྐོར་ལ།  སྒང་ཁྲོམ་ས་མཚམས་ཉིན་དྲེད་ཆུ།  སྲིབ་རྒྱུད་སྦུག  ཉིན་སྒ་མ་ཉག  སྲིབ་ས་དཀར་རྒེས་ཆེན།  རྨ་སྒང་ས་མཚམས་སྲིབ་བུས་གདོང་ཆུ།  ཉིན་རྫ་དཀར་བྱ་ཟེ་གདོང་།  སྒང་རྒྱུད་རྡོ་འབུམ་ནས་ཡི་ཆོག་གང་ནང་ཚུན།  གར་གྱི་དྲི་མ་ནག་རྒྱབ།  ནེ་དཀར་རིས།  འབུ་སྒང་ས་མཚམས་ཆུ་དཀར་དོ་འཕང་།  དམུ་བྲག་དམར་རི་རྒན་རྫ་སེར་འཇུས།  དམུ་སྒང་གསའ་འུ་རྫ་རིས།  བིས་ཕུར་ཆུ་ནག་སྔས།  རྡོ་སྐས་ཉག་ལོ་མ།  འབྲང་སྨད་ས་མཚམས་སྤྱི་ཡི་བྲག་ལ་མདའ་ཟུག་ལ་ཁྱུང་པོ་འབུམ་རྗེས་གྲགས་པ་དང་སྒང་སྲིད་རྒྱལ་སྐྱབས་གཉིས་ཀྱིས་མདའ་རྟགས་བཞག་ཡོད།  སྤུག་ཁྲ་ཡུ་མ།  འབྲང་སྟོད་ས་མཚམས་སྟེའུ་རྒྱལ།  ཨག་འདམ་གུང་མོ་རི་རྒན།  དཀྱིལ་རི་རྒྱལ་མོ་རི་ཕྱུག  འདམ་གྱི་ཆུ་འགོ་ནས་མིག  ཨ་མྱེས་འབྲིང་རྗེས།  གསང་ཕུ་མཚོ་ལ།  ཡེ་སྟོད་ཝ་འབྲུག་ཤར་གསུམ།  ག་རེ་ནས་ཚྭ་འབུམ།  རྐང་ངས་སྟོད།  ཉིན་བྲག་ཐོག་ཆུ་འབེབས།  སྲིབ་འཕང་དུག་མོ།   ཡུས་ནས་འབུ་སྒང་ས་མཚམས་སྤྲིན་དམར་སྣ།  ཨ་ཙེ་ས་མཚམས་ཐོག་རྫོང་བླ་ཤག  སྲི་མོའི་ས་མཚམས་ཨོམ་སྟེང་གླང་ཉག  ནག་རུའི་ས་མཚམས་རྒྱ་མཚོ་ནག་མེར།  སྒང་དཀར་རུས་སྟོད་གསུམ་ས་ཡི་གོང་བ་བཟུང་།  རྐྱང་སྟོད་རྐྱང་འབྲུག་ལོ་རྒེས་སྒང་ར་སྩག་ཅན་གྱི་རྟ་ས་བཟུང་།  ངས་སྟོད་ཨ་བ་བློ་གྲོས་ཀྱིས་ངས་ཀྱི་ལྡེ་དབང་སྒེས་བཟུང་།  བླ་རི་ལྡེ་དབང་ཁྲམ་འཕྲུ་མ་བསྟོད།  བོན་འགྱུས་ཀྱིས་ཁམ་ཟེ་བོན་པོ་སྟག་ཐུལ་ཅན་བསྟོད།  ཆེ་རྒྱུད་ཀྱིས་སྟག་སྒོ་རི་བཀྲ་བསྟོད།  ཁྲི་ཙེས་ངས་རྒྱས་དུང་ར་བསྟོད།  འབིས་ཀྱིས་བྲག་ཐོག་ཆུ་འབབ་བསྟོད།  ཁྲོམ་པོས་ཁུ་བྱུག་རི་ཆེན་བསྟོད།  རྐྱང་ཚེས་རྐྱང་ཐོ་རི་ཆེན་བསྟོད།  ཨ་ཞིས་རྡོ་རུ་སྐྱ་ཡག་བསྟོད།  སྟོད་གསུམ་ས་དེ་ངས་སྟོད་རྐྱང་སྟོད་གསང་སྟོད་ཡིན།  སྒང་བེ་ཧུའི་རྒྱལ་ས་རྫ་རིང་དང་།  བེ་ཅང་རྒྱལ་ས་ལྷོ་སྦང་ཆེན་ཡིན།  བོན་འགྱུས་རྒན་ས་ཆོས་ལུང་ཡིན།  སྨད་ཀྱི་གེ་བསགས་མན་གསུམ།  བར་གྱི་གསེར་དངུལ་དུང་གསུམ།  སྟོད་ཀྱི་དྲས་སྡིས་འབྲུག་གསུམ།  འདམ་གྱི་ག་སྒམ་ཡག་གསུམ།  ཆུ་རུས་རིག་གསུམ་མཁར་སྒང་།  སྡེ་ལ་འབིས་རྐྱང་ཁྲོམ་གསུམ།  གསུམ་གསུམ་ས་ཡི་གོང་བ་འདམ་ག་ང་རྒྱལ་གྱི་ག་ང་དེ་ཨག་འདམ་ས་ཡི་གང་བ་ཡིན།།

སྒང་རུ་སྡེ་དཔོན་བླ་དགོན་རྣམས་ཀྱི་ལོ་རྒྱུས་འདི་སྒང་ཚང་གི་རྒྱལ་རབས་གཞིར་བཟུང་ནས་ཡུལ་མི་རྒན་རབས་རྣམས་ཀྱི་ངག་རྒྱུན་དྲིས་ཏེ།  ཁྱུང་པོ་བླ་མ་སྦྲ་ཆེན་ཨ་ཧོ་དང་།  རྒྱལ་རོང་ལྷ་སྐྱབས་གཉིས་ཀྱིས་བྲིས།  དག་ཆ་མེད་པ་དང་།  ཆད་ལྷག་སོང་བ།  འབྲུ་གཟུགས་ངན་པ་རྣམས་མཁས་དབང་དག་གིས་ལེགས་བཅོས་གནང་རོགས་ཞུ་ཞུ་ཞུ།།

༢༠༡༡ལོའི་ཟླ་བ་༡༠པའི་ཚེས་༧ཉིན་བྲིས།

༧དཔའ་བརྡ་བསྟན་རྣམ་ནས་མིང་གཞི་འགའ་དང་ཚིག་སྦྱོར་ཆུང་ཟད་ལེགས་བཅོས་བྱས་པ་ལས་གཞན་མ་དཔེ་ཇི་བཞིན་རྩིས་འཕྲུལ་དུ་བསྒྲིགས་པ་ཡིན་མོད་ད་དུང་ལོ་ཚིགས་སྐོར་དང་ཚིག་དོན་འགའ་ཞིག་གོ་དཀའ་བ་འདུག་རུང་རྗེས་སོར་ལེགས་བཅོས་འདྲ་བྱུང་ན་དགེ་བར་སེམས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.