ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཕ་ཡུལ་སྦྲ་ཆེན་ལ་སྤྲིངས་པའི་བསླབ་བྱའི་རྩ་འགྲེལ།
[ 2017/8/27 22:59:00 | By: ཨ་ཀྲོང་རིན་རྒྱལ། ]
 

ཕ་ཡུལ་སྦྲ་ཆེན་ལ་སྤྲིངས་པའི་བསླབ་བྱའི་རྩ་འགྲེལ།


        ཨ་ཀྲོང་རིན་ཆེན་རྒྱལ་མཚན།


      མཁས་མཆོག་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ནས།

       ཤ་ཚའི་གཏམ་ལ་སྙན་པོ་མེད་པའི་ཁར། 

      གུས་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ནས། 

   མཁྲིས་པའི་སྨན་ཞིག་ཁ་སྣོན་བྱས་ནས་སྟེར།


ཡར་རྒྱས་ལ་མཐའ་མེད་པས། འདིའི་ཡན་ལ་འགྲོ་དགོས་མ་རེད་ཟེར་བ་ཡོད་མ་རེད། ཅེས་གསུངས། 

ཡར་རྒྱས་འགྲོ་དགོས་ཡོད་ན་ཐོག་མར་མདུན་སྐྱོད་ཀྱི་སྤོབས་སེམས་ལྡན་དགོས། དེ་ལྡན་པའི་ཐོག་ནས་ཕུགས་མདུན་གྱི་དམིགས་ཡུལ་ལ་བརྩོན་ལེན་དང་མདུན་སྐྱོད་ཀྱི་གོམ་པ་སྤོ་དགོས། དེ་ནས་ཡར་རྒྱས་ཀྱི་གཞི་རྩ་ཚུགས་ཏེ་བདེན་པའི་རྒྱལ་ཁ་ཐོབ་སྲིད། ཕ་ཡུལ་སྦྲ་ཆེན་བའི་འགོ་བླ་དཔོན་ནས་བཟུང་སྟེ་གཤམ་མི་མང་རྣམ་པས་ག་ཚོད་གོམ་གང་མདུན་སྤོས་བྱེད་ཨེ་མྱོང་། གལ་ཏེ་དེ་སྔོན་མ་མྱོང་ནའང་མ་འོངས་པར་བྱེད་བསམ་པའི་སྤོབས་པ་དང་སེམས་ཤུགས་ཡོད་དགོས་པ་ཧ་ཅང་གལ་ཆེ། 


དེ་རིང་ང་ཚོ་མེད་པ་ནས་ཡོད་པ། ཡོད་པ་ནས་གོམ་པ་དང་པོ་དེ་གཉིས་པ་འགྲོ་བྱེད་ཀྱི་རྐྱེན་དུ་འགྱུར་དགོས་རེད། ཅེས་གསུངས།


དེ་སྔར་རྗེས་ལུས་ཡིན་ན་ད་ནས་བཟུང་གོམ་པ་དང་པོ་དང་གཉིས་པ་གཉིས་སྤོ་ལེན་བྱེད་དེ་ཤེས་བྱ་རིག་པའི་ཐང་ཆེན་ལ་བརྩོན་འགྲུས་ཀྱིས་སྐུལ་ལྕག་བཏང་སྟེ་རྣམ་དཔྱོད་ཀྱི་བང་རྩལ་འགྲན་པ་ཡིན་ན་ནམ་ཞིག་གཞན་དང་མཉམ་དུ་སླེབས་ཐུབ་ལ་འཐུས་ཤོར་སོང་བའི་ཆ་ཐམས་ཅད་ཁ་བཀང་ཡང་བྱེད་ཐུབ། ང་ཚོ་ཕ་ཡུལ་སྦྲ་ཆེན་བ་ཚོས་དེ་ལྟར་རྐང་གཉིས་སྤོ་ལེན་བྱེད་ཅིང་དུས་རབས་གསར་པའི་རྗེས་སུ་ནོན་པའི་ས་རྒྱ་སྐྱོད་ཅིང་དཔུང་པ་མཉམ་གཤིབ་ཐུབ་པའི་རེ་བ་དང་ཞུམ་མེད་ཀྱི་གདེང་སྤོབས་ལམ་ནས་འབད་བརྩོན་བྱོས།


བོད་ཡིག་སྦྱོང་བ་དེ་ལས་ཀ་རག་མིན་གྱི་ཁྱད་པ་མ་རེད། བོད་ཡིག་མ་ཤེས་ན་མི་རིགས་ཀྱི་རྩ་བ་ཉམས་འགྲོ་གི་རེད། ཅེས་གསུངས།


རིན་བྲལ་གྱི་ནོར་བུ་ལས་དཀོན་པའི་རྣམ་དཔྱོད་ཀྱིས་བསྐྲུན་པའི་ཤེས་ཡོན་དེ་གནས་སྐབས་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་བེད་སྤྱོད་བྱེད་པ་མ་ཡིན་པར་སྨྲ་ཤེས་དོན་གོའི་མི་ཞིག་གི་སྐྱེས་ལུས་ཐོབ་པའི་ཆ་ནས་ཁྱོད་ཀྱི་རྣམ་དཔྱོད་ཀྱི་ཤེས་ཡོན་དེ། ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་བྱུང་བ་དང་འབད་པ་མ་ཡིན་པར། དེ་ལས་ལྷག་པའི་ནང་སེམས་ཀྱི་ཞི་བདེ་དང་ཕྱི་དངོས་པོའི་དཔལ་ཡོན་ཡོད་ཚད་ཁྱོད་ཀྱི་རྣམ་དཔྱོད་ཀྱིས་བསྐྲུན་པའི་ཤེས་ཡོན་ལས་བྱུང་བའི་གཡུར་ཟའི་འབྲས་བཟང་ཞིག་ལ་འདོད་དགོས། དེ་ལྟར་ཁྱོད་ལ་ལྡན་ཚེ་ཁྱོད་ཀྱིས་མི་རིགས་ཀྱི་བླ་སྲོག་དང་འབྲེལ་བའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ཆ་ཚང་སྲུང་སྐྱོབས་བྱེད་ཐུབ་ལ་ཤུགས་ལས་གང་དགོས་ཕུན་ཚོགས་ཀྱི་ལོངས་སྤྱོད་ཡང་འབྱུང་བ་ནི་ཅི་ལས་བརྗོད་དགོས།


ལས་ཀ་གང་བྱས་པ་ཡིན་ན་སྤོབས་པ་རྣམ་གསུམ་ལྡན་དགོས།

 ཞེས་གསུངས།


སྤོབས་པ་རྣམ་གསུམ་ནི་རྒྱལ་ཁའི་རྩ་བ་ཡིན་ལ་བགྲོད་བྱེད་ཀྱི་རྐང་པ་དང་། སྙོབ་བྱེད་ཀྱི་ལག་པ་ཡང་ཡིན། ད་ལྟའི་ཤེས་ཡོན་གྱི་དུས་རབས་འདི་ལ་ཆ་མཚོན་ན། ང་ཚོ་སྦྲ་ཆེན་བ་ཚོའི་གཡས་གཡོན་གྱི་མི་རིགས་ཕར་ཆེ་བ་སྤོབས་པ་རྣམ་གསུམ་ནང་ནས་དང་པོ་དང་གཉིས་པ་གཉིས་ཀྱི་མདུན་སྐྱོད་བྱས་ཟིན་ཏེ། གསུམ་པ་ལག་བསྟར་བྱེད་བཞིན་པའི་སྒང་རེད། ང་ཚོ་ད་དུང་གང་ན་ལུས་ཡོད། གང་ཞིག་ལྷག་འདུག ཁྱེད་ཚོས་བསམ་གཞིགས་ཤིག་བྱོས་གདའ། ད་ནས་བཟུང་མདུན་སྐྱོད་ཀྱི་ལམ་སྟེགས་ཐོག་དུ་རྣམ་དཔྱོད་ཀྱི་གོམ་གང་སྤོ་ནས་ཤེས་ཡོན་གྱི་ནོར་སྐལ་ལེན་ཏེ་མཐར་ཕ་ཡུལ་སྦྲ་ཆེན་ལ་ལྔ་རིག་གི་འོད་སྟོང་འབར་བའི་གླིང་ཁ་ཞིག་བསྐྲུན་ཐུབ་པའི་རེ་འདུན་དང་དམིགས་ཡུལ་ཐོད་དུ་ཚར་ནས་ཞུམ་མེད་ཀྱི་སྤོབས་པ་རྣམ་གསུམ་སྒོ་ནས་གདོང་ལེན་བྱོས། 


ང་ཚོ་བོད་ཀྱི་སྲོལ་རྒྱུན་ལ་ལྟ་རྟོགས་བྱེད་དགོས་ཀྱང་། སྲོལ་རྒྱུན་ཡོད་ཚད་ཡག་པོ་རེད་ཟེར་ན་བཤད་ཁག་པོ་རེད། དཔེར་ན་ཕོ་མཆོག་མོ་དམན་བྱེད་རྒྱུ་དེ་ཚོ་ཡག་པོ་མ་རེད། དེར་བརྟེན་བུད་མེད་ཚོས་སྙིང་སྟོབས་ཆེན་པོའི་སྒོ་ནས་མདུན་སྐྱོད་དང་བརྩོན་ལེན་བྱེད་དགོས་རེད། སུས་འཇོན་རེད་མ་གཏོགས་ཡག་སྡུག་འདི་ཟེར་བ་ཡོད་མ་རེད། ཅེས་གསུངས།


སྲོལ་རྒྱུན་ལ་རྒྱུན་སྐྱོང་བྱེད་རྒྱུར་གལ་ཆེ་ཡང་། དུས་རབས་དང་མཉམ་སྐྱོད་བྱེད་རྒྱུར་དེ་ལས་གལ་ཆེ། སྲོལ་རྒྱུན་ལ་རྙིང་འདོར་བཅུད་ལེན་བྱེད་དགོས་པ་མང་པོ་ཡོད་ཀྱང་དེའི་ནང་ནས་ཕོ་མཆོག་མོ་དམན་བྱེད་རྒྱུའི་ལྟ་བ་དེའི་མཇུག་ཡོངས་སུ་རྫོགས་ཟིན་པ་རེད། ང་ཚོ་སྦྲ་ཆེན་བ་ཚོས་ད་དུང་ཕོ་མཆོག་མོ་དམན་གྱི་ལྟ་བ་དེ་སྲོལ་རྒྱུན་རེད་ཟེར་ནས་ཤི་འཐམ་རོ་འཐམ་བྱས་བསྡད་པ་ཡིན་ན་དགོས་དམིགས་དང་ཁེ་ཕན་ཡོད་དམ། དེ་ལས་སྤྱི་ཚོགས་ལ་ཕན་པའི་རྣམ་དཔྱོད་ཅན་གྱི་ཕོ་མོ་གང་ཞིག་ཚར་ལངས་བྱུང་བ་ཡིན་ན་དེ་ལ་གདེང་འཇོག་དང་གུས་བརྩི་བྱེད་དགོས་པ་ཞིག་རེད་ལ་བྱས་ན་ཕན་པ་ཡང་ཡོད་པ་ནི་བཤད་མ་དགོས་པ་རེད། ད་ནས་བཟུང་སྦྲ་ཆེན་གྱི་བུད་མེད་ཚོས་སོ་སོའི་རྐང་པའི་ཐོག་ནས་སོ་སོས་མདུན་ལམ་དང་ཤེས་ཡོན་ལ་ཧུར་བརྩོན་བྱེད་ནས་ནམ་ཞིག་མོ་མཆོག་ཕོ་དམན་གྱི་ཁོར་ཡུག་ཅིག་མགོ་སྟེང་སློག་ཏེ་བསྐྲུན་ཐུབ་པའི་དཔའ་སྤོབས་གདེང་གསུམ་གྱིས་མདུན་ལམ་རིང་མོའི་སྒོ་ཐེམ་རིམ་སྐས་འཛེགས་ཏེ་གཡུལ་ཟའི་གར་སྟེགས་ཐོག་ནས་བརྩོན་ལེན་བྱོས་དང་ནམ་ཞིག་ཁྱོད་ཚོ་དམན་སར་འཛིན་པའི་ལྟ་བ་ངན་པ་དེ་ནི་གཙང་སེལ་བྱེད་ཅིང་རྣམ་པར་རྒྱལ་ཐུབ།


ང་ཚོས་རྒྱ་ཆེ་ས་ནས་རྒྱལ་ཁབ་དང་། མི་རིགས། ཡང་ན་ཨ་མདོ་དང་མཐའ་འཁོར་གྱི་རྫོང་སོགས་ལ་ཅིག་ལྟོས་དང་། དཔེར་ཁྱུང་པོ་སྟེང་ཆེན་རྫོང་ལ་མཚོན་ན། སྤུ་རྒྱལ་རིག་གཞུང་ཚོགས་པ། ཁྱུང་པོའི་བྲིས། རས་པ་སོགས་ལ་གཞུང་འབྲེལ་ཡོད་པའི་ཚོགས་པ་དང་། སྲོལ་རྒྱུན་རིག་གནས་ཁག་ཉམས་པ་སླར་གསོ་གནང་སྟེ་ད་ལྟ་གང་འདྲ་མི་འདུག་གམ། ང་ཚོ་སྦྲ་ཆེན་རྫོང་ཡོངས་ལ་ཅིག་ལྟོས་དང་། དམངས་ཁྲོད་ཀྱི་རིག་གནས་འབྲེལ་བའི་གཞུང་འབྲེལ་གྱི་ཚོགས་པ་དང་སློབ་གྲྭ་སོགས་ཚང་མ་སྟོང་པ་ཀླད་ཀོར་ཆགས་བསྡད་པ་དེ་རྒྱུ་མཚན་གང་ཡིན་ནམ། ཞེས་གསུངས།


ད་ལྟའི་འཛམ་གླིང་འདིའི་སྒང་དུ་གནས་པའི་འགྲོ་བ་མི་ཡི་རྣམ་དཔྱོད་ཀྱི་རིག་གནས་ཆུ་ཚད་གང་ལ་སླེབས་འདུག་མཐོང་ཐོས་མྱོང་གསུམ་བྱུང་སོང་ངམ། མཐའ་ན་ཞ་ལོང་འོན་ལྐུགས་ཚང་མས་སོ་སོའི་ལྟོ་གོས་ཙམ་འཚོ་ཐབས་བྱེད་ཐུབ་པར་ལྟ་ཅི་སྨོས། དེ་ཚོས་རང་གི་རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་ཞུ་ཐུབ་པའི་དུས་རབས་ལ་སླེབས་ཡོད་རེད། དེ་རིགས་རྣམ་དཔྱོད་ཀྱི་བློ་སྒོ་ཡངས་པོར་ཕྱེས་ཏེ་མདུན་སྐྱོད་དང་བརྩོན་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྨད་བྱུང་གི་འབྲས་བུ་ཞིག་རེད། གཡས་གཡོན་ཉེ་འཁོར་དུ་མིག་དཔེར་འོས་པའི་སྐྱེས་ཆེན་ཁག་གི་རླབས་ཆེན་གྱི་མཛད་རྗེས་དང་རྣམ་དཔྱོད་ཅན་གྱི་མི་སྣ་དག་གིས་ཤེས་ཡོན་གྱི་ཁོར་ཡུག་བསྐྲུན་པར་དགའ་བསུ་དང་ཡི་རངས་ཡོད། ང་ཚོ་སྦྲ་ཆེན་བ་ཚོས་ད་ལྟ་བར་དུ་དེ་འདྲ་མ་ཆགས་བ་དེ་སུ་ཡིས་ལན་པ་རེད་ལ་འགོག་རྐྱེན་གང་ཞིག་འཕྲད་པ་རེད། རྒྱུ་རྐྱེན་གང་ཞིག་མ་འཛོམས་པ་རེད། དེ་ནི་གཅིག་གི་རྒྱབ་སྐྱོར་གཅིག་མེད་པ་རེད་ལ། གཅིག་གི་རྐང་པ་གཉིས་ཀྱིས་འཐེན་པའི་རྒྱུ་མཚན་གྱིས་རེད་སྙམ། དེའི་རིགས་ལ་བསླབ་བྱ་སློབ་གསོའི་གོ་རྟོགས་སྤེལ་མ་ཐུབ་པའི་རྒྱུ་མཚན་རེད་ལ། མི་རབས་གསར་པ་རྣམས་ལ་རྣམ་དཔྱོད་ཤེས་ཡོན་གྱི་ཆ་མ་འདང་བ་ནི་གཙོ་བོར་ཕ་མའི་སློབ་གསོ་དང་དགེ་རྒན་གྱི་སློབ་ཁྲིད་ལ་རགས་ལས་ཡོད་པས་ཐོག་མར་དེ་རྣམས་ཀྱི་བསམ་མནོ་གོང་འཐོར་བཏང་སྟེ་སློབ་གསོའི་ཁོར་ཡུག་གི་གདེང་ཆ་ཞིག་བསྐྲུན་དགོས་པ་གལ་ཆེ། 


འཛམ་གླིང་གི་འཕེལ་རྒྱས་དང་འདབ་འབྲེལ་ས་ཁག་ལ་བལྟས་ན་སྦྲ་ཆེན་ལུང་པ་འདི་གང་འདྲ་བྱས་ནས་ལྐུགས་པ་ཆགས་བསྡད་པ་རེད། གང་འདྲ་བྱས་ནས་རྗེས་ལུས་ཐེབས་བསྡད་པ་རེད། དེ་ནི་འབད་བརྩོན་མ་བྱས་པའི་སྐྱོན་རེད། བརྩོན་ལེན་མ་བྱས་པའི་སྐྱོན་རེད། ཅེས་གསུངས།

འཛམ་གླིང་འཕེལ་རྒྱས་འགྲོ་བའི་རྩ་བ་ནི། དེའི་ཐོག་ཏུ་གནས་པའི་འགྲོ་བ་མི་ཡི་རྣམ་དཔྱོད་ཀྱི་དབལ་ལས་འཁྲུངས་པའི་སྟོབས་ཤུགས་དང་ནུས་ཚད་ལ་རགས་ལས་ཡོད། ང་ཚོ་སྟོབས་ཤུགས་དང་ནུས་ཚད་ཀྱིས་མ་འདང་བར་ལྷག་བསྡད་པ་རེད་སྙམ། སྟོབས་ཤུགས་ཡོང་བར་བྱེད་པ་ལ་མཐུན་སྒྲིལ་གྱི་ནུས་པ་སྤུངས་དགོས་པས་དེ་མེད་པའི་རྐྱེན་གྱིས་རྗེས་སུ་ལྷག་བསྡད་པ་རེད། ང་ཚོའི་ལུང་པར་དེ་ལས་ལྡོག་སྟེ་རྩྭ་ས་རྩོད་གླེང་དང་ཕ་སྤུན་ནང་དམེ་གྲོང་རོགས་ཁྱིམ་མཚེས་བར་ལ་འཁྲུག་འཛིང་བྱས་ཏེ་རྟག་ཏུ་འཐབ་རྩོད་མུན་ཁང་ནང་དུ་མི་ཚེ་བསྐྱལ་བསྡད་པའི་རྒྱུ་མཚན་གྱིས་འཕེལ་རྒྱས་ཀྱི་རྨང་གཞི་མཐུན་སྒྲིལ་བརླགས་ཏེ་གཡས་གཡོན་མི་བུ་དག་ལས་རྗེས་ལུས་ཐེབས་སོང་བས་དེའི་རིགས་ལ་བསམ་མནོ་རྒྱ་བསྐྱེད་གཏང་དགོས་པའི་ཐབས་ལམ་འབད་དགོས།


མི་ཚེའི་རིན་ཐང་ཟེར་བ་དེ་ཁ་ཟས་ཙམ་གྱིས་འགྲིག་བསྡད་པ་ཡོད་བསམ་པ་དེ་ཐ་ཤལ་གྱི་བསམ་མནོ་རེད། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཁ་ཟས་ལྟོ་གོན་འགྲིགས་པའི་ཐོག ཆེ་ས་རྒྱལ་ཁབ། ཡང་ན་མི་རིགས། ཡང་ན་ཕ་ཡུལ་མེད་པ་ནས་ཡོད་པ། ཡོད་པ་ལས་གོང་འཕེལ་ལམ་ལ་འབད་ཐུབ་པ་ཞིག་དགོས་རེད། ཅེས་གསུངས།


མིའི་རིན་ཐང་ཟེར་བ་ནི་ཁ་ཟས་དང་ལྟོ་གོས་བསྒྲུབས་ཐུབ་པ་ཙམ་གྱིས་ག་ལ་ཡིན། དེ་ནི་དུད་འགྲོ་རྩྭ་གཟན་ཡན་ཆོད་ཀྱིས་འཚོལ་བསྒྲུབས་བྱེད་ཐུབ་པ་ནི་བཤད་མ་དགོས་པས་སོ། དེ་ཙམ་ལས་བསམ་བློའི་འཁོར་རྒྱ་མེད་ན་ཐ་ཤལ་ནང་གི་ཡང་ཤལ་ལོས་ཡིན། དེ་ལས་ལྷག་པའི་རྣམ་དཔྱོད་ཤེས་རབ་ཀྱི་གྲོགས་བརྩོན་འགྲུས་ལ་བརྟེན་ཏེ་དེ་གཉིས་ཟུང་འབྲེལ་ལམ་ནས་ཐོག་མར་ནང་བསམ་བློའི་འཁོར་རྒྱ་མཐོར་འདེགས་བཏོན་ཅིང་དེའི་ནུས་སྟོབས་ལས་ཕྱི་དངོས་པོའི་དཔལ་ཡོན་བསྐྲུན་དགོས་པས་དེ་ལ་འབད་འབུངས་ལྷུར་ལེན་གྱིས་མདུན་དུ་སྐྱོད་ཐུབ་པ་དགོས། བརྩོན་འགྲུས་མེད་ན། ཤེས་རབ་རོ་དང་འདྲ་ཟེར་བ་བཞིན་ནོ།


ང་ཚོའི་དགོན་པ་ཁག་གི་བླ་མ་རྣམ་པར་ཞུས་ན། གཞན་ཡང་མདོ་སྨད་བླ་མ་ཆེ་ཁག་དག་གིས་རླབས་ཆེན་གྱི་མཛད་འཕྲིན་དང་། ཉེ་ས་ནས་ཁྱུང་པོ་སྟེང་ཆེན་དགོན་དང་། རྩེ་དྲུག་དགོན་སོགས་བསྟན་དོན་སྤྱི་ལ་ཕན་པའི་ལས་དོན་རྒྱ་ཆེར་གང་འདྲ་སྒྲུབ་ཀྱིན་འདུག དེ་མིན་བསྟན་པ་ལ་བྱས་རྗེས་འཇོག་མཁན་ག་ཚོད་འདུག ང་ཚོ་སྦྲ་ཆེན་གྱི་བླ་མ་དང་དགོན་པ་ཁག་ལ་མཚོན་ན་སོ་སོའི་དགོན་པ་ཙམ་མ་གཏོགས་བསྟན་དོན་སྤྱི་ལ་ལ་དོན་རྒྱ་ཆེན་སྒྲུབ་མཁན་མེད་པ་རྒྱུ་མཚན་གང་ཡིན་ནམ།     ཞེས་གསུངས།


དེ་ནི་གཙོ་བོར་རྩེ་རུ་བཞུགས་པའི་བླ་མ་རྣམ་པ་དང་། བར་དུ་འགན་ཁུར་མི་སྣ། གཤམ་དུ་མང་ཚོགས་རྣམ་པ་ཚང་མའི་ཁུར་དུ་འཁྲི་བའི་ལས་འགན་ཞིག་ཆགས་ཡོད་སྟབས་ཚང་མས་བསམ་གཞིགས་བྱ་དགོས་པའི་སྐབས་དང་དུས་ལ་བབས་ཡོད་རེད་སྙམ། བླ་མ་རྣམ་པ་གཙོས་པའི་སྣེ་ཁྲིད་མི་སྣ་ཚོས་ཐོག་མར་སོ་སོའི་རྒྱུད་ལ་གཞན་ལ་བསླབ་བྱ་སློབ་གསོ་སྤེལ་ཐུབ་པའི་ཤེས་ཡོན་དང་མཐོང་ཐོས་མྱོང་གསུམ་གྱིས་མཁྱེན་དཔྱོད་ཡངས་པོའི་བློ་མིག་གི་རྣམ་དཔྱོད་ལྡན་ཐུབ་པའི་འབད་བརྩོན་བྱ་དགོས། 

གཞི་རྐང་དེའི་ལམ་ནས་མི་མང་མང་ཚོགས་ལ་མཛའ་ཞིང་བརྩེ་བའི་བཀའ་སློབ་ལམ་སྟོན་སྤེལ་ནས་ཕྱོགས་ཕན་ཚུན་བར་ལ་མཛའ་བརྩེའི་འབྲེལ་ཐག་གསེར་གྱི་ཟམ་ཆེན་འཛུགས་ཏེ་རྒྱུན་དུ་གཟིགས་རྟོགས་གནང་དགོས་རྒྱུ་གལ་ཆེ། 

གཤམ་དུ་མི་མང་རྣམ་པས་ཀྱང་ཁོང་རྣམས་ལ་གུས་བཀུར་དང་གདེང་འཇོག་ཆེ་ཐང་བྱེད་རྒྱུ་གལ་ཆེ།  རྭ་རུ་གཡས་གཡོན་དང་ང་ཆེ་ཁོ་རྒྱལ་ལྟ་བུར་མ་ཡིན་པར་ཆེ་འོག་ཆུང་འདུག་མགོ་འོག་ལུས་ཚད་མདོར་ན་བྱ་སྤུ་གནོན་གྱི་ཚུལ་དུ་འགྲོ་དགོས་རྒྱུ་རྩ་བའི་སྒྲོམ་གཞི་ཞིག་རེད་ལ་སོ་སོའི་ཁོར་ཡུག་གང་འདྲ་ཞིག་བསྐྲུན་དགོས་མིན་ནི་སོ་སོའི་སེམས་ཤུགས་དང་འབད་བརྩོན་ལ་རགས་ལས་ཡོད་པས་དེའི་ཐད་ལ་གདོང་ལེན་གྱིས་འབད་བརྩོན་བྱེད་རྒྱུར་གལ་ཆེ།


ཧོར་ཡུལ་སྦྲ་ཆེན་ལུང་པར་འདས་པའི་ལོ་རབས་ལ་ཕྱི་མིག་ཞིག་བལྟས་པ་ཡིན་ན། གཞན་དང་བསྡུར་ན་རྗེས་ལུས་མི་དགོས་གང་ས་ཅིའི་ཐད་ནས་བསྔགས་བརྗོད་དང་ཡི་རངས་བྱེད་ས་ཞིག་ཡིན་པ་བརྗོད་ཅི་ལ་དགོས།

ཉམས་དང་རྟོགས་པ་མངོན་དུ་གྱུར་ཞིང་རིག་པ་རང་དབང་ཐུབ་པའི་རྟོགས་ལྡན་གྲུབ་ཐོབ་དང་། མཁྱེན་དཔྱོད་ཀྱི་གཤོག་རླབས་མཁའ་མཐར་ཕྱིན་ཅིང་སྙན་པའི་གྲགས་པ་དགུང་འཕྱུར་བའི་མཁས་པའི་དབང་པོ་གྲངས་ལས་འདས། 

སྟོབས་འབྱོར་མངའ་ཐང་གི་ལོངས་སྤྱོད་སུམ་རྩེན་དཔལ་དུ་འགྲན་ཅིང་སྦྲ་ཆེན་གསེར་ལུང་ཕྱུག་མོ་ཞེས་མིང་དོན་མཚུངས་པར་ཡང་གྲགས་ཡོད་པ་ནི་སྨོས་མེད་རེད། 

བོན་གྱི་གདན་ས་གོང་འོག་གཙོས་པའི་དགོན་སྡེ་ཁག་གི་རྟེན་བཞེངས་དང་ཕྱི་ནང་འཛུགས་སྐྲུན་སོགས་ཀྱི་ཆེད་དུ་དམིགས་འབེན་བཟུང་ནས་ཕེབས་སར་ཡང་ཆགས་ཡོད་པ་ནི་བརྗོད་ཅི་ལས་དགོས། གཞན་ཡང་བླ་མ་ག་གེ་མོ་དང་གྲྭ་བཙུན་མཐའ་ན་མི་འཁྱམས་སྤྲང་པོ་ཡན་ཆོད་ཀྱིས་ལག་པ་བཟེད་ཅིང་མིག་ཅེར་ནས་ཡོང་སར་ཡང་དེ་བཞིན་ཡིན་པ་ནི་མིག་མཐོང་ལག་ཟིན་ཡིན་པ་ནི། བུ་ཕས་བསྟོད་མི་དགོས་དགྲ་ཡིས་བསྟོད། བུ་མོ་མས་བསྟོད་མི་དགོས་གནས་ཀྱིས་བསྟོད་ཟེར་བ་ནང་བཞིན་ཀུན་གྱིས་མཁྱེན་གསལ་རེད། 


མི་སུ་ཡིན་རུང་རང་ཡུལ་ལ་ཞེན་ཆགས་ཡོད་པ་རེད། དེས་ན་ངས་དེ་རིང་སྐད་ཆ་བཤད་པ་དེ་ཚོ་ང་རང་གི་ཕ་ཡུལ་གྱི་མི་ཞིག་ཡིན་བསམ་ནས་བཤད་པ་ཡིན། གནས་སྐབས་དབྱར་རྩྭ་དགུན་འབུ་ཁོ་ན་ལ་སྐྱབས་གནས་མཐར་ཐུག་ཏུ་མ་འཛིན་པར་ཕྱོགས་ཡོངས་ནས་གོམ་པ་རིམ་བགྲོད་ཀྱི་སྒོ་ནས་སྦྲ་ཆེན་གྱི་རྣམ་པ་གསར་དུ་གཏོད་རྒྱུ་དེ་ཆེས་གལ་ཆེའི་རང་བཞིན་ལྡན་པ་ཞིག་ཡིན། ཞེས་གསུངས།


ཞེན་ཆགས་ཟེར་བ་དེ་དོན་དམ་པའི་ཉམས་ལེན་ལ་སྦྱར་ན་རང་རྒྱུད་ལས་འདོར་ཅི་ཐུབ་བྱེད་དགོས་པ་རྒྱལ་བའི་བཀའ་ལུང་ལས་གྲུབ་ཀྱང་། འཇིག་རྟེན་མི་ཆོས་རིང་ལུགས་དང་བསྟུན་ནས་དགའ་སྐྱོ་ཆགས་སྡོང་གི་ཁྲོད་དུ་འགྲོ་དགོས་དུས་ཤི་མིན་གསོན་མིན་གོ་མེད་ཚོར་མེད་ལྟ་བུར་མ་ཡིན་པར་རང་རྒྱུད་ལ་སེམས་ཚོར་རྣོ་པོ་རེ་ལྡན་དགོས། དེ་ལྡན་པའི་ཐབས་ལ་ཆགས་ཡུལ་དང་ཞེན་ཡུལ་ཟེར་བ་དེ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པས་ངེས་པར་དུ་ཡོད་དགོས།

ཕ་ཡུལ་བ་ཚོས་ད་ལྟའི་ཆར་དབྱར་རྩྭ་དགུན་འབུ་ཙམ་ལ་འཚོ་ཐབ་ལ་བརྟེན་ནས་གནས་སྐབས་བཟའ་བཏུང་ལོངས་སྤྱོད་རྒྱས་སྤྲོས་བྱེད་དེ་འདོད་དོན་ཁེངས་ནས་སྣང་བས་སྣང་བ་བཏེགས་ཏེ་མགོ་བོ་འཁོར་ནས་བསྡད་བཞག་པ་ཡིན་ན་མ་འོངས་པར་དཔལ་འབྱོར་ཐད་ཚོང་ལས་རིག་པ་དང་། སྤྱི་ཚོགས་རིག་པ་སོགས་གང་གི་ཆ་ནས་རྗེས་ལུས་ཡང་ལུས་འགྲོ་བས་དེའི་ཐད་ལའང་འབད་བརྩོན་དང་སློབ་སྦྱོང་བྱེད་རྒྱུར་ཧ་ཅང་གལ་ཆེ་བར་མཐོང་།


གསལ་བཤད་ཅུང་ཙམ་ཞུ་རྒྱུར།

གོང་དུ་གུས་ཉིད་ཀྱིས་བྲིས་པ་འདི་ལ་བསམ་ཚུལ་མཐུན་མིན་ཐད་ལ་ཕ་ཡུལ་བ་ཚོར་ཐད་ཀར་མཚང་འབྲུ་ལྟ་བུའི་དོ་ཕོག་འགྲོ་སྲིད་ལ་དེར་བརྟེན་ནས་གུས་ལ་སྡིགས་མོ་དང་མིག་གདོང་བསྒྲད་ཅིང་བཀའ་བཀྱོན་ཡང་འབེབས་སྲིད་པས་དེ་རིགས་ཚང་མ་གུས་པས་གདོང་ལེན་དང་བསམ་ཤེས་བྱེད་ཐུབ་པའི་སྤོབས་སེམས་དང་དམ་བཅའ་སྔོན་དུ་བཏང་སྟེ་བྲིས་ཡིན་ཟེར་ནས་ཞུ་རྒྱུ་ཡིན།

འདི་འབྲི་དགོས་པའི་རྒྱུ་མཚན་ཡང་ཡོད་དེ་མཆོག་ཏུ་བཀུར་བར་འོས་ཤིང་རང་རིགས་ཕ་ཡུལ་སྦྲ་ཆེན་ལུང་པར་དུངས་ཞེན་ཟབ་པའི་མཁས་དབང་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་ཡེ་ཆུ་སྔོན་མོའི་བརྩེ་བ་ཞེས་པའི་སྙན་དེབ་མཛད་སྒོའི་ཐོག་ཏུ་སྤེལ་བའི་ཁ་ཚ་དགོས་གཏུགས་ཀྱི་བཀའ་སློབ་དོན་སྙིང་ལྡན་པ་དེ་ལ་གུས་བརྩེ་དང་རྒྱབ་སྐྱོར་མཚོན་བྱེད་ཙམ་དུ་མ་ཟད་ཕ་ཡུལ་སྦྲ་ཆེན་གསེར་ལུང་ཕྱུག་མོའི་ལྗོངས་སུ་ད་ལྟའི་ཆར་མཐོ་དམན་གང་ལ་བལྟས་ན་བསམ་བློའི་ཆུ་ཚད་དང་། ཤེས་ཡོན་རིག་གནས། ནང་ཁུལ་མཐུན་སྒྲིལ། བསླབ་བྱ་སློབ་གསོ་སོགས་ཕྱོགས་གང་ཅིའི་ཐད་ནས་ཞན་ཆ་ཆེན་པོར་སོང་བསྡད་པའི་རྣམ་པ་མཐོང་ཐོས་མྱོང་གསུམ་བྱུང་བས་གུས་ཉིད་མི་བུ་ཆུང་ཡང་བསམ་པ་དཀར་བའི་ཐོག་ནས་མཁས་དབང་ཁོང་གི་གསུང་ལ་གཞིར་བཞག་ནས་ཅུང་ཙམ་ཞིག་ཕན་ན་སྙམ་སྟེ་དྲན་གཏིང་སྦུབས་སུ་འཁྱིལ་བའི་ལ་རྒྱའི་ཟུང་ཁྲག་དེ་ཚོར་འདུ་དྲག་པོའི་སྲུབས་བར་ནས་བཞུར་ཅིང་སྨྱུག་རྩེའི་སོ་ཁ་ཕ་ཡུལ་སྦྲ་ཆེན་ལ་གཏད་དེ་ལས་ཀའི་བྲེལ་ཚུབ་ཀྱི་བར་གསེང་ནས་བྲིས་ཏེ་མགྱོགས་མྱུར་དུ་སྤེལ་བས་དག་ནོར་དང་དོན་ནོར་ཐལ་ཆ་དང་ནོར་འཁྲུལ་སོགས་ཤོར་ཡོད་རིགས་རྣམས་ལ་མཐོལ་བཤགས་དང་བཟོད་གསོལ་ཞུ་ཆོག


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.