ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་བསྔགས་པའི་དབྱངས་རྟ་ཚོམ་བུ།།
[ 2017/4/22 20:31:00 | By: ཨ་ཀྲོང་རིན་རྒྱལ། ]
 

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་བསྔགས་པའི་དབྱངས་རྟ་ཚོམ་བུ།།

ཨ་ཀྲོང་རིན་ཆེན་རྒྱལ་མཚན། 

བསྐལ་ཆེན་སྟོན་པ་རྣམ་འདྲེན་བརྒྱད་པས་གནས་ལྔ་རིག་པའི་གཞུང་ལུགས་བསྟན།

སྒྲ་ཚད་རིག་པའི་བོན་སྡེ་ལ་སོགས་ཁྱད་པར་ཚད་མ་སྡེ་བདུན་དར།

རྟག་གཟིགས་མཁས་པ་སྙ་ཆེན་ལི་ཤུས་ཚད་གསུམ་རིག་པའི་ཏྲི་ཀ་བཏབ།

ཤ་རི་ཨུ་ཆེན་དྲན་པ་ལ་སོགས་ཚད་མའི་གཞུང་ལུགས་རྒྱ་ཆེར་སྤྲོས།

 

དགོན་ཆེན་གཡས་རུ་དབེན་སའི་ཁ་ཞེས་མཁས་བཙུན་བཟང་གསུམ་དཔལ་མངའ་བའི།།

སྟོན་པ་བཅོ་བརྒྱད་མཚན་སྙན་གྲགས་པའི་དོན་ལྡན་མཁས་མཆོག་གསེར་རིའི་ཕྲེང་།

གབ་མཛོད་ས་གསུམ་དགག་སྒྲུབ་གནང་སྟེ་མདོ་སྔགས་ལྟ་བའི་དགོངས་སྤྱོད་བཞུར།

སྙིགས་དུས་འགྲོ་བའི་འདྲེན་པ་ཆེན་པོ་རྒྱལ་བ་གཉིས་པས་སྨན་དགོན་བཏབ།

 

ཡར་ངོའི་ཟླ་བ་ཧྲིལ་པོའི་ནང་དུ་འཆད་རྩོད་རྩོམ་གྱི་འཁོར་ལོ་བསྐོར།

མར་ངོར་བསྙེན་སྒྲུབ་དབང་ལུང་ལ་སོགས་བསོད་ནམས་ཚོགས་ཀྱི་ཞིང་དུ་སྦྱངས།

འདི་ནི་རྒྱལ་བ་གཉིས་པའི་རིང་ལུགས་རྨ་མེད་སྲོལ་ཆེན་འཛིན་པའི་སྡེ།

གྲགས་པའི་དབྱར་རྔ་སྟོང་གསུམ་ལྡིར་བའི་འདུས་ཚོགས་ཆེན་མོ་འདི་ཉིད་བསྔགས།

 

རྒྱལ་བ་སྨན་རིའི་མཁན་སློབ་གཙོས་པའི་སྐྱེས་ཆེན་དུ་མའི་ཐུགས་རྗེ་ཡིས།

རྒྱ་གར་འཕགས་པའི་གྲུ་ཁ་ཞིག་ནས་བསྟན་པའི་མེ་རོ་དགུང་དུ་སྤར།

སྔར་སྲོལ་གྲྭ་སའི་རིང་ལུགས་བཞིན་དུ་འདུས་སྡེ་ཆེན་མོ་འདི་ཉིད་བཙུགས།

རབ་འབྱམས་དགེ་བའི་བཤེས་གཉེན་བརྒྱ་ཕྲག་མཚན་རྟགས་གསེར་གྱི་ཅོ་པན་གསོལ།

 

གཞུང་ལུགས་རྒྱ་མཚོའི་ཉིང་དགོས་བཞུར་ཏེ་ཚ་ཟེར་རིག་པའི་རྣོ་ངར་བརྡར།།

འབྲས་དང་རྡ་ལིའི་འཚོ་བཅུད་བརྟེན་ཞིང་སྒོ་བཞི་མཛོད་ལྔའི་གཞུང་རྒྱ་འཆད།།

བཤེས་གཉེན་དུ་མའི་ཞལ་སྔར་འགྲིམས་ཏེ་ཟབ་གདམས་གཞུང་རྒྱའི་གལ་གནད་བཀྲོལ།།

ཐལ་ཕྱིར་རྩོད་པའི་འཕྲུལ་འཁོར་བསྐོར་བས་ཕྱི་རྒོལ་ལོག་སྨྲའི་ཀླད་རྩ་བཅོམ།།

 

བློ་གསལ་རིག་པའི་སྒོ་རྒྱ་དབྲལ་ཞིང་རྨོངས་པའི་བག་རྒྱར་འོད་ཞགས་འཁྱུགས།

དཔྱད་གསུམ་དག་པའི་ལུང་རིག་སྦྲེལ་ཏེ་གནས་གསུམ་ཚད་མའི་གཞལ་བྱར་མཇལ།

ཚུལ་གསུམ་རྟགས་ཀྱིས་དགག་སྒྲུབ་རྩོད་པས་འདོད་འབྱུང་ནོར་བུ་ཤུགས་ཀྱིས་བསྒྲུབས།།

ཐེག་དགུའི་རྣམ་བཞག་སོ་སོར་བཀྲལ་བས་ཕྱི་ནང་ཁྱད་པར་རླབས་ཀྱིས་འབྱེད།

 

ས་བཅུ་ལམ་ལྔའི་ཐེམ་སྐས་འཛེགས་ཏེ་དབྱིངས་དགུའི་ཀློང་ནས་མུན་སྒྲིབ་བསལ།

ཟབ་མོ་དབུ་མའི་གཞུང་དོན་བཀྲོལ་ཏེ་སྤྲོས་བྲལ་སྟོང་པའི་གཤིས་ལུགས་གཟིགས།

མཛོད་ཆེན་ནོར་བུའི་གཏེར་ཞལ་ཕྱེས་ཤིང་ཡ་ཐོག་སྲིད་པའི་གྲོལ་ཚུལ་འཆད།།

འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྫོགས་པས་རྨ་མེད་དྲང་སྲོང་ངང་ཚུལ་བཞེངས།

 

གསང་བ་སྔགས་ཀྱི་ལྟ་སྤྱོད་རློམ་པོ་ཕལ་གྱི་རྟོགས་ངོར་མི་གྲུབ་ཡང་།

བསྐྱེད་རྫོགས་རིམ་གཉིས་ལྷ་ཞལ་འཁུམ་པས་མ་བཅོས་སེམས་ཀྱི་རང་བབ་གཞལ།

མཐར་ཐུག་ཐེག་པ་གཅིག་ཏུ་སྒྲིལ་ཏེ་ཡེ་གྲོལ་ཆེན་པོའི་དགོངས་རྩལ་ལས།

ཐིག་ལེ་ཉག་གཅིག་དགོངས་མངའ་བསྙེམས་ཤིང་བླ་མེད་ལྟ་བའི་རྒྱལ་སར་འཛེགས།

 

གཙུག་གི་རྒྱན་གཅིག་མཁན་སློབ་རྣམ་པའི་ཐུགས་རྗེ་ཆེན་པོའི་བཀའ་དྲིན་འོག 

ངུར་སྨྲིག་འཁྱུད་པའི་འདུས་སྡེ་འདི་ཡིས་ཐོས་བསམ་འཚོ་བའི་དཔལ་དུ་རོལ།།

མདོར་ན་ཐུན་མིན་མདོ་སྔགས་སེམས་གསུམ་ཐུན་མོང་རིག་པའི་གནས་ལྔ་སོགས།

གང་གི་ཐད་ལ་ཐོགས་ཆགས་བྲལ་ཞིང་སྙན་པའི་བ་དན་མཁའ་མཐར་གྲགས།།

 

སྤྱིར་དུ་སངས་རྒྱས་བསྟན་པ་འདི་དང་དགོས་སུ་རྒྱལ་བ་སྨན་རི་ཚང་།

བསྟན་པའི་གདུགས་དཀར་ཕྱོགས་བཅུར་དབུབ་སྟེ་མི་ནུབ་སྲིད་པའི་བ་དན་བསྒྲེངས།

གཤེན་བསྟན་གསལ་བའི་འོད་ཀྱི་སྡེ་ཚོགས་བཤད་སྒྲུབ་འདུས་པ་རྒྱ་མཚོ་ཡི།

དུས་ཚིགས་ཤར་བའི་རྟེན་འབྲེལ་ཉིན་མོ་དྲན་གདུང་ཀློང་ནས་གཅེས་སུ་བཏེགས།

 

༧གདན་ས་ཆེན་མོ་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་༣༩འཁོར་བའི་དུས་དྲན་མཛད་སྒོ་གྲུབ་མཚམས་སུ་ཐོལ་བྱུང་ནས་བྲིས་ཏེ་ཕུལ།


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.