ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཧོར་སྦྲ་ཆེན་རྫོང་གི་བྱུང་རབས་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་གྱི་གླེང་གཞིའི་ས་བོན
[ 2015/4/13 18:43:00 | By: ཨ་ཀྲོང་རིན་རྒྱལ། ]
 

ཧོར་སྦྲ་ཆེན་རྫོང་གི་བྱུང་རབས་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་གྱི་གླེང་གཞིའི་ས་བོན།

རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན།

 ཐོག་མར་ལོ་རྒྱུས་ཀྱི་ཁུངས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར་ཞེས་པ་ལྟར་མི་ཡོང་བའི་ངེས་པ་མེད་པས་རྒྱུ་མཚན་དེ་ལ་གཞིགས་ནས་སྐབས་བབ་ཀྱི་བརྗོད་གཞི་འདི་དང་འབྲེལ་བའི་ལམ་ནས་ཅུང་ཙམ་བཤད་ན། ཧོར་སྦྲ་ཆེན་རྫོང་གི་བྱུང་རབས་ལོ་རྒྱུས་ཐད་ལ་སྲིད་པ་ཆགས་ཀྱི་གངས་རྒན་ལྟ་བུ་ཞིག་ཡིན་པ་ལས་མདང་སུམ་ཆགས་ཀྱི་བ་མོ་ལྟ་བུར་མ་ཡིན་པ་ནི། ཡིད་ཆེས་མངོན་གསལ་སྟོན་པའི་ལུང་དང། ལམ་འཕྲང་དོགས་མོའི་ཀྱག་ཀྱོག་ལས་མཆེད་པའི་བདེན་དཔང་གི་ལོ་རྒྱུས། ཉམས་མྱོང་རིན་ཐང་བྲལ་བའི་བགྲེས་སོང་རྒན་རབས་རྣམས་ཀྱི་ངག་ནས་དྲངས་པའི་འབེལ་གཏམ་སོགས་རྒྱབ་ལྗོངས་མི་འགྱུར་བྲག་ཆེན་གཏམ་པའི་རི་བོ་ལ་གཞི་བཅོལ་ཞིང། དེ་དག་གི་དོན་ལ་རིག་འཕྲུལ་གཏེར་གྱི་བློ་སྒོ་ཡངས་པོར་ཕྱེས་ཏེ་དཔྱད་བསྡུར་ལྷད་མེད་གསེར་གྱི་ཨ་ལོང་ལྟར་བུ་ཞིག་ཕྲན་བློ་གཟུ་བོར་གནས་ཤིང་མ་འོངས་གླེང་གཞིའི་ས་བོན་ཞིག་སྐྲུན་བསམ་པའི་འདུན་པ་སྔོན་ཏུ་སྟོན་ཏེ་བརྗོད་པར་འདོད།

དེ་ཡང་སྐབས་འདིར་གླེང་བར་བྱ་བའི་བརྗོད་གཞི་གཙོ་བོ་ཧོར་ཚོ་བ་སུམ་ཅུ་སོ་དགུའི་ནང་ཚན་ཧོར་སྦྲ་ཆེན་རྫོང་ཞེས་པའི་ཚོ་ཤོག་འདི་དང་འབྲེལ་བའི་ཐོག་ནས་བྱུང་རབས་ལོ་རྒྱུས་མདོར་ཙམ་གླེང་གཞིའི་ཁོགས་དབུབ་སྟེ་ཅུང་ཙམ་གླེང་ན།གངས་ཅན་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀུན་འབྱུང་སའི་ཆུ་འགོ་ལྟར་གྱུར་པའི་ཞང་ཞུང་སྒོ་ཕུགས་བར་གསུམ་ཞེས་ཡོངས་སུ་གྲགས་པའི་དབྱེ་བའི་ནང་ནས་ཞང་ཞུང་སྒོ་པ་ལའང་སྒོ་ཕུགས་བར་གསུམ་དུ་ཕྱེ་སྟེ།ཕུགས་པ་སྟོད་ཁྱུང་ལུང་དངུལ་མཁར།བར་པ་ནི་དྭང་ར་རྟ་སྒོ། སྒོ་པ་ནི་སྨད་གྱིམ་ཤོད་ཤི་ལེ་རྒྱ་དཀར་ཡན་ཆོད་ཅེས་འཛམ་གླིང་རྒྱལ་ཕྱི་ནང་ཀུན་གྱིས་ཞིབ་འཇུག་གི་ལམ་བུ་འམ་བདེན་དོན་འཚོལ་སའི་གླེང་སྟེགས་སྙན་པའི་དབྱར་རྔ་ཆེར་ལྡིར་ཞིང་གཟུར་གནས་མཁས་དགུ་རྣམས་ཀྱི་མཐུན་སྣང་ཚད་མས་གྲུབ་སྟེ་མགྲིན་དབྱངས་གཅིག་ཏུ་སྨྲ་བའི་ཞང་ཞུང་སྒོ་པའི་ཁོངས་གཏོགས་སུམ་པ་གླང་གི་གྱིམ་ཤོད་ཅེས་པའི་ནང་དུ་འདུ་སྟེ། སུམ་པ་རྒྱལ་པོའི་མངའ་འབངས་ཡིན་པས་ན་སྒྲུབ་བྱེད་དམ་གཏན་ཚིགས་ཀྱང་དེ་ཡིས་གྲུབ་པར་མ་ཟད་དེང་སྐབས་རྒྱུན་ཤེས་འཚོ་བའི་ཁྲོད་དུ་ཞང་སྐད་ལྷག་འཕྲོ་བེད་སྤྱོད་བྱས་དང་བྱེད་བཞིན་པ་ནི།རང་འཐག་ལ་འཆིག་དང་། མིག་ལ་མྱིག་སོགས་རང་བཞིན་ངག་ནས་ཐོན་ཡོང་བ་དང་གནའ་ཤུལ་རྙིང་པ་རྡོ་འབུམ་སོགས་ཀྱི་ངོར་ཞང་ཞུང་གི་དམར་ཡིག་ཐོག་ནས་བྲིས་པའི་ཡི་གེ་སོགས་མདོར་ན་ཞང་ཞུང་གི་རིག་གཞུང་མངོན་གསལ་བཏོན་མཁན་གནའ་རྫས་བྲག་རྐོས་བརྙན་རིས་དང་སྐུ་འདྲའི་རིགས་སོགས་བོན་དང་འབྲེལ་བའི་བདེན་རྟགས་མང་པོ་ཞིག་ལྷག་ཡོད་པ་དང། ད་ལྟའི་ཆར་ལའང་ཞང་ཞུང་ཡི་གེ་འབྲི་ཀློག་ཐད་ལའང་དར་ཁྱབ་ཧ་ཅང་ཆེན་པོ་ཡོད་པ་དེ་ཡང་སྔ་མའི་གོམས་གཤིས་བཟང་པོ་རྒྱུན་འབྱམས་སུ་སོང་བ་ཡིན་པ་མངོན་གསལ་རེད། འདི་ནི་སྤྱིར་བོད་ཁ་བ་གངས་ཅན་པའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་བོན་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད་དགོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའི་རིང་ལུགས་རྨ་མེད་དུ་འཛིན་ཏེ་རང་ཚུགས་བརྟན་པོའི་ལམ་ནས་མ་ཉམས་རྒྱུན་སྐྱོང་གནང་བཞག་པའི་གྲུབ་འབྲས་ཤིག་ཡིན་པ་སྐད་སེང་མཐོ་པོའི་སྒང་ནས་གླེང་སྟེ་ངོས་འཛིན་བྱ་ཆོག་པར་སྙམ།

ཧོར་ཞེས་པའི་ཐ་སྙད་དང་བྱུང་རིམ་སྐོར།

མཛད་མདོ་རྒྱས་པ་མདོ་དྲི་མེད་གཟི་བརྗིད་ལས།དྲུག་ཕྲོམ་ཧོར་གྱི་ཞིང་དྲུག་ཡོད་ཅེས་དང’’དེ་ཡང་འཛམ་བུ་གླིང་གི་སུམ་ཆ་གཅིག་རྒྱ་བོད་ཧོར་གསུམ་ཕ་གཅིག་པའི་བུ་རྒྱུད་ཡིན་པས’’ཡུལ་དུམ་བུ་ལྔ་རུ་བགོས་པའི།ཆ་གཅིག་བོད་ལ་ཐོབ།ཕྱེད་གཉིས་རྒྱ་ལ་དབང་།ཕྱེད་གསུམ་ཧོར་གྱི་མངའ་རིས་སུ་ཡོད’’་ཅེས་གསུངས་པ་དང་།དེ་ཡང་ལུང་དང་ཀུན་གྱིས་ཡོངས་སུ་གྲགས་པའི་ཆེན་པོ་ཧོར་གྱི་རྒྱལ་ཁམས་ཞེས་པའིགཏན་ཚིགས་སམ་རྒྱུ་མཚན་དེ་ལ་བརྟེན་ནས་གྲུབ་པར་སྨོན་ཅི་དགོས།སྤྱིར་བཏང་ཧོར་ཞེས་པ་གོ་དོན་དང་སྒྲ་ཡི་འཇུག་གཞི་ཙམ་དུ་མང་པོར་མཆིས་ཀྱང་ཧོར་སྦྲ་ཆེན་རྫོང་ཞེས་པའི་ཐ་སྙད་འདི་ནི་ཧོར་ཇིང་གིར་ཧན་གྱི་རྒྱལ་པོའི་རིགས་རྒྱུད་ཡིན་པ་བཤད་མ་དགོས་པར་སྙམ། “ཧོར་གྱི་རྒྱལ་རབས་ཉི་ཟེར་དྲ་བ་ལས” “དང་ཐོག་ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་པོའི་རྒྱལ་རབས་དགུ་པ་ཐོག་མི་མུར་གྱི་སྐུ་མཆེད་ཆུང་བ་གུ་རོན་ཨོ་ལོན་ཐའི་ཇི་ཟེར་བ་དེ་ངོ་འཁོར་རྟ་པ་བདུན་ཨ་ཆེན་འཐོར་པ་སྐྱ་བདུན་ཞེས་པའི་མི་བདུན་སོག་པོའི་ཡུལ་ནས་བོད་ཡུལ་གཙང་ས་སྐྱའི་ཕྱོགས་སུ་ཁ་གཏད་ནས་ཡོང་བའི་ལམ་བར་མི་མེད་ལུང་སྟོང་མང་པོ་ཞིག་བརྒྱུད་དགོས་སྟབས་ལམ་ནོར་ཐེབས་ཏེ་སོག་ན་ར་ཁུག་ཏུ་སླེབས་པ་རེད་ཅེས་དང་། སོག་ན་ར་ཁུག་ཅེས་པ་དེ་ཡང་བྲ་བོ་ཤང་གི་ཁོངས་གཏོགས་སོག་གྲུ་ཁུག་ཅེས་ངོས་འཛིན་གསར་པོར་གནང་ཡོད། དེ་གར་ཤ་བ་བརྔོན་མཁན་ཁྱི་ར་བ་འགའ་དང་འཕྲད་ཅིང་དེ་དང་ལྷན་དུ་སོག་གད་དམར་ཟེར་སར་ནས་བརྒྱུད་དེ་ལྷ་རྩེ་རྫོང་དུ་སླེབས་ཏེ་བསྡད། “ལྷ་རྩེ་རྫོང་ཞེས་པའི་ས་གནས་དེ་གང་ལ་ངོས་འཛིན་ཞེ་ན། དེ་སྔོན་གྲགས་ཆེན་གྱིི་དགོན་པ་སོག་གཡུང་དྲུང་གླིང་གི་ཉེ་སར་འཆམ་ཆུ་ཞེས་པའི་ཆུ་ཆེན་ཞིག་རྒྱུགས་པས་དེའི་ཚུར་ཁར་ལྷ་རྩེ་རྫོང་གཞིས་ཆགས་ཡོད་པ་རེད། དེ་གར་ཁ་བཏགས་ཚང་གི་བུ་མོ་ལྕམ་དུ་བཞེས་ནས་ཡུལ་སྡེ་དབང་སྒྱུར་བྱས་ཏེ་ཧོར་གྱི་རྒྱལ་པོ་ཐོག་མ་ཀུན་ལས་རྒྱལ་ཞེས་ཡོངས་སུ་གྲགས་སོག་སྐད་དུ་ཨིར་ཏི་ཅོག་ལཞེས་གྲགས། སོག་གཡུང་དྲུང་གླིང་གི་དགོན་པ་དེ་ཡང་ཧོར་ཐོག་འོག་བར་གསུམ་ནང་ནས་དགོན་གྱི་ལོ་རྒྱུས་སྔ་ཤོས་ཡིན་པ་དང་རྒྱ་ཆེ་ཤོས་ཤིག་ཡིན་པ་ལོ་རྒྱུས་ཡིག་ཆ་ཁག་གི་ནང་དུ་གསལ་ཡོད། ཧོར་ཚོ་བ་སུམ་ཅུ་སོ་དགུ་ཟེར་བ་ནི་ཚོ་ཁག་གམ་ཤོག་ཁ་རྣམ་གྲངས་སུམ་ཅུ་སོ་དགུ་ཡོད་པའི་རྒྱུ་མཚན་གྱིས་ཐ་སྙད་སྦྱར་བར་སྙམ།དཔོན་མིང་སྡེ་མགོ་ལ་སྦྱར་བས་ཧོར་ཚོ་བ་སོ་དགུ་ཞེས་པའི་ཐ་སྙད་ཡོངས་སུ་གྲགས་འདུག

ཧོར་སྦྲ་ཆེན་རྫོང་ནི་ཚོ་བ་སོ་དགུའི་ཆ་ཤས་ཤིག་ཏུ་འདོད་དགོས་པར་ཡིན། དེ་རྗེེས་(གོང་མ་ཧུ་པའི་ལི་སེ་ཆེན་ཧན་གྱིས)ས་སྐྱ་འགྲོ་མགོན་འཕགས་པ་གསང་སྔགས་ཀྱི་དབང་ཐེངས་གཉིས་པའི་སྐབས་སུ་བོད་ཆོལ་གསུམ་ཕུལ་ཞེས་པའི་དབྱེ་བའི་ནང་ནས་མདོ་སྟོད་ཆོལ་ཁའི་ཁོངས་སུ་གཏོགས་པར་མ་ཟད་མདོ་ཁམས་སྒང་དྲུག་ནང་ནས་མདོ་སྟོད་རྔུ་རྫ་ཟལ་མོའི་སྒང་ཞེས་པའི་ཁོངས་སུ་གཏོགས་པས་སོ།

སྦྲ་ཆེན་རྫོང་ཞེས་པའི་ཐ་སྙད་དང་གནས་བབ་སྐོར།

ཧོར་གྱི་རྒྱལ་རབས་རིམ་བྱུང་ནང་ནས་རྒྱལ་རབས་དགུ་པ་དཀོན་མཆོག་རྒྱལ་གྱིས་ཧོར་གྱི་རྒྱལ་ས་བ་ཆེན་ཞེས་པའི་ལུང་པར་སྤོས་ཏེ། ཧོར་སྤྱི་ཁྱབ་ཚང་གི་ཧོར་སྦྲ་ཁྲི་འདུས་སྟོང་ཤོང་ཞེས་ཡོངས་སུ་གྲགས་པའི་སྦྲ་དེ་ཉིད་དེ་གར་དབུབ་པར་བརྟེན་སྦྲ་ཆེན་རྫོང་ཞེས་པའི་ཐ་སྙད་དེ་ནས་བྱུང་བར་འདོད། ད་ལྟའི་གནས་བབ་མི་ཡི་རང་བཞིན་དང་ཡུལ་སྲོལ་གོམས་གཤིས་འཚོ་ཐབ་སོགས་རིམ་བཞིན་ཅུང་ཙམ་གླེང་ན། རྫོང་འདིའི་ཡུལ་མི་རྒན་གཞོན་སུ་ཡིན་རུང་རང་རྒྱུད་དྲང་ཞིང་གཞན་སྐྱོན་མི་གླེང་པ་ནི་རང་བཞིན་གྱི་སྤྱོད་བཟང་སོགས་ལྡན་ཞིང་གདོང་ལ་འཕྲད་ཚེ་ངོ་དགའ་སྤྲེལ་ལད་ཁྲབ་ཅིང་རྒྱབ་ཏུ་ཡོལ་ཚེ་སྐྱོན་ཀྱི་ཕུང་པོ་རི་བོའི་རྔམ་ལྟར་བརྩེགས་པའི་མགོ་བདེ་དྲན་འཕྲུལ་སོགས་གཏན་ནས་མེད་པ་ཡ་རབས་བོད་མིའི་ཁྱད་ཆོས་ལྡན་པའི་མི་བུ་ཞིག་ཡིན་པ་བདེན་པ་ར་སྤྲོད་ཐོག་ནས་བཤད་ཐུབ། དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ནི་རྫོང་འདི་ལ་ཆོས་ལུགས་དང་གྲུབ་མཐའི་དབང་དུ་བཤད་པ་ཡིན་ན། སྔར་ནས་ད་བར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་གང་ཅིའི་ཐད་ལའང་མ་ཉམས་རྒྱུན་སྐྱོང་དུ་གནས་པའི་དགོན་ཁག་བརྒྱད་དང་། རི་ཁྲོད་དྲུག་བཅས་ཀྱི་རྟེན་དང་བརྟེན་བཞེངས་དང་བླ་སློབ་བར་དུ་ཐུགས་ཁྲིམས་གཙང་ཞིང་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་པའི་གནས་སོགས་ཀྱི་སློབ་ཚོགས་རྒྱ་ཆེར་ཡོད་པ་མ་ཟད་རིམ་འགྲོ་སོགས་མཆོད་ཚོགས་ལོ་ཟླ་ཆག་མེད་དང་གཤིན་པོར་དགེ་རྩ་སོགས་ཀུན་གྱིས་མིག་དཔེར་འོས་པ་བྱས་དང་བྱེད་བཞིན་པ་ནི་ཡོངས་སུ་གྲགས།

       སྐལ་ལྡན་དྭངས་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་མཆོག་ལྟ་བུ་ཞིག་ཆགས་ཡོད་པ་འདི་ནི་རྩེ་དགོན་གྱི་བླ་སྤྲུལ་རྣམས་ཀྱིས་བྱམས་བརྩེའི་གཟིགས་སྐྱོང་དང་རྩ་བར་ལྷ་སྡེ་མི་དམངས་ཡོངས་ཀྱིས་དད་འདུན་དང་གུས་བཀུར་སོགས་ཆུ་དང་ཉ་མོའི་བར་གྱི་འབྲེལ་པ་ནང་བཞིན་རྟེན་དང་བརྟེན་པ་བྱས་ཏེ། དཔེར་ན་ཕྱར་བ་གྲུ་འདེགས་དང་། ཕྱར་གྲུ་མཉམ་འདེགས་བྱས་པའི་ལག་རྗེས་ལ་བརྟེན་ནས་གྲུབ་པར་སྨོས་མེད་དོ། རྒྱུན་སྤྱོད་འཚོ་བའི་གནས་སྟངས་ཐད་ལ་གཙོ་བོར་འབྲོག་རོང་གཉིས་ཀྱི་ནང་ནས་འབྲོག་ལས་ཤས་ཆེ་ཞིང་དེ་ལ་བརྟེན་ནས་འཚོ་ཐབས་བྱེད་བཞིན་ཡོད་པ་དང། མ་ཟད་དབྱར་རྩྭ་དགུན་འབུ་ཞེས་འདོད་འབྱུང་ནོར་བུ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་རྩ་བའི་འབྱུང་ཁུངས་ལྟ་བུ་ཞིག་ཆགས་ཡོད་པ་སོགས་ཐོན་རྫས་རིགས་མི་ཉུང་བ་ཞིག་ལ་ལོངས་སུ་སྤྱོད་དེ་དཔལ་འབྱོར་དང་མཐུན་རྐྱེན་སོགས་གང་ཅིའི་ཐད་ལའང་འབུར་དུ་ཐོན་པར་མ་ཟད་ས་ཕྱོགས་གང་སར་ནས་མཐོ་བླ་དཔོན་འབྱོར་ལྡན་ཡིན་ཡང་གཙོ་བོར་ཕེབས་གཟིགས་གནང་ས་དང་དམའ་སྤྲང་པོ་ཁ་ཞན་དབང་ཆུང་སོགས་ལག་པ་པ་བཟེད་དེ་མིག་ཅིར་རེར་ལྟ་ས་སོགས་ཀྱི་ཡུལ་ཁམས་ཤིག་ཡིན་པ་དང་། མདོར་ན་ཡར་དཀོན་མཆོག་ལ་མཆོད་པ་མར་དབུལ་པོར་སྦྱིན་པ་སོགས་རྒྱ་ཆེར་བཏང་བའི་འབྲས་བཟང་སྨིན་པ་ནི་བཤད་མ་དགོས་པ་རེད། དཔེར་ན་གཏོར་སྦྱིན་བཏང་བས་ལོ་ཏོག་ལེགས་ཞེས་གསུངས་པ་བཞིན་ནོ།

སྦྲ་སོག་འབྲི་གསུམ་གྱི་དུས་དེབ་ཐོག་ཏུ་བཀོད་ཟིན།

 

 

 

 
 
Re:ཧོར་སྦྲ་ཆེན་རྫོང་གི་བྱུང་རབས་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་གྱི་གླེང་གཞིའི་ས་བོན
[ 2015/4/14 10:16:02 | By: ཁུ་བྱུག་འཛུམ་ཅན་(སྐུ་མགྲོན) ]
 
ཁུ་བྱུག་འཛུམ་ཅན་(སྐུ་མགྲོན)ཧ་ཅང་ཡག་པོ་བྲིས་གནང་འདུག་👍👍👍
 
 
Re:ཧོར་སྦྲ་ཆེན་རྫོང་གི་བྱུང་རབས་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་གྱི་གླེང་གཞིའི་ས་བོན
[ 2017/5/22 18:33:26 | By: དབྲ་རུ་སྨྱུག་རྒོད།(སྐུ་མགྲོན) ]
 
དབྲ་རུ་སྨྱུག་རྒོད།(སྐུ་མགྲོན)ྸཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། ཧ་ཅང་ཡག་པོ་བྲིས་འདུག་པར་ཡིད་རང་དང་བསྔགས་བརྗོད་ཞུ། གོང་དུ་ཁྱེད་ཀྱིས་གསུངས་པ་བཞིན་སྦྲ་ཆེན་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ས་ཁུལ་ཁྱད་པ་བ་ཞིག་ཡིན་སྟབས། དེ་འབྲེལ་གྱི་ངག་རྒྱུན་དང་། གནའ་སྒྲུང་སོགས་ཧ་ཅང་མོད་པས་རྗེས་སུ་དེ་ལས་ཀྱང་རྒྱས་པ་ཞིག་འབྲི་ཐུབ་ན་ཕན་ཐོགས་ཤིན་ཏུ་ཆེ་བར་མངོན།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.