ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྨྲེ་ངག་གིས་བཅོམ་པའི་གདུང་འབོད་མྱུར་འཁྱུག་མ།
[ 2015-01-06 16:50:00 | By: ཨ་ཀྲོང་རིན་རྒྱལ། ]
 

སྨྲེ་ངག་གིས་བཅོམ་པའི་གདུང་འབོད་མྱུར་འཁྱུག་མ།

 

                            ཨ་ཀྲོང་རིན་ཆེན་རྒྱལ་མཚན།

 

འཇིག་རྟེན་གང་བུ་འདི་ཡི་ཐོག་ཏུ།།

སྐྱེས་པའི་མཐའ་མ་འཆི་བར་ངེས་པ།།

སྐྱེས་འགྲོ་ཀུན་གྱི་གྲུབ་དོན་ཡིན་ཡང༌།།

གློ་བུར་འདི་འདྲ་གཤེགས་དོན་ཅི་ཡིན།།

 

འཆི་བདག་བདུད་པོ་དབང་ཤུགས་ཆེ་ཡང༌།

ལས་འབྲས་མིག་ལྟར་བརྩི་འཇོག་གནང་མཁན།།

རྨ་མེད་དྲང་སྲོང་འདི་འདྲ་ཞིག་ལ།།

དམིགས་གཏད་བྱས་ཏེ་འཁྲིད་དོན་ཅི་ཡིན།།

 

ལྷ་སྲུང་དམ་ཅན་སྡེ་ཚོགས་རྣམས་ལ།།

ནང་ནུབ་དུས་དྲུག་བསང་དང་བཀའ་སྐྱོང༌།།

ཐུགས་དམ་བསྐང་ཕྱིར་རྟག་ཏུ་མཆོད་ཀྱང༌།།

རྐྱེན་ངན་འདི་འདྲ་བྱུང་དོན་ཅི་ཡིན།།

 

ལས་དབང་བཙན་པོ་གཟུར་ཐབས་དཀའ་ཡང༌།།

སྔོན་ལས་བཟང་དང་ད་ལྟའི་ལེགས་བྱས།།

རྣམ་དཀར་དགེ་ཚོགས་འདི་འདྲ་འཛོམས་དུས།།

སྒུག་ལོན་མེད་པའི་དོན་དེ་ཅི་ཡིན།།

 

འདུ་བྱས་ཐམས་ཅད་མི་རྟག་ཡིན་ཞེས།།

རྒྱལ་བའི་བཀའ་ལུང་དུ་མར་གྲུབ་ཀྱང༌།

འདི་འདྲའི་སྡུག་གི་སྨག་རུམ་འཁོར་དུས།།

ཡིད་ཀྱི་འཇུག་ངོགས་འགོག་ཐབས་མི་འདུག

 

དོ་དགོང་རང་ཤག་ནང་དུ་སྡོད་སྐབས།།

ཅི་བྱེད་འདི་བྱེད་མེད་པར་ལུས་ཚེ།།

དྲན་ངོར་འཆར་ཚད་ཟིན་བྲིས་ཕབ་སྟེ།།

བརྡ་འཕྲིན་བརྒྱུད་ནས་གང་སར་སྤེལ་ཡིན།།

 

འདི་ནི་ཞིང་གཤེགས་དམ་པ་ཁོང་ལ།།

ཕྱི་མའི་རྒྱགས་བྲོ་བསྔོ་སྨོན་ཆེད་དུ།།

རེ་ཞིག་ཕན་པའི་ཀུན་སློང་བཟུང་ནས།།

གང་ཤར་བཞིན་དུ་མྱུར་འཁྱུག་བྱས་ཡིན།།

 

ཕྱི་ལོ་༢༠༡༥/ཟླ་བ་༡/ཚེས་༥/ཉིན།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.