སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ།  5 | 2013/11/2 13:29:00

 ༑༑༑ རང་ལོ་ཉེར་དགུ་པ། ༢༠༠༠ལྕགས་འབྲུག་ལོའིབོད་ཟླ་དང་པོའི་ནང་ཡབ་དམ་པའི་ཞེ་དགུ་གྲོལ་མཚམས་གཅེན་པོ། ཡར་རི་ཁྲོད་དུ་ཕེབས་ཏེ། གདུང་རུས་དང་གདུང་ཐལ་ཚང་མ། སཙྪཱ་གདབ་ནས་དབལ་མོ་འབྲོང་རིའི་རྩེར། བྲག་ཕུག་ཏུ་བཞུགས་སུ་གསོལ། དེ་མཚམས་དཔྱིད་ཀར་ཕྲན་གྱི། གཅེན་པོ་ལ། གསོལ་བ་བཏབ་པའི་ངོར། བཀའ་འགྱུར་དང་བརྟེན་འགྱུར། བཞན་ཡི་གེ་ཁ་ཐོར་སྤར་མ་པོད་གྲ། ཉིས་བརྒྱ་ལྷག་གི་དཀར་ཆག་དང་མཛད་བྱང་། ལེའུ་གྲངས་རྩིས་རྒྱ་བཅས་མཛད་དོ།  དེའི་སྔ་རྗེས་སུ། འགོ་ཁྲིད་རྣམ་རྒྱལ་དང་གཤོང་བསོད་ནམ། དགོན་པའི་འགན་ཁུར་མཐའ་ཞུ་བླ་མ། གཡུང་དྲུང་གྲགས་པ། ཚུལ་ཁྲིམས་ཉི་མ། དབུ་མཛད་ཡེ་ཤེས་རབ་གསལ། ཕྲན་རང་བཅས་ཀྱི་དགོན་པའི། དབུ་བླ་མཛད་རོགས་ཞེས། ཨུ་ཚུགས་ཀྱི་རེ་འདུན་ཞུས་པས་ངོར། ཞལ་བཞེས་གནང་བ་དང་། ཟླ་བ་བཞི་པའི་ཚེས་བཅུ་གསུམ་ཉིན། ཡུལ་དགོན་ཚང་མས་ ཁྱུང་ནག་དགོན་བསམ་གཏན་་གླིང་དུ། གདན་དྲངས་ཏེ། དགོན་པའི་དབུ་བླར་མངའ་གསོལ་དང་། ཁྲི་འདོན་སོགས་རྟེན་འབྲེལ་ཟབ་རྒྱས་བྱས་པ་དང་། འཇའ་ལུས་ཤར་རྫ་འི། འདས་མཆོད་ཉིན་བཞི་ཚོགས་གནང་མཛད། སྐབས་དེར་ཁོང་གིས་བཀའ་སློབ་གསུང་དོན། ཁྱེད་བླ་མ་མཁན་སློབས། རྟོགས་ལྡན་གྲྭ་བཙུན་རྣམ་པས། རང་ཁྲིམས་རང་གི་བསྡོམ་སྟེ། སངས་རྒྱས་བསྟན་པའི་རྐང་འཛིན་ནས། གཞན་གྱི་མིག་ལྟོས་ངན་པའི། དབང་དུ་མ་ཤོར་བ་མཛད་རོགསཞེས། ངའི་རེ་བ་ཡིན། སངས་རྒྱས་ཀྱི་བསྟན་པ་ནི་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་ནི་དགེ་འདུན་གྱི་སྡེ་ལ་རགས་ལས་པའི། ཁྱེད་འགྲོ་འདྲེན་ལ་རེ་བ་རྣམ་པའིདབུ་ཁྲིད་དེ། དགོན་པར་བཞུགས་ནས། ཡང་དག་ཐར་པའི་ལམ་མ་ནོར་བ། བཤད་སྒྲུབ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས། འགྲོ་རྣམས་ཐར་པའི་ལམ་ལ་བཀྲི་ནས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་དགོས་པ་ལས། བོན་ལ་སྦྱང་བརྩོན་བྱས་པ་ཚང་མ། སྤྱོད་ཡུལ་གྲོང་དུ་མཛད། མི་ཚེ་དཀོར་ནག་ལ་འབག་ན། འདི་ཕྱིའི་དོན་གང་ཡང་མི་འགྲུབ་པས། ཅིས་ཀྱང་མི་མཛད་རོགས་གྱིས། ཁ་རྒྱབ་གཉིས་ནི་ཉམ་ཆུང་བྱིའུས་ཀྱང་སོས་པས། ཁྱེད་འགྲོ་འདྲེན་ལ་རེ་བ་རྣམ་པས། དུས་རྒྱུན་བཞུགས་ས་དགོན་པར་མཛད་དེ། སངས་རྒྱས་བསྟན་པའི་ཆེད་དུ། བཤད་སྒྲུབ་ཀྱི་སྲོལ་ཚུགས་ཐུབ་མཛད་ནས། ཡུལ་སྡེ་དང་སྦྱིན་བདག་རྣམ་པའི། རེ་ལྟོས་མ་ཤོར་བ་རེ་བ་ཆེ། ཞེས་དང༌། སྤྱིར་ལྷ་སྐུ་གསེར་གདུང་ལས་སོགས། དད་རྟེན་བཞེངས་དགོས་ཀྱང༌། སྙིགས་དུས་འདིར། ཡུལ་དུས་ཀྱི་འཕོ་འགྱུར་ཆེ་བས། གཙོ་བོ་ནི་བཤད་སྒྲུབ་ཀྱི། བསྟན་པ་ཚུགས་ཐབས་མཛད་ནས། མ་འོངས་གཞོན་ནུ་གྲྭ་བཙུན་ཡར་ཚར་རིགས་ལ། ཐོས་བསམ་ཡོན་ཏན་ལྡན་པ་བྱ་རྒྱུ་དེ། གལ་ཤིན་ཏུ་ཆེ་བར་མཐོང་ངོ༌། ཞེས་ཡང་ཡང་གདམས་པ་མཛད་དོ། དེ་སྐབས་འགོ་ཁྲིད་རྣམ་པས། གཅེན་པོ་དགོན་པའི་འདུ་ཁང་ནང་། བཞུགས་རོགས་ཞུས་པས། བཞུགས་རྒྱུ་ཞལ་བཞེས་གནང་སྟེ། བཞུགས་འཆར་མཛད་ཀྱང་། དགོན་པའི་འགན་འཛིན་པ་བསམ་དགེའི། ད་ལོ་དགོན་པའི་ཁང་པ། མཛོད་ཁ་ཞབས་དྲུག་བརྒྱབ།  བཞུགས་ས་ཁང་པ་ཐོན་་ཚར་བ་དང་། བླ་མ་དགོན་པར་བཞུགས་རོགས་ཞུ་རྒྱུའི། འཆར་གཞི་ཡོད་ལུགས་ཞུས་པས། དེར་གཅེན་པོ་གཟི་ཀིས་ལ་ཡར་ཕེབས་ཏེ། སྔར་ལྟར་ཉིན་མཚན་བར་མེད་པར། དགེ་སྦྱོར་ཆུ་བོའི་རྒྱུན་ལྟར། སྒྲུབ་བཞིན་བཞུགས། ལོ་དེའི་བོད་ཟླ་ལྔ་པའི་ཚེས་༡༥་ཉིན། གཟི་ཀིས་རི་ཁྲོད་དུ། ཚེ་སྒྲུབ་ཀྱི་དབང་གནང་བས། དར་དང་སྒོར་སྟོང་ཕྲག་ཁ་ཤས་བྱུང་བ། དགོན་པར་ཕུལ་བ་དང་། དད་ལྡན་སྦྱིན་བདག་རྣམས་ཀྱིས་ཕུལ་བ། ཟང་ཟིང་དང་དངུལ་སོགས། རྒྱུ་ནོར་གང་ཡོད་གཏོང་མཛད་པ་དང་། ཕྲན་ནས་ཀྱང་དངུལ་བརྒྱ་ཕྲག་ཁ་ཤས་བཏང་སྟེ། ཇོ་འབུམ་བརྒྱ་དང་བརྒྱད་ཅུ་བསླུས་ཏེ། འཁོར་ཆེན་གཉིས་བཞེང་རྩིས་མཛད། བཀྲི་བྱེད་རས་དཀར་སྤྱི་ཁྲེ་བཞི་བརྒྱ་ལ། ཡིག་བརྒྱ་པར་གདབ་པ་དང་གཡག་ཀོ། སྲོག་ཤིང་ལྕགས་མདའ་སྦུ་གུ་སོགས། ཆ་ཚང་གྲབ་ཚགས་སུ་ཚུད་པར་མཛད་ནས། ལོ་དེའི་སྟོན་ཁར་གཅུང་པོ་འོད་རྒྱས་ཚུར་འཁོར་མཚམས། དགོན་པར་འཁོར་ཆེན་འདི་གཉིས། འཛུགས་ཐུབ་པ་བྱེད་དགོས་གསུང་འདུག་ ཕྲན་ཧོར་ཟླ་བཞི་པའི་ཚེས་༢༡ཉིན། ལྷ་སར་ཕྱིན་ནས་རྩེ་ཕོ་བྲང་པོ་ཏ་ལ་དང་། ར་མོ་ཆེའི་ལྷ་ཁང་། སེ་འབྲས་དགའ་གསུམ་བཀྲ་ཤིས་ལྷུན་པོ་བཅས་ལ། མཆོད་ཐིགས་བརྒྱབ། གཡུང་དྲུང་གླིང་དང༌། སྨན་རི། གཤེན་ཚང༌། ཞུ་ཚང༌། རྨེའུ་ཚང་བཅས་ལ་བསྔོ་འབྲེལ་ཕུལ་ལ་སོང་ནས། ཧོར་ཟླ་ལྔ་པའི་ཚེས་ལྔ་ཉིན།  ལྷ་སར་འབྱོར་བས་དེར། ལུང་དཀར་དགོན་པའི་གྲྭ་པ། སྔར་སྟོབས་ཀྱི་རྒྱལ་པོའི་ཞབས་ཕྱི། རང་གི་མཆེད་གྲོགས། གྲྭ་ཚུལ་ཁྲིམས་ཟེར་བ་དང་། འཕྲད་པའི་དེ་དང་མཉམས་དུ། རག་ཤི་རྟོགས་ལྡན་རིན་པོ་ཆེ་མཇལ་དུ་སོང་ནས། དེར་ཟླ་བ་གཅིག་ལྷག་བསྡད་དེ་བོན་ཞུས། དེ་ནས་ཕུར་ནག་དགོན་དུ་སོང་ནས། ཕུར་ནག་དགོན་པའི་བླ་མ། རྨེའུ་བསྟན་རྒྱལ་དྲུང་ནས། གེ་ཁོད་གཞུང་སོགས། གེ་ཁོད་ལས་མཐའ་ཆབ་ཚང་གི་ལུང་དང་། གེ་ཁོད་དབང་བཅས་ཞུས་ཏེ། ཧོར་ཟླ་བརྒྱད་པའི་ཚེས་ཉི་ཤུ་ལྔ་བར། གེ་ཁོད་བསྙེན་སྒྲུབ་བྱས། ཕུར་ནག་དགོན་པར་ལོ་ལྟར་རེ་བཞིན། ལོ་ཡར་གེ་ཁོད་དབལ་ཆུ་བཀོལ། ལོ་ཡར་གེ་ཁོད། སྦྱིན་བསྲེགས་བླུག་སྲོལ་ཡོད་འདུག་པའི། སྔ་ལོ་དབལ་ཆུ་བཀོལ་བས། འདི་ལོ་སྦྱིན་བསྲེགས་བླུག་འཆར་འདུག་ཀྱང་། ཕྲན་གྱིས་དབལ་ཆུ་བཀོལ་རྒྱུའི། རེ་བ་བཏོན་པ་ལྟར། དབལ་ཆུ་བཀོལ་སྐབས། ཕྲན་གྱི་དབལ་ཆུའི་ཛྭ་ཁྲིད་ཐོབ།   དེ་མཚམས་རང་ཡུལ་དུ་འཁོར་སྐབས། གཟི་ཀིས་རི་ཁྲོད་དུ། མཚམས་པ་ཤེས་རབ་ཚུལ་ཁྲིམས་དང་༎ ཨ་མཚོ་རྣམ་རྒྱལ་སོགས་ཀྱི། གཅེན་པོར་དབྱིངས་རིག་མཛོད་ཀྱི་ཁྲིད་ཞུས་ཏེ། སྟོད་ཆ་ཁྲིད་ཚར་ཞིང་། སྨད་ཆ་ཁྲིད་བཞིན་འདུག་པས། ཕྲན་གྱིས་ཀྱང་མཉམ་དུ་ཉན། འཇུག་ཏུབདེར་འདུས་དང་སྐུ་གསུམ་རང་ཤར་གྱི། སྒོ་ནས་དབང་བཞི་གནང་བ་ཐོབ། དེ་སྐབས་སྨན་པ་རྣམ་རྒྱལ་དྲུང་ནས། གེ་ཁོད་ཀྱི་ལུང་ཆབ་ཚང་ཐོབ། དེ་མཚམས་གཅེན་པོ་ཚུལ་ཡེ་དང་། ཚ་བུ་ཉི་མ་འོད་ཟེར་དང་མི་ནུབ། གྲྭ་བཙུན་དཔལ་ལྷ་ཕྲན་རང་བཅས་ཀྱི། གཟི་ཀིས་དུ་གེ་ཁོད་ཟླ་བ་གསུམ་སྒྲུབ་སྟེ། གཅེན་པོ་ཚུལ་ཡེ་དང་། མཚམས་པ་ཤེས་རབ་ཚུལ་ཁྲིམས་ཕྲན་བཅས་ཀྱི། དབལ་ཆུ་བཀོལ་དེ་སྐབས། ཤེས་རབ་ཚུལ་ཁྲིམས་དྲུང་ནས། གེ་ཁོད་ཀྱི་ལུང་ཆབ་ཚང་ཐོབ དེ་མཚམས་འཁོར་ཆེན་དེ་གཉིས། འཛུགས་ཆོག་ཆོག་གི་ གྲ་བསྒྲིགས་ཐོན་མཚམས།  རང་དགོན་བསམ་གཏན་གླིང་དུ། འཛུགས་པར་དགོངས་ནས། དགོན་པའི་ཀྲུའུ་རིན་གཞོན་པ་བསམ་དགེ་ལ། གཅེན་པོ་ཚུལ་ཡེ་མཆོག་གིས། ངས་ཤི་གསོན་གྱི་དཀོར་ཟས་འདི་དག་གིས། འཁོར་ཆེན་གཉིས་བཞེངས་ཡོད་པ་འདི། ནག་རུ་དགོན་པར་འཛུགས་ནས། འཁོར་ལོ་བསྐོར་མཁན་ལ་འཚོ་བ་དང་། ལྕི་ཤིང་སོགས་ངས་བཏང་འཆར་ཡོད་གསུང་པས། དེ་སྐབས་འགན་འཛིན་བསམ་དགེ་ཡི། འཁོར་ཆེན་འཛུགས་སའི་ཁང་པ་མེད་གསུང་། གཅེན་པོ་ནས་འཁོར་ཆེན་འཛུགས་སའི་ཁང་པ། ཕྲན་གྱི་རྒྱབ་འོང་གསུང་པ། བསམ་དགེས་དགོན་པ་ཡོད་ས་འདིར། འཁོར་ཆེན་ཁང་རྒྱབ་ན། བསམ་བསམ་གྱི་ས་ཆ་མི་གདའ། གལ་སྲིད་ས་ཆ་ཐབས་ཆག་ཞིག་ཡོད་ནའང་། གྲྭ་པ་ཚོའི་ས་ཆ་མང་ཆེ་བ། གྲྭ་ཤག་རྒྱབ་ས། ས་ཆ་བདག་པོ་རྒྱབ་ཚར་འདུག་ཟེར་བས། ངས་ས་ཆ་གྲྭ་པའི་བདག་ཡོད་ན། ངས་རེ་འདུན་རྒྱབ་ནས་ས་ཆ་ལོན་ཐབས་བྱེད་ཆོག་ལབ་པས། བསམ་དགེ་ནས་དགོན་པའི་ཉེ་བསྐོར་འདིར། འཁོར་ཆེན་ཁང་ཞིག་རྒྱབ་ཆོག་མིན་མི་ཤེས་པས། རྫོང་ཆོས་དོན་ཅུས་ལ་ཞུ་དགོས་རྒྱུ་རེད་ཟེར། གཅེན་པོའི་དེ་འདྲ་ཡིན་ན། འདི་ནས་འཁོར་ཆེན་ཁང་པ་ལས་རྒྱུ་ལ། དགོན་པའི་མོས་མཐུན་ཡི་གེ་ཞིག་ཁྱེད་ཀྱི་འབྲི་རོགས། དེ་ནས་ཆོས་དོན་ལས་ཁང་ལ། ཞུ་ཆོག་གསུང་སོང་བས། བསམ་དགེའི། ཡ་འོ་ཟེར་མ་སོང་ལ། མིན་ཟེར་མ་སོང་ལ།   འདི་གྱིས་དེ་གྱིས་ཀྱི། ལེན་མ་ཕུལ་བར་བསྐྱུར་སོང་།  དེར་གཅེན་པོའི་ཕྲན་ཆོས་དོན་ལས་ཁང་ལ། སོང་ནས་ཆོག་མཆན་ཞུས་ཤོག་གསུང་བྱུང་བས། དེ་ནས་ཕྲན་རྫོང་ཆོས་དོན་ལས་ཁུང་ལ་སོང་ནས།  དེ་སྐབས་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུ་ཀྲང་། ནག་རུ་རིན་ཆེན་དབང་གྲགས་ལ་ཞུས་པས། རིན་ཆེན་དབང་གྲགས་ཀྱིས། ད་ལྟ་དགོན་པའི་ཀྲུའུ་རིན་རྒན་པ། ཞིང་ལ་ཕེབས་ཚར་བས། ཀྲུའུ་རིན་གཞོན་པ། བསམ་དགེའི་མོས་མཐུན་མ་བྱས་ན། འདི་ནས་ཆོག་མཆན། གནང་ཆོག་མ་རེད་གསུང་། གང་ལྟར་དགོན་པར། འཁོར་ཆེན་འཛུག་མ་བཅོལ་བ། གནས་སྐབས་ལུས་སོང་བ་དང་། གཅེན་པོ་ཚུལ་ཡེ་མཆོག་ལ། སྡེ་དང་འགོ་ཁྲིད་གྲྭ་མང་ཚོགས་བཅས་ཀྱི། དགོན་པར་བཞུགས་རྒྱུའི་རེ་འདུན་ཆེ་བས།  དགོན་པའི་འགན་ཁུར་ཚོའི། ཁ་ཡི་དགོན་པར་བཞུགས་རོགས། མ་ཞུཐབས་མེད་བྱུང་བ་ལས། དོན་དུ་དགོན་པར་བཞུགས་སའི། ཁང་པ་མེད་པར་ཁ་གཡར་ཏེ། དགོན་པར་བཞུགས་མ་བཅོལ་བར་འགོར་འགྱང་དང་། བཀག་འགོག་བྱས་སོང་།   ༑༑༑ རང་ལོ་སུམ་ཅུ་པ། ༢༠༠༡ལྕགས་སྦྲུལ་ལོར། ཕྲན་ནི་དགོན་པའི་འགན་ཁུར་ཚོའི། ལས་འགན་དང་སྡོད་ས་སོགས། བཀོད་བསྒྲིགས་གང་ཡང་མ་བྱས་པས། དགོན་པར་ཞབས་ཞུ་སྒྲུབ་མ་ཐུབ་པར། གྲོང་པར་སྐུ་རིམ་ཞབས་བརྟེན་དང་། ཤི་དགེ་གསོན་དགེའི་དཀོར་རྗེས་སུ་སོང་བ་དང་། བར་བར་ཁོམ་སྐབས་སུ། གཅེན་པོའི་དྲུང་དུ་གཟི་ཀིས་རི་ཁྲོད་ལ་བསྡད། དེའི་བསྐོར་གཅེན་པོ་མཐའ་ཞུ་བླ་མ་ཚུལ་ཁྲིམས་ཡེ་ཤེས་མདུན་ནས། གསང་སྔགས་རྣམ་བཤད། ལྷ་གཉེན་ཤེལ་སྒོང་དང་ཟུར་རྒྱན་གྱི་ཁྲིད། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་ཁྲིད།  བྱང་སེམས་བརྒྱ་རྩ་པ་དང་ལྔ་བཅུ་པའི་ཁྲིད་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་བཅས་ཐོབ། མིང་གཞན་ཕན་བདེ་ཆེན་སྙིང་པོ་ཡེ་ཤེས་རང་གྲོལ་རྩལ་ཞེས་ནང་།  ལོ་དེའི་སྤྱི་ཟླ་དྲུག་པར། དགོན་པའི་བླ་གྲྭ་མཁན་སློབ་རྣམས་ལས། དབུ་མཛད་ཡས་རབ་སོགས། ཁག་གཅིག་ནི། ཁང་མཁན་བྱེད་པ། ཤིང་གཞོག་པ། ཤིང་ཚོན་བཏང་བ་སོགས་སོ་སོ་སྒེར་གྱི། ཡོངས་འབེབས། བསགས་པས་ལས་ལ་བྲེལ། འགའ་ཞིག་ནི་གསོན་གྱི། དབྱར་རིམ་སྟོན་རིམ་དང་། ཞེ་དགུ་སོགས་ཡོན་བདག་གི་ ངོ་སྲུང་བས་ལས་ལ་བྲེལ། མཁན་པོ་བསམ་དགེ་དང་། གྲྭ་མི་འགྱུར། ཀུན་དགའ། ཉི་མ། དཔལ་ལྷ། སྨོན་ལམ། གཡུ་ལྷ་སོགས། འགའ་ཞིག་ནི། མཁན་པོ་བསམ་དགེའི་ཁྱིམ་གྱི་ཟུར་དུ། གུར་ཕུབ་ནས་དེར་བཞུགས་ཏེ། ཆང་བཙོས། སྦུ་རག་དང་། ཤ་སོགས་ཉོས་ནས། དགའ་སྤྲོ་བཏང་བཞིན་བཞུགས་བསྡད་པས། དགོན་པར་བླ་གྲྭ་བཞུགས་མཁན་མེད་པས། ག་དུས་འགྱེལ་བ་མ་ཤེས་པར། དགོན་པའི་འདུ་ཁང་ཕུག་གི་གྱང་འགྱེལ།  སྟོན་ཁར་འགོ་ཁྲིད་རྣམ་རྒྱལ་སོགས་ཀྱི། རི་ཁག་བཞི་པ་ཨར་པོ་རྒྱབ་སྟེ། འདུ་ཁང་གྱང་ཡར་བརྡུང་ཀྱང་། མཁན་པོ་བསམ་དགེ་དང་། དབུ་མཛད་ཡས་རབ་སོགས་དགོན་པའི་འགན་ཁུར་རྣམས། ན་སོ་དར་ལ་བབས་པས། དགོན་པར་མི་བཞུགས་པར། གྲོང་གསེབ་དང་། ཁྱིམ་དུ་བཞུགས་པས། གྲྭ་བཙུན་གཞན་ནི་དགོན་པར་ག་ལ་བཞུགས། དེར་བརྟེན་དགོན་པར་བླ་གྲྭ་བཞུགས་མཁན་མེད་པའི། དགོན་པར་བདག་སྐྱོང་བྱེད་མཁན་མེད་སྟབས། སླར་ཡང་འདུ་ཁང་གྱང་མར་འགྱེལ་འདུག་ གཅེན་པོ་ཚུལ་ཡེ་ནི། གཟི་ཀིས་རི་ཁྲོད་དུ། ཟླ་བ་དགུ་པའི་ཚེས་གཅིག་ཉིན་ནས། འབྲུག་གསས་རྩ་སྒྲུབ་ཀྱི། སྐུ་མཚམས་ལ་བཞུགས། སྔ་ཕྱི་སྐུ་མཚམས་ནམ་བཞུགས་ཀྱང་ཉི་རྭ་ཆུང་ངུ་ལས། སྒོ་ཕྱིར་བྱོན་མྱོང་མེད་ཅིང་། སློབ་གཉེར་བ་མ་གཏོགས་མཇལ་ཁ་མི་གནོང་ཞིང་། བསྙེན་པ་བགྲང་དུས། གཞན་དང་ངག་མི་བསྲེ་བར། སྨྲ་བ་བཅད་དེ། དགེ་སྦྱོར་ལ་སྙིང་རུས་དང་། བརྩོན་འགྲུས་ཤིན་ཏུ་ཆེན་པོ་མཛད་པ་ནི། རྒྱུས་ཡོད་དང་ཉེ་གནས་ཀུན། ཡིད་རང་དད་པའི་གནས་སུ་གྱུར་བར་མཛད་དོ། བསྙེན་མཚམས་བཞུགས་ནས་ཟླ་བ་བཞི་སོང་བའི། ལྕགས་སྦྲུལ་དགུན་ཟླ་བཅུ་གཉིས་པའི། ཚེས་བཅུ་གསུམ་ཉིན། ཧོར་ལུང་དཀར་དགོན་པའི་རྣལ་འབྱོར་བ། བློ་གྲོས་ཡེ་ཤེས་དབལ་མོ་འབྲོང་རིར། བསྐོར་བ་བྱོན་སྐབས། ཁ་དོག་རྣམ་པར་བཀྲ་བའི་འཇའ་ཤར་ཏེ། འཇའ་སྣེ་བླ་མའི་གཟིམ་ཁང་ལ་ཟུག་འདུག་གསུངས། ཡང་ཕྱི་ཉིན་ཚེས་བཅུ་བཞི་ཉིན། འཇའ་འོད་ཀྱི་གུར་ཁང་ལྟ་བུ། ཉེར་སྐོར་ཀུན་ཏུ་འཁྲིགས་་ཚང་མའི་མཇལ་བས། ཉེ་གནས་རྣམས་ཀྱི་ ཅི་ཡིན་ནམ་སྙམ་པ་བྱུང༌། ཚེས་བཅོ་ལྔ་ཉིན། ཡང་ལྷོ་ཕྱོགས་ནས་འཇའ་འོད་དཀར་སེར་དམར་ལྗང་། རྣམ་པར་བཀྲ་བའི་འཇའ་སྣེ། གཟིམ་ཁང་སྟེང་ཟུག་འདུག་པ་ཚང་མས་མཇལ། ཞོགས་པ་དང་ཕྱི་དྲོ། ཁ་བའི་མེ་ཏོག་འདབ་ལྔ་ལྡན་དང་དྲུག་ལྡན་བཅས། མངོན་པར་བབས། ཚེས་བཅུ་དྲུག་ཉིན། ཞོགས་པ་མེ་ཏོག་གི་ཆར་པ། རྒྱུན་མ་ཆད་པར་བབས་ནས། འཇའ་འོད་ཀྱི་གཅེན་པོའི་མཚམས་ཁང་གི་ཕྱོགས་ཡོངས་ནས། བསྐོར་ཏེ་འཇའ་འོད་ཀྱི་གུར་ཕུབ་པ་ལྟ་བུ་ཚང་མས་མཇལ། དམ་པ་མཆོག་ཕྱི་དྲོ་ཆུ་ཚོད་གསུམ་པར། གློ་བུར་དུ་སྙུ་ནས་དབུགས་ཀྱི། རྒྱུ་བ་མ་ཡལ་ཙམ་མ་གཏོགས། ཞལ་གྲགས་རྒྱུ་མེད་པ་གྱུར་སོང༌། ཉེ་གནས་སློབ་མ་རྣམས་ཀྱིས། ཕྲན་འབོད་དུ་བཏང༌། ཆུ་ཚོད་ལྔ་པ་ཙམ་ནས་སྤྱན་གཟིགས་ཏེ། ཞལ་ཅུང་གྲགས་རྒྱུ་འདུག་པས་ཁྱེད་ཚོས། ང་ལ་མ་འཐམས་པར་མར་སྡོད་གསུངས། དེ་ནས་ག་ལེན་སྙུང་བསྲེང་སྟེ། སྐུ་ཁམས་སྔར་ལྟར་བསྟན་མཛད་ནས། སློབ་མ་རྣམས་དང་ཉེ་གནས་ཀུན་ལ གཅེན་པོ་མཆོག་གི་ཞལ་ནས། སྔོན་རྫོགས་པའི་སངས་རྒྱས། སྟོན་པ་གཤེན་རབ་མི་བོ་ཡང་། སྐུ་མི་རྟག་མྱ་ངན་ལས། འདས་པ་ཚུལ་བསྟན། དེ་བཞིན་རྒྱལ་སྲས་གཡུང་དྲུང་སེམས་དཔའ་ལ་སོགས། གྲུབ་ཐོབ་གཤེན་པོ་རིམ་བྱོན། རྣམས་ཀྱང་སྐུ་ཞི་བར་གཤེགས། དེ་ལྟར་མཐོ་རྒྱལ་པོ་ནས། དམའ་སྤྲང་སློང་འབྱོར་ཕྱུག་བཙན་ཉམས། ལས་སོགས་སྐྱེ་འགྲོ་སྲོག་ཆགས། དབུག་ཐོབ་ཚང་མ། འཆི་བ་ལས་མ་ཐར། དེས་ན་ཚང་མ་འགྲོ་ས་འདི་ལས་མེད་པས། ང་འཆི་བ་ལ་བློ་འགྱོད་དང་། སེམས་ཁྲལ་ཅུང་ཙམ་ཡང་མེད། ང་ཕོ་ལོ་བཅོ་ལྔ་ནས། ད་ལྟ་བར་དུ་དགེ་སྒྲུབ་སྡིག་སྤང་ཅི་ནུས་བྱས་པ་ཡིན། ཁྱེད་ཚོས་མི་ཚེ་ཡུད་ཙམ་འདི་ལ། ཕྱི་ཚུལ་ཙམ་དང་། གཏམ་སྙན་གྲགས། ཁ་རྒྱབ་ལྟོ་གོས་བཅས་ཀྱི་ཆེད་དུམ་སོང་བར། མཆོག་གསུམ་དཔང་པོ་བཞག་སྟེ། རང་གི་རང་ལ་མ་ཁྲེལ་བར། དགེ་བ་མཚན་བཅས་མཚན་མེད་གང་སྒྲུབ་ཀྱང་། སྦྱོར་དངོས་རྗེས་གསུམ་ཚང་བར། འབད་བརྩོན་ལྷོད་མེད་བྱས་ཏེ། ཚེ་ལྷག་གང་ཡོད་དགེ་སྦྱོར་གནད་དུ་འཁེལ་བར། མཛོད་དང་ང་བློ་བདེ་བ་ཡིན། ཁྱད་པར་དུ་ང་བླ་མརྩི་མཁན་རྣམས་ལ། ངའི་རེ་བ་ཆེ་ཤོས་ནི་ངོ་ལྐོག་མེད་པའི། སྡོམ་པ་དམ་ཚིག་མིག་འབྲས་བཞིན་སྲུང་བས། རེ་བ་ཤིན་ཏུ་ཆེ། བདག་ཅག་གི་སྟོན་པ་འཁྲུངས་འདས་ཀྱི། དུས་ཆེན་སོགས་ཟླ་བའི་དུས་ཆེན་ཁག་དང་། ཟླ་རེའི་ཉ་སྟོང་ཚེས་བརྒྱད་ཉེར་གཉིས་རྣམས་ལ། བསྙེན་སྙུང་གི་སྡོམ་པ་སྲུང་ན། ཕན་ཡོན་བསམ་བརྗོད་ལས་འདས་པ་ཡོད། དེ་མིན་ཉ་ཁྲིམས་སྐབས། ཤ་ཆང་སྒོག་གཙོང་ལས་སོགས་མི་དགེ་བ་སྤང་ན་ཐུབ་ཡང་། ཕན་ཡོན་ཆེན་པོ་ཡོད་གསུངས་སོ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.