ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཨ་ཀྲོང་གཡུང་དྲུང་མཐོང་གྲོལ་གླིང་ལ་རྒྱང་རིང་ནས་ཕུལ་བའི་བཅོས་  མིན་དད་གསུམ་གྱི་དབྱ
[ 2015/4/13 17:29:00 | By: ཨ་ཀྲོང་རིན་རྒྱལ། ]
 

ཨ་ཀྲོང་གཡུང་དྲུང་མཐོང་གྲོལ་གླིང་ལ་རྒྱང་རིང་ནས་ཕུལ་བའི་བཅོས་

མིན་དད་གསུམ་གྱི་དབྱངས་རྟ།

ཨ་ཀྲོང་རིན་ཆེན་རྒྱལ་མཚན།

 མདོ་ཁམས་ཆུ་བཞི་སྒང་དྲུང་ནང་གི་རྔུལ་རྫ་ཟལ་མོའི་སྒང་སྟོད་དུ། །

སེ་ཆེན་ཧོར་གྱི་རྒྱལ་ཁམས་ཁོངས་གཏོགས་དྲུག་ཅུ་ཞེས་པའི་སྙན་པ་ཅན། །

ལོངས་སྤྱོད་ལྷ་ཡི་དོ་ཟླར་འཁྱིལ་པའི་བསོད་ནམས་ཅན་གྱི་ལྷ་སྡེ་ལ།

བརྩེ་བའི་སེམས་ཀྱིས་དྲངས་ཏེ་སྐྱིད་པའི་གནས་འདིར་རྒྱང་ནས་བལྟ། །

 

གནམ་སྔོན་འཁོར་ལོ་རྩིབས་བརྒྱད་དང་མཚུངས་གཞའ་སྤྲིན་ཀླུབས་པའི་གུར་ཁྱིམ་འོག །

ས་མཆོག་པད་མ་འདབ་བརྒྱད་དཔལ་མངའ་སྐྱེད་མོས་ཚལ་ཆེན་ཡངས་པའི་གཞིར། །

སྦྲ་ཆེན་ཧོར་ཡུལ་རྟགས་ལྡན་གསུམ་ལས་ཚུལ་ཁྲིམས་དགེ་བའི་མཚན་ཅན་གྱིས། །

ཨ་ཀྲོང་གཡུང་དྲུང་མཐོང་གྲོལ་གླིང་ཞེས་རིས་མེད་སྐྱེ་དགུའི་དཔལ་དུ་བསྐྲུན། །

 

དགོན་གནས་འདི་ཡི་ཆེ་བ་བརྗོད་པ་སོ་སྐྱེའི་བློ་ལ་འཚམས་མེད་ཡང་། །

དད་པའི་སྟོབས་ཀྱིས་བསྟོད་པ་བརྗོད་པར་ཚོགས་སུ་བསམ་ཅུང་ཞིག་སྤྲོས། །

བརྒྱ་པའི་མགོན་པོ་བོད་དུ་བྱོན་ཚེ་གནས་འདིར་བྱིན་གྱིས་བརླབས་སོ་ཞེས། །

མེས་པོ་དམ་པའི་གསུང་རྒྱུན་མ་ཉམས་ད་ལྟའི་བར་དུ་རླུང་ལྟར་གྲགས། །

 

སྔ་དར་རིག་འཛིན་མཁའ་འགྲོའི་ཚོགས་རྣམས་ཞབས་ཀྱིས་བཅགས་པའི་དན་རྟགས་སུ། །

སྲ་བརྟན་ཕ་བོང་རི་བྲག་ཀུན་ལ་བཀའ་རྟགས་ཞབས་རྗེས་བཀྲ་ལམ་གསལ། །

ལྷག་ཏུ་བླ་ཆེན་ཡབ་སྲས་རྣམས་ཀྱི་བྱིན་ཆེན་སྐུ་བརྙེན་རང་བྱོན་དང་། །

རིག་འཛིན་མཁའ་འགྲོའི་བརྡ་ཡིག་ལ་སོགས་གསང་བ་ཟབ་མོའི་གཏེར་ཁ་མང་། །

 

གཡུ་འབྲུག་སྔོན་མོ་མཁའ་ལ་ལྡིང་འདྲའི་རྒྱབ་རི་ཨ་ཀྲོང་རི་བྲག་འདི། །

གྲུབ་ཐོབ་སྤ་ཡིས་བྱིན་གྱིས་བརླབས་ཞེས་དད་ལྡན་ཀུན་གྱིས་མཇལ་སྐོར་བྱེད། །

གངས་དཀར་དབུ་རྨོག་དགུང་དུ་རེག་པའི་གཡས་རི་འབྲོག་གུ་དཀར་པོ་ཉིད། །

རྩལ་ཆེན་གདོང་ལྔ་གངས་རིའི་ལྷུན་པོར་འགྱིང་ངམ་སྙམ་པའི་སྣང་བ་བྱིན། །

 

ཁྱུང་ཆེན་དར་མའི་གཤོག་རྩལ་ངོམ་འདྲའི་བྱ་ཆེན་ངང་འཕུར་ཞེས་གྲགས་པ། །

རབ་དཀར་མཚར་སྡུག་འོད་དུ་འཚེར་བཞིན་གཡོན་གྱི་ཕྱོགས་སུ་གཟི་འོད་འབར། །

རྒྱ་སྟག་ནགས་ལ་མཆོངས་པ་དང་མཚུངས་ཡི་གེ་རདྣ་འབར་བ་དེ། །

མདུན་གྱི་ངོས་སུ་བརྗིད་ཅིང་མཛེས་པས་རི་ཕྲན་ཕལ་ཡང་ཟིལ་གྱིས་གནོན། །

 

རྩེ་ལ་འདབ་ཆགས་མཁའ་ལྡིང་ཚོགས་ཀྱིས་གཤོག་རྩལ་ངོམ་ཞིང་སྐན་སྙན་སྒྲོག །

རྐེད་པ་རི་དྭགས་གནའ་བ་སྒོ་སོགས་བག་ཡངས་བདེ་བའི་རྣམ་པར་རྩེན། །

རྩ་བར་ཟིལ་ཆུང་འབྲི་མོའི་ངུར་དང་གཡང་དཀར་ལུག་ཁྱུའི་འབའ་སྒྲས་ཁེངས། །

ཞོ་མར་ཐུད་སོགས་གང་འདོད་ཞལ་ཟས་འཛད་མེད་མཆོད་སྤྲིན་གྱ་ནོམ་རྫོགས། །

 

དཔྱིད་གསུམ་ན་བུན་སྨུག་རླངས་གཡོ་སྐབས་ཁུ་བྱུག་སྔོན་མོས་མགྲིན་སྙན་སྒྲོག །

དབྱར་གསུམ་ལང་ཚོའི་དཔལ་ཡོན་རྒྱས་དུས་མེ་ཏོག་མེ་ཏོག་པད་མོའི་འཇའ་ཚོན་འཁྲིགས། །

སྟོན་གསུམ་ལོ་ཏོག་འབྲས་བུ་སྨིན་ཚེ་བཟང་དྲུག་སྨན་སྤོས་དྲི་བསུང་འཐུལ། །

དགུན་གསུམ་བསིལ་བའི་རེག་བྱ་ངོམ་དུས་ཁ་བ་དཀར་པོའི་སྟོད་གཡོག་ཀླུབས། །

 

དེ་ལྟའི་བསྲུང་བ་རྣམ་བཞི་དང་མཚུངས་མི་འགྱུར་ནོར་འཛིན་དགའ་མའི་བྲང་། །

གཡུང་དྲུང་མཐོང་གྲོལ་གླིང་དུ་འབོད་པའི་ཞྭ་དཀར་རིང་ལུགས་འཛིན་པའི་སྡེ། །

གཙུག་ལག་ཁང་དང་རྣམ་རྒྱལ་ལྷ་ཁང་གཞན་ཡང་བླ་བྲང་གྲྭ་ཤག་སོགས། །

ཕྱི་ནང་བཀོད་པ་ཕུན་སུམ་ཚོགས་པ་མིག་ཡིད་རྣ་བའི་རྒྱན་ཆ་ཉིད། །

 

དཀྱིལ་འཁོར་མར་དབུབ་བླ་བྲེ་འཕན་དར་གནམ་སྔོན་འཁོར་ལོའི་དབང་ཞུ་བཀྲ། །

རྒྱ་ཕིབས་གསེར་འཕྲུ་རྒྱལ་མཚན་ཕུབ་སོགས་ཚངས་པའི་འཕྲུལ་ལས་དྲངས་པ་བཞིན། །

རྒྱལ་བའི་བཀའ་དང་བཀའ་བརྟེན་གླེགས་བམ་བྲ་རི་གཏམས་པའི་ཚུལ་དུ་བརྗིད། །

མདོར་ན་དགོན་འདིའི་རྟེན་དང་བརྟེན་བཞེངས་རྫོགས་ལྡན་གསར་པའི་དཔལ་ལ་འཁུ། །

 

རྔ་གཤང་དུང་གླིང་མཆོད་པའི་ཡོ་བྱད་གང་ལ་ཅི་འདོད་ཕུན་སུམ་ཚོགས། །

འབུད་རྡུང་དཀྲོལ་གསུམ་གྱེར་དབྱངས་གདངས་རྟ་རྒྱལ་རིགས་བྲུ་ཡི་རིང་ལུགས་འཛིན། །

ཁྲོ་ཕུར་ཞང་གསུམ་གར་གྱི་སྟངས་སྟབས་ལྷ་སྲུང་དངོས་ཀྱི་ཆོ་འཕྲུལ་ངོམ། །

ལུས་ཅན་མིག་གི་དཔྱིད་དུ་གྱུར་ཞེས་གྲགས་པའི་རྒྱལ་རྔ་སྙན་ཞིང་འཇེབས། །

 

ངུར་སྨྲིག་འཛིན་པའི་དགེ་འདུན་རྒྱ་མཚོས་མདོ་སྔགས་གཞུང་ལུགས་རྟག་ཏུ་འཚོ། །

གཏད་སོ་བྲལ་བའི་དགེ་བྱེད་རྣམས་ཀྱིས་སྒོམ་སྒྲུབ་ཉམས་ལེན་ཀུན་ཏུ་བྲེལ། །

སྔོན་འགྲོ་དངོས་གཞི་རྩ་རླུང་འཕྲུལ་འཁོར་ཆུ་རས་དྲོད་རྟགས་ཕུལ་དུ་ཕྱིན། །

དམ་པ་གང་གི་འཁོར་དང་བུ་སློབ་ཕྱོགས་མཐའ་ངེས་མེད་སྤྲིན་བཞིན་གཏིབས། །

 

རྒྱལ་སྲས་ཁྱེད་ནི་འགྲོ་དོན་གྲུབ་ནས་བོན་ཉིད་དབྱིངས་སུ་གཤེགས་ན་ཡང་། །

ཡང་སྤྲུལ་ཟླ་བའི་འོད་སྣང་རེ་བའི་མུན་ནག་ཀློང་གི་འཁོར་སློབ་ཚོགས། །

ཁྱེད་ཀྱི་འཛུམས་ཞལ་ལན་གཅིག་མཇལ་ཆེད་རེ་བའི་མིག་ཟུང་ཅེར་ནས་ཡོད། །

ཐུགས་མཆོག་དགོངས་ཀློང་ཟབ་མོའི་དབྱིངས་ནས་བདག་ཅག་མ་འདོར་བླ་མ་རྗེ། །

 

ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ནང་དུ་མཁའ་འགྲོའི་ཚོགས་གཞོང་འདྲ་བ་ཡི། །

རབ་འཇིགས་དུར་ཁྲོད་གནས་ཆེན་དེ་རུ་སྒྱུ་ལུས་ཕུང་ཚོགས་བཤམས་གྱུར་ན། །

ཀུན་རིག་གཙོ་བརྒྱ་འཁོར་བཅུ་བླུགས་པའི་ཕན་ཡོན་ལྡན་ཞེས་ལུང་གིས་ཟིན། །

དེ་ཕྱིར་འཆི་བའི་འཇིག་པ་བྱུང་ཚེ་ཉེ་རིང་ལྟོས་མིན་གནས་འདིར་སྐྱེལ། །

 

གཡུང་དྲུང་བསྟན་པའི་མཛད་ཆེན་བཞེས་པའི་སྐྱེས་མཆོག་གང་ན་སུ་བཞུགས་ཀུན། །

ཞབས་ཀྱི་པད་མོ་བསྐལ་པ་རྒྱ་མཚོར་བསྟན་འགྲོའི་དཔལ་དུ་འཚོ་ཞིང་བཞུགས། །

འདུས་སྡེ་རྒྱ་མཚོ་ཟླ་ལྟར་འཕེལ་ཏེ་བཤད་སྒྲུབ་བསྟན་པ་དར་ཞིང་རྒྱས། །

མི་ནུབ་བསྟན་པའི་རྒྱལ་མཚན་སྒྲེང་བཞིན་སྲིད་མཐའི་བར་དུ་གནས་གྱུར་ཅིག །

 

ཨ་ཀྲོང་གཡུང་དྲུང་མཐོང་གྲོལ་གླིང་གི་རྟེན་དང་བརྟེན་པའི་བཀོད་པ་ཀུན། །

ཞིབ་པར་བརྗོད་པའི་སྨྲ་ལྕེའི་རྩལ་སྟོབས་བུ་ཆུང་བདག་ལ་དབེན་ན་ཡང་། །

དམ་པའི་བཀའ་དྲིན་རྗེས་དྲན་ཕྱིར་དུ་ཟུར་ཙམ་བརྗོད་པའི་ཁུར་བླངས་ཏེ། །

སྒོ་གསུམ་བཅོས་མིན་གུས་པ་ཆེན་པོས་འཕགས་ཡུལ་སྨན་གྱི་གླིང་ནས་བཏེགས། །

བོན་སྒོ་ནང་དུ་བཀོད་ཟིན།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.