སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བདུན་པ། | 2017/4/26 16:36:00
བདུན་པ་རོང་སྟོན་མཇལ་དུས་ལ་དཔྱད་པ། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས། ༼་་རོང་སྟོན་ཆེན་པོའི་དྲུང་དུ་། ཚད་མ་རྣམ་འགྲེལ་ལ་སོགས། བསྟན་བཅོས་མང་དུ་གསན་ཞིང་། ལུགས་དེ་ལ་བསྟན་པའི་ཆོས་ལ་མཁས་པར་མཛད་དོ།་་༽ཞེས་པ་ཙམ་ལས་དུས་ཚོད་དང་ས་གནས་མ་གསལ་ཀྱང་། གནའ་བོའི་ཞལ་ལུང་ལས། གོང་དུ་དྲང་པ་ལྟར། གཡས་རུ་དབེན་ས་ཁར་སྒྲིགས་ལ་ཞུགས་རྗེས་སུ། ན་ལེན་ཏྲར་རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ། ཕར་ཕྱིན་དབུ་ཚད་སོགས། གཞན་སྡེའི་གཞུང་ལུགས་རབ་འབྱམས་མཁྱེན་པར་མཛད། ཅེས་གསལ་ལ། ཨ་ཁྲིད་རྣམ་ཐར་དུ་འང་། དང་པོ་གཡས་རུ་དབེན་ས་ཁར་སྒྲིགས་ལ་ཞུགས་ནས་སློབ་སྦྱངས་གནང་བ་དང་། དེ་ནས་དབུས་ཀྱི་ན་ལེན་ཏྲར་རོང་སྟོན་ཤེས་བྱ་ཀུན་རིག་གི་དྲུང་དུ་གཞན་སྡེའི་ཆོས་ལ། སློབ་སྦྱངས་གནང་ཚུལ་གསལ་ཡང་། མཁན་ཉི་མས། ༼་་མཁས་གྲུབ་རིན་ཆེན་བློ་གྲོས་མཇལ། ཕྱི་ནང་གསང་བ་ཡང་གསང་གི ལག་ལེན་དབང་ལུང་ཁྲིད་ཐམས་ཅད། བུམ་པ་གང་བྱོའི་ཚུལ་དུ་ཐོབ། དེ་ནས་དབུས་ཀྱི་ན་ལེན་ཏྲར། རོང་སྟོན་ཤེས་བྱ་ཀུན་རིག་མདུན། ཕར་ཚད་འདུལ་མངོན་དབུ་སྡོམ་གྱིས། གཞུང་ལུགས་ཀུན་ལ་ཐོས་བསམ་སྦྱོངས། གསང་ཕུ་ལ་སོགས་དབུས་གཙང་གི་ རྩོད་གྲྭ་ཀུན་ལ་དམ་བཅའ་མཛད། སྒྲུབ་དང་སུན་འབྱིན་ཚར་གཅོད་གྱིས། རྒོལ་བའི་ཚོགས་ལས་རྣམ་གསལ་ཏེ། རབ་འབྱམས་ཆེན་པོར་མཚན་བཏག་མཛད། དགུང་ལོ་སུམ་ཅུ་སོ་གཅིག་སྟེང་། འདུ་གནས་ཆེན་པོ་དབེན་ས་ཁར། སྒྲིགས་ཞུགས་མཛད་ནས་་ཐོས་བསམ་སྦྱངས། མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་སོགས། དྲང་སྲོང་རྨ་མེད་བཅུ་ཕྲག་དྲུང་། དྲང་སྲོང་བསྙེན་རྫོགས་སྡོམ་པ་བཞེས།་་༽ཞེས་གསུང་པས་དཔྱད་དགོས་པར་སྣང་བས། མཉམ་མེད་རིན་པོ་ཆེ་སློབ་སྦྱོང་ཐད་ལ་ཕྲན་གྱིས་དཔྱད་པས་བསམ་ཚུལ་མཐའ་བསྡོམ་ལ། དང་པོ་མདོ་སྨད་བླ་མ་འགའི་མདུན་སློབ་སྦྱོང་གནང་། དེ་ནས་མཁས་གྲུབ་རིན་བློའི་དྲུང་ནས། སྔོན་འགྲོ་དངོས་གཞི་སོགས་སྦྱོང་སྟེ། དགུང་ལོ་སུམ་བཅུ་བར་ཕྱག་ཕྱིར་འབྲིང་དེ་ནས་དགུང་ལོ་སོ་གཅིག་ཐོགས་གཡས་རུ་དབེན་ས་ཁར་སྒྲིགས་ལ་ཞུགས། མདོ་སྔགས་སེམས་གསུམ་ལ་སློབ་གཉེར་གནང་། དེ་སྐབས་ཤིག་ཏུ་བསྙེན་རྫོགས་སྡོམ་པ་བཞེས་ཏེ་མུ་མཐུད་སློབ་སྦྱོངས་གནང་། དེ་ནས་རོང་སྟོན་དྲུང་དུ་ཕར་ཚད་དབུ་མ་སྦྱོང་སྟེ། རྩོད་གྲྭ་འགའ་ལ་དམ་བཅའ་བྱོན། དེ་སྐབས་ཤིག་ཏུ་སྙེ་ཐང་བདེ་བ་ཅན་སོགས་ཏུ། བློ་བཟང་གྲགས་པ་དང་སླར་མཇལ་ཏེ། བསྟོད་པ་ཕུལ་རེས་གནང་། དེ་ནས་གཡས་རུ་དབེན་ས་ཁར་བཞུགས་ཏེ། གླིང་ཟུར་གྱི་མཁན་པོ་གནང་སྟེ། སློབ་ཚོགས་བསྐྱངས། དེ་ནས་ཡབ་ཡུལ་དུ་ཕེབས། དེ་ནས་གདན་ས་སྨན་རི་ཆགས་བཏབ་པར་འདོད་དོ། ༼་་བོན་པོའི་ནང་དུ་རོང་སྟོན་ཤེས་བྱ་ཀུན་མཁྱེན། བན་གྱི་ནང་དུ་རོང་སྟོན་ཤེས་བྱ་ཀུན་རིག ་ཡང་ཁ་ཤས་ལ་རོང་སྟོན་ཤེས་བྱ་ཀུན་གཟིགས། ཆེ་བསྟོད་ལ་ཀུན་མཁྱེན་རོང་སྟོན་པ། རོང་སྟོན་སྨྲ་བའི་སེང་གེ ་ རོང་སྟོན་ཆོས་རྗེ། རོང་སྟོན་ཤྰཀྱ་རྒྱལ་མཚན་བཅས་སུ་གྲགས་པ་ཁོང་ནི། འཁྲུངས་ལོ་གསུམ་ལས། བོན་ལུགས། ཤིང་བྱ་༡༣༤༥་་་་དང་། བན་ལུགས་ཡོངས་གྲགས་མེ་ལུག་༡༣༦༧་ལོར། ཡབ་བོན་པོ་གེ་ཁོད་རྒྱལ་པོ་དང་། ཡུམ་རྒྱ་གར་སྨན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུ་ཡབ་ཀྱི་དྲུང་དུ་བོན་ལ་སྦྱོངས། དགུང་ལོ་བཅོ་བརྒྱད་པར། གསང་ཕུ་གླིང་སྟོད་རིན་ཆེན་རྣམ་རྒྱལ་གྱི་དྲུང་དུ་བྱང་སྡོམ་བཞེས། ཀོང་སྟོན་བློ་གྲོས་དབང་ཕྱུག་གི་དྲུང་དུ། ཕར་ཚད་དབུ་གསུམ་སྦྱོངས། སྐྱོར་མོ་ལུང་གི་མཁན་ཆེན་བཀའ་བཞི་བ་དང་། འཕན་ཡུལ་གྲོ་བའི་མཁས་པ། དམར་སྟོན་པ་ལ་འདུལ་བ། ཐང་ཟག་སྤྲུལ་སྐུ་གཞོན་ནུ་རྒྱལ་མཚན་ལ། དབུ་མ་ཐལ་འགྱུར་ཞུས། ལོ་པ་ཤྰཀྱ་རིན་ཆེན་གྱི་དྲུང་དུ་མངོན་པ་སྦྱངས། དགུང་ལོ་ཉི་ཤུ་རྩ་གཉིས་པར་གྲོ་ས་མཁན་ཆེན་ཀུན་དགའ་རྒྱལ་མཚན་དང་། དམར་སྟོན་གྱི་དྲུང་དུ་བསྙེན་པ་རྫོགས། མཚན་ཤྰཀྱ་རྒྱལ་མཚན་གསོལ། ལོ་འདི་ནས་ཚད་མ་རྣམ་ངེས་སོགས། འཆད་པ་དབུ་གཙུག ་དགུང་ལོ་ཉི་ཤུ་རྩ་བདུན་པར། མཁས་ཆེན་གཡག་སྡེ་མཇལ་ཏེ། ས་ལུགས་ཀྱི་མདོ་ཞུས། ཐེག་ཆེན་ཆོས་རྗེ་ལས་གསང་སྔགས་སོགས་ཟབ་དོན་བཞེས། དགུང་ལོ་རེ་དགུ་པ། ཤིང་ཡོས་༡༤༣༥ལོར། འཕན་པོ་ནྰ་ལེན་ཏྲའི་ཆོས་གྲྭ་བཏབ། དགུང་ལོ་བརྒྱད་ཅུ་གྱ་གསུམ་རབ་བྱུང་བརྒྱད་པའི་ས་སྦྲུལ་༡༤༤༩ལོར་འདས། བོན་ལུགས་ཀྱི་མཁས་པ་འགས། རོང་སྟོན་ཤེས་བྱ་ཀུན་མཁྱེན་ཞེས་པ་དང་། རོང་སྟོན་ཤེས་བྱ་ཀུན་རིག་ཅེས་པ་གཉིས་སུ་ཡོད་པ་འདོད་མཁན་ཡོད་ཀྱང་། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་དཔེ་གཟུགས་བྲིས་མ་གཉིས་ལས། ༼་་རོང་སྟོན་ཆེན་པོའི་དྲུང་དུ་ཚད་མ་རྣམ་འགྲེལ་ལ་སོགས། བསྟན་བཅོས་མང་དུ་གསན།་་༽ཞེས་པ་ཙམ་ལས། མི་གསལ་ལ། མཁན་ཉི་མས་མཛད་པའི། མཉམ་མེད་རྣམ་ཐར་མདོར་བསྡུས་པད་མོ་སྟོང་ལྡན། དཔེ་གཟུགས་བྲིས་མ་གཉིས་ལས། ༼་་ དེ་ནས་དབུས་ཀྱི་ན་ལེན་ཏྲར། རོང་སྟོན་ཤེས་བྱ་ཀུན་རིག་མདུན།་་༽ཅེས་གསལ་བ་མ་ཚད། ཨ་ཁྲིད་བླ་རྒྱུད་ཀྱི་རྣམ་ཐར་ནང་གི་མཉམ་མེད་རྣམ་ཐར་ལས། ༼་་དེ་ནས་དབུས་ཀྱི་ན་ལེན་ཏྲར་བྱོན་ཏེ། རོང་སྟོན་པ་ཤེས་བྱ་ཀུན་རིག་གི་དྲུང་དུ། ཕར་ཕྱིན་མངོན་པ་དབུ་ཚད་ལ་སོགས། གཞན་སྡེའི་གཞུང་ལུགས་ལ་མཁྱེན་པར་མཛད།་་༽ཅེས་གསལ་བས། མཉམ་མེད་པས་རོང་སྟོན་ཤེས་བྱ་ཀུན་རིག་དྲུང་ནས་ཕར་ཕྱིན་སོགས། སྦྱོང་ཡོད་པ་མངོན་གསལ་རེད། མཉམ་མེད་རྣམ་ཐར་གནའ་བོའི་ཞལ་ལུང་དེབ་གཟུགས་འགའ་དང་དཔེ་གཟུགས་བྲིས་མ་གཉིས་ལས།༼་་དབུས་ཀྱི་ན་ལེན་ཏྲ་རུ་བྱོན་ནས། རང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ། ཕར་ཕྱིན་མངོན་པ་དབུ་ཚད་སོགས། གཞན་སྡེའི་གཞུང་ལུགས་རབ་འབྱམས་མཁྱེན་པར་མཛད།་་༽ཅེས་རོང་སྟོན་ཤེས་བྱ་ཀུན་མཁྱེན་ཡང་། དབུས་ཀྱི་ན་ལེན་ཏྲ་རུ་བཞུགས་པ་ཤེས་ལ། ན་ལེན་ཏྲའི་ལོ་རྒྱུས་སོགས། བན་ཀྱི་ལོ་རྒྱུས་ནང་རོང་སྟོན་ཤཱཀྱ་རྒྱལ་མཚན་ནམ། རོང་སྟོན་ཤེས་བྱ་ཀུན་རིག་ཡང་ན་རོང་སྟོན་ཤེས་ཀུན་གཟིགས་ཞེས་པ་ཞིག་ལས། རོང་སྟོན་ཤེས་བྱ་ཀུན་མཁྱེན་ཞེས་པ་ཞིག་རྙེད་དུ་མེད་ལ། མཁན་ཉི་མས་མཛད་པའི་མཉམ་མེད་རྣམ་ཐར་མདོར་བསྡུས། པད་མོ་སྟོང་ལྡན་སོགས་ལས། སྐབས་རེ་རོང་སྟོན་ཤེས་བྱ་ཀུན་མཁྱེན་དང་། སྐབས་རེ་རོང་སྟོན་ཤེས་བྱ་ཀུན་རིག་ཅེས་བྲིས་པ་ལས་ཀྱང་ཤེས་སོ་། དེ་མིན་བན་དེའི་གྲུབ་མཐའི་སྐྱོན་འཚར་ཐེར་འདོན་ཡི་གེ་ རོང་སྟོན་ཅན་༿་་བསྟན་པ་ཤན་འབྱེད་་་༾ཟེར་བ། བྲིས་མ་ཞིག་ལས་ཀྱང་རོང་སྟོན་ཤེས་བྱ་ཀུན་རིག་གིས་བརྩམས་ཞེས་གསལ་ལ། རོང་སྟོན་ཤེས་བྱ་ཀུན་མཁྱེན་ནི། རོང་སྟོན་ཤེས་བྱ་ཀུན་རིག་གི་མཚན་གྱི་རྣམ་གྲངས་ཙམ་ལས། མི་གཅིག་ཡིན་པ་ཤེས་དགོས་ཏེ། རོང་སྟོན་ཤེས་བྱ་ཀུན་རིག་ལ། བན་དྷེའི་ཀྱང་ཀུན་མཁྱེན་ཞེས་འདོགས་ཏེ། ཀུན་མཁྱེན་རོང་སྟོན་པའི་གསུང་འབུམ་ཞེས་པ་ལྟ་བུའོ། མཉམ་མེད་རྣམ་ཐར་ཁག་ལས་ཀུན་མཁྱེན་དང་། ཀུན་རིག་གི་ཁྱད་པར་ཙམ་ལས། ན་ལེན་ཏྲ་ཟེར་བ་དང་། རོང་སྟོན་ཟེར་བ་དང་། སྦྱོང་བྱའི་ཆོས་ཚན་སོགས་གཅིག་པ་ཡིན་པ་ལས་ཀྱང་། གང་ཟག་གཅིག་ཡིན་པ་ལས་གང་ཟག་གཉིས་ཡིན་པའི་ཐེ་ཚོམ་སེལ་ནུས་སོ། 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.