ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྒེར་གཅོད་པའི་རིང་ལུགས་ལ་སྤྲིངས་བའི་གྱོད་གཏུགས།
[ 2018/1/19 16:48:00 | By: ཨ་ཀྲོང་རིན་རྒྱལ། ]
 

སྒེར་གཅོད་པའི་རིང་ལུགས་ལ་སྤྲིངས་བའི་གྱོད་གཏུགས།

 

ཨ་ཀྲོང་རིན་ཆེན་རྒྱལ་མཚན།

 

ལྷད་མེད་ལྷག་བསམ་དྭངས་གཙང་སེམས་ངོགས་ནས། །

དགོས་མེད་འཁྲེགས་བཟུང་གཏོར་བའི་གནམ་ལྕགས་ཤིག །

                    ཕན་མེད་རྒྱུན་སྐྱོང་བྱེད་སའི་ཁོར་ཡུག་ཏུ། །

                   ཀླད་མེད་དཔོན་ཆུང་ཁྲམ་པའི་མགོ་ལ་རྒྱོབས། །

 

ཞེས་ཕན་སེམས་ཀྱི་ཀུན་ནས་བསླངས་པའི་ཚིག་བཅད་ཀྱིས་སྣ་དྲངས་ཏེ་རང་དང་ཤ་རུས་ཁྲག་རྒྱུད་གཅིས་ལས་མཆེད་པའི་སྲིང་མོ་རྣམས་གཙོ་བོར་བྱས་པའི་བོད་ཀྱི་བུད་མེད་ཡོངས་ཀྱི་ཚབ་བྱས་ཏེ་གྱོད་གཏུགས་འདི་ཉིད་བྲིས་པ་ཞིག་ཡིན་པས་ཚང་མས་ཨེ་བདེན་མི་བདེན་དང་། དངོས་ཡོད་ཡིན་མེད། གནས་ལུགས་ཡོད་མེད་སོགས་ཕྱོགས་གང་ནས་ཞིབ་དཔྱོད་རེ་བྱེད་རྒྱུ་ལས་ཧོལ་རྒྱུག་དང་གུ་དོགས་བག་འཁུམས་སོགས་ཀྱི་འདུ་ཤེས་འཛིན་ཏེ་མ་དག་རྒྱུན་འབྱམས་སུ་སོང་བའི་སྒེར་གཅོད་ཀྱི་ལྟ་བ་འཁྲེགས་འཛིན་མི་བྱེད་རྒྱུའི་རེ་འདུན་འཆང་བཞིན་ཡོད།

ང་འཇིག་རྟེན་མི་ཡུལ་དུ་ཡོང་དགོས་དོན་ནི་གནས་སྐབས་འཚོ་བ་སྐྱེལ་ཐུབ་ཐབས་ཙམ་དང་། མི་ཚེ་གཅིག་གི་རིང་ལ་ཁྱིམ་ལས་ཙག་ཙིག་གི་ཆེད་དུ་ཡོང་བ་མིན་པ་ཁྱོད་ཚོས་ཤེས་དགོས།

རིང་ནས་བསོད་ནམས་ཀྱི་ལས་བཟང་བསགས་པའི་ནུས་མཐུ་ལས་ནར་ཐོན་པའི་ཐོབ་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་ཅིང་། འཇིག་རྟེན་མི་ཡུལ་དུ་དགའ་སྐྱོའི་འཛུམ་མདངས་བསྟན་ཞིང་ངུ་མ་དགོད་ཀྱིས་ཨ་མའི་རུས་སྒྲོམ་བཙན་བཀས་གཏོང་སྟེ་སླེབས་པའི་གནས་སྐབས་ཀྱི་མགྲོན་པོ་ཞིག་ཡིན། དེ་ནས་རིམ་པས་གོག་ནུད་བྱས་ཏེ་འགྲོ་ཐུབ་པ་ནས་བཟུང་ཁྱིམ་ཚང་གི་ཕྱི་ནང་གི་ལས་ཀ་ཙག་ཙིག་དང་ཕ་མ་སྤུན་མཆེད་ཚོར་ཞབས་ཞུ་མི་དམན་པ་བསྒྲུབས་པར་མ་ཟད་རྒྱུན་དུ་སྡོད་ས་ཁྱིམ་སྨད་དང་ཟ་རྒྱུ་ལྷག་མ་སོགས་མདོར་ན་བྲན་གཡོག་དང་དཀའ་སྡུག་ཁྲོད་ནས་རིམ་པས་ལང་ཚོའི་ན་ཚོད་སྨིན་པའི་ཉམ་ཆུང་ཞིག་ཡིན། ད་དུང་ང་འདི་འདྲའི་ཁྲིམས་ཆད་བཀལ་དགོས་པ་ནི་ཅི་ཞིག་ཡིན། རང་ལུས་འདོམ་གང་འདི་རང་ཉིད་ལ་དབང་ཆ་ཏིལ་འབྲུ་ཙམ་ཞིག་མེད་ཁར་ང་ལ་མཚོན་ན་རིན་ཐང་དང་བྲལ་བའི་རྣམ་དཔྱོད་ཀྱི་རིག་པ་དེ་ཡང་བག་འཁུམས་བཟོས་ཏེ་དུས་ནམ་ཡང་མདུན་སྐྱོད་ཀྱི་སྤོབས་པ་དང་སེམས་ཀྱི་ནུས་ཤུགས་འཕར་དུ་མི་བཏུབ་པ་བཟོ་ཆོག་པའི་དབང་ཆ་དེ་ཡང་སུས་སྤྲད་པ་རེད། མདོར་ན་ང་ཡི་ལས་དབང་དང་བཅས་པའི་དབང་ཚད་ཆ་ཚང་ཁྱོད་ཚོས་སྒེར་བདག་བྱེད་པ་དང་། ད་དུང་ང་ལ་ཐོབ་པའི་བསོད་སྐལ་འདི་ཙམ་རེད་ཟེར་ཏེ་ཁ་རྡུང་གཏོང་བ་དང་ཚད་ཐིག་སོགས་རྒྱག་རྐྱང་བྱེད་པར་མ་ཟད། སྔོན་ལས་རེད་ཟེར་ནས་ཁག་དཀྲི་ཅི་ཐུབ་བྱེད་པ་དང་ངའི་མི་ཚེའི་མདུན་ལམ་རེད་ཟེར་ཏེ་སྤོབས་ཚོད་ཀྱི་སྒོ་ནས་བཤད་རྒྱུ་ཡིན་པར་ངས་ཕལ་ཆེར་གདེང་ཚོད་ཡོད་པའི་ཐོག་ནས་འདང་ཞིག་བརྒྱབ་ན་འཆུག་མི་སྲིད། 

སྤྱིར་བཏང་ཆ་ནས་བཤད་ན་དེའི་རིགས་ངའི་འཚོ་བའི་ཆ་ཤས་ཙམ་དང་མདུན་ལམ་གྱི་ཟུར་རེ་གཞོགས་འདེགས་ཡོང་སྲིད་པ་ཞིག་དང་བསམ་དཀར་སྦྱོར་ངན་དུ་ཡོང་ཆོག་པ་ཞིག་རེད། ཡིན་ན་ལས་ཕལ་ཆེ་བར་ཀླད་རྙིང་མཁྲེགས་འཛིན་ཕོ་མཆོག་མོ་དམན་བག་འཁུམས་ཀྱིས་བཏུམ་པའི་ལྟ་བ་ཞིག་ལ་ངོས་འཛིན་བྱས་ན་ནོར་མི་སྲིད་པ་ཞིག་ཡིན་པ་ཚོད་དཔག་བྱས་ན་རྟོགས་ཐུབ། དུས་རྟག་ཏུ་ཁྱོད་ཚོས་གཉའ་གནོན་དང་བཤུ་གཞོག་ལམ་ནས་ཕོ་མཆོག་མོ་དམན་བམ་འཁུམས་ཀྱི་ལྟ་བ་འདི་མཁྲེགས་འཛིན་རྒྱུན་སྐྱོང་བྱས་པའི་རྒྱུ་མཚན་གྱིས་ང་ཚོ་དུས་ནམ་ཡང་དུས་རབས་དང་འཚམས་པའི་སྤྱི་ཚོགས་ཐོག་ཏུ་མི་དང་མིའི་བར་ལ་དཔུང་པ་མཉམ་གཤིབས་དང་མགོ་བོ་མཐོར་འདེགས་བྱེད་དེ་འགྲོ་ཐུབ་མེད་རེད་ཟེར་ན་ཁ་སྤོབས་ཆེ་མི་འགྲོ་བར་དོན་ཐོག་ཏུ་གནས་ཡོད།

ལར་དེ་འདྲ་གཏན་ནས་མི་ཡོང་བར་མི་དང་མིའི་བར་ལ་རེ་བ་བཅོལ་བཞིན་ཡོད་པས་ཁྱོད་སྨྲ་ཤེས་དོན་གོ་མིའི་མཚན་ཉིད་ལྡན་པ་ཞིག་ཡིན་ན་བསམ་གཞིགས་རེ་འདོན་རོགས་ཞེས་འབོད་སྐུལ་བྱེད་བཞིན་ཡོད།

 

གསལ་བཤད་བྱ་དགོས་པ་ཞིག་ལ།

 ད་ལན་ངས་དངོས་ཡོད་གནས་ཚུལ་དང་མི་མཐོང་ལག་ཟིན་གྱི་སྒོ་ནས་ཡུལ་དུས་ཀྱི་བསྒྱུར་ལྡོག་ལ་བལྟ་བའི་མིང་གཉིས་ལང་ཞིང་། ལྷན་སྐྱེས་སུ་ཡོད་པའི་རྣམ་དཔྱོད་ཀྱི་རིག་སྒོ་ཡོངས་སུ་འགག་པའི་བག་འཁུམས་ཀྱི་ལྟ་བ་ལ་མ་དག་རྒྱུན་འབྱམས་སུ་སོང་བསྡད་པའི་སྒེར་སྤྱོད་རིང་ལུགས་པ་ཚོར་དམིགས་སུ་བཀར་ཏེ་བྲིས་པ་ཞིག་ཡིན། དེ་ཡང་དགག་བྱ་དང་དགོས་པ་ཅི་ཡོད་ཟེར་ན་ཡོད་དེ་འཇིག་རྟེན་འདིའི་ཐོག་ཏུ་སྤྱིར་འགྲོ་བ་གྲངས་ལས་འདས་ཀྱང་དེའི་ནང་ནས་ཐོབ་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་ཆེས་ཉུང་བ་དང་། དེའི་ནང་ནས་ལྷོ་འཛམ་བུ་གླིང་ལ་སྐྱེས་པ་དེ་བས་ཉུང་བས་ད་གཟོད་ང་ཚོ་དཀའ་སྡུག་གི་བརྒྱུད་རིམ་དེའི་ཁྲོད་ནས་ཐུབ་བསྡད་པའི་ལུས་རྟེན་ཅན་གྱི་མི་བུ་ཞིག་ཡིན་ཀྱང་གཉའ་གནོན་དང་བཤུ་གཞོག་གི་དྲ་བར་ཚུད་འགྲོ་བའི་རྒྱུ་མཚན་གྱིས་འདྲེ་ལག་འདི་བརྐྱངས་ཙམ་བྱེད་དགོས་པ་བྱུང་།

ཁྱོད་ཚོས་འདི་མཐོང་མ་ཐག་ནས་ཇུས་མེད་ཀྱིས་ཇུས་གཏོགས་བྱས་འདུག་བསམ་པའི་ཚོར་བ་འདྲ་མིན་ཡོང་སྲིད་ལ་གད་མོ་ཡང་ཤོར་སྲིད་པར་མ་ཟད། དྲྭ་འབུ་དུས་ཚོད་མི་འགྲོ་མཁན་ཚོས་ཧབ་གད་དང་ཧོལ་རྒྱུག་རང་སྣང་གནམ་གདེང་ས་གདེང་བྱེད་དེ་ང་ལ་སྡིག་དམོད་དང་ལོང་གཏམ་སོགས་ཆར་འབེབས་འབེབས་བྱེད་ཡོང་བ་་ནི་ངས་ཕལ་ཆེར་དཔོག་ཐུབ། ད་དུང་གྲྭ་རྐྱང་ངའི་འཚོ་གནས་དང་འབྲེལ་བའི་བསླབ་པ་གསུམ་སོགས་ལ་དམའ་འབེབས་དང་བསྐུལ་འདེབས་བྱེད་པར་མ་ཟད་རྒྱལ་བའི་བཀའ་དང་འཕགས་པའི་ལུང་ཚིག་རེད་ཟེར་ནས་དགོངས་དོན་ཡ་བྲལ་དུ་སོང་བའི་ཚིག་རྐྱང་དམ་དུམ་རེ་འཁྱེར་ཏེ་ང་ལ་ཡང་ལུང་འདྲེན་ཡིན་མདོག་བྱེད་སྲིད། དེའི་རིགས་ཚང་མ་ངས་བསམ་གཞིགས་བྱས་ཚར་བ་ཞིག་མ་གཏོགས་གང་ཡང་ངོས་འཛིན་བྱེད་ཀྱི་མིན། ཅིའི་ཕྱིར་ན། ངའི་བསམ་མནོའི་ན་ཚོད་སྨིན་པ་ནས་བཟུང་སྟེ་ད་ལྟ་བར་དུ་ཐོས་བསམ་གྱི་འཚོ་བའི་ཀློང་དུ་མི་ཚེ་སྐྱེལ་མཁན་གྱི་གྲྭ་རྐྱང་ཞིག་དང་། རྣམ་དཔྱོད་རིག་རྩལ་འགྲན་པའི་གར་སྟེགས་ཐོག་ཏུ་ལུང་རིག་གི་རྒྱལ་ཕམ་རྩོད་མཁན་རིགས་སྨྲ་བ་ཞིག་ཡིན་པས་སོ།

ད་དུང་ཁྱོད་ཚོས་རང་ཉིད་ལ་འགེབ་སྲུང་ཆེད་དང་མ་འོངས་མུ་མཐུད་ནས་ལུང་ཆུང་ནང་གི་དཔོན་ཆུང་ཟེར་བ་བཞིན་བྱེད་འདོད་མཁན་ཚོས་དེ་རིགས་ཚང་མ་གནའ་སྲོལ་བཟང་པོ་རེད་ཟེར་ནས་ཁ་མཆུའི་བར་གྱི་སྟོང་གཏམ་ལུང་གང་རེ་འུར་སྲིད་པས་དེའི་རིགས་ལ་ངས་ཡ་ང་དང་སྙིང་རྗེའི་ཀློང་ལ་བཏང་སྙོམས་ངང་དུ་འཇོག་རྒྱུ་ལས་གཞན་བོས་ན་ཨ་ལན་དང་བཤད་ན་ཡ་ལན་གང་ཡང་མེད་ལ་དུས་ཚོད་ཀྱང་དེ་བས་མེད། ཡིན་ཡང་ཉིན་ཤས་སྔོན་དུ་དྲ་ལམ་བརྒྱུད་ནས་ཧ་ཅང་ཐལ་ཆ་ཆེ་བའི་སྣང་བརྙན་ཞིག་མིག་དབང་སྒོར་མོའི་དཀྱིལ་འཁོར་དུ་ཤར་བའི་རྐྱེན་བསྐུལ་བྱས་ཏེ་སེམས་ཚོར་རྒོད་པོ་དྲག་ཏུ་འཕྱུར་ཞོར་སྨྱུག་རྩེའི་སོ་ཁ་དམིགས་པའི་འབེན་ཁར་སྐོར་ཏེ་ཅུང་ཞིག་ཤོག་དཀར་གྲུ་བཞིའི་ངོགས་སུ་ཐོལ་འཁྱུགས་ཙམ་དུ་བགྱིས་པས་རྨོངས་པའི་བག་ཏུ་ཡིབ་ཅིང་གཏི་མུག་གི་རུམ་བར་ན་ཚུད་པའི་ཀླད་འཁྲེགས་ཚོར་འགུལ་སྐྱོད་གཏོང་བྱེད་ཀྱི་ཆེད་དུ་ཀི་སྒྲ་ཞིག་བཏབ་ཡོད།

 

ཕྱི་ལོ་༢༠༡༨/༡/༡༩/ཉིན་འགྲུལ་བཞུད་ཀྱི་ལས་དོན་ཞིག་བྲེལ་མཚམས་སུ་༼ཞི་བདེ་གསར་པའི་གསོལ་མགྲོན་ཁང་གི༽ཡང་ཐོག་ནས་ཤར་མར་བྲིས་ཏེ་སྤེལ་བ་ཡིན་པས་དག་ནོར་དོན་འཆུགས་སོགས་ཤོར་ཡོད་སྲིད་པས་དཔྱོད་ལྡན་གཟིགས་པ་པོ་རྣམས་ཀྱིས་དགོངས་ཡངས་ཡོད་པར་ཞུ།


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.