སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། | 2013/11/2 13:25:00

༑༑༑ རང་ལོ་ཉེར་གསུམ་པ། ༡༩༩༤ ཤིང་ཁྱི་ལོའི་ལོ་གསར་དེ། ཀོང་པོ་རྒྱས་རི་དགོན་དུ་གཏོང་།  ཧོར་ཟླ་བཞི་པའི་ནང་ཤིང་ཚོན་ཉོ་བྱེད་དང་། གླ་ཆ་སྤྲད་རྒྱུ་དངུལ་མེད་པས།   བག་ཡབ་ཀྱི་སྔགས་པའམ་བླ་མ། གཡུང་དྲུང་བསྟན་འཛིན་ལ། ཐབས་ཤེས་བཏང་རོགས་ཞུས་པ་ཡིན། ཁོང་ནས་སྣ་ཁྲིད་དེ། བག་ཡབ་གྲོང་ཁྱེར་ལ། དངུལ་དང་གྲོ་འབྲས་བསླང་བ་དང་།  ལམ་བཟོ་བ། ཨ་རྒན་བསོད་ནམ་གྱི་སྣ་ཁྲིད་དེ། ལམ་ལས་ས་ཚིག་དང་། གཉན་ཁྲི་རྫོང་བཅས་སུ། དངུལ་དང་འབྲུ་རིགས་སླངས་བས། འགྲོ་སོང་གཏོང་བྱེད་ཚང་མ། འདང་བས་མ་ཚད་རྒྱས་རི་དགོན་ལ། དངུལ་ཉིས་སྟོང་བཞག་པ་དང་། སུམ་སྟོང་བླ་མ་ལ་ཕུལ་རྒྱུ་ལྷག་བྱུང་། ཧོར་ཟླ་ལྔ་པའི་ནང་བླ་མའི་བཀའ་བཞིན། གྲོ་འབྲས་སྣམ་སོགས། རྒྱ་མ་སྟོང་ལྷག་སྨན་རི་ལ། བསྐུར་རྒྱུ་ལྷ་སར་བཞག་སྟེ། རང་ཉིད་སྟེང་ཆེན་དུ་ཡོང་ནས། བླ་མར་སྒོར་སུམ་སྟོང་དེ་ཕུལ་ནས། རྒྱས་རི་དགོན་པའི་ལས་དཀའི་སྐོར་སྙན་གསེང་ཞུས། དེ་ནས་ཁྱིམ་དུ་སོང་བས་གཅེན་པོ་ཚུལ་ཡེ་མཆོག། རྩེ་དྲུག་ནས་ཡར་བྱོན་འདུག་པས། ཉིན་གཅིག་ངེད་སྤུན་གཉིས་གཟི་ཀིས་ལ་སོང་སྟེ། རི་ཁྲོད་བཞེངས་སའི་ས་བལྟས་ནས། ཁོང་རིང་མིན་འདིར་བཞུགས་ཏེ། ཉམས་ལེན་བྱེད་ཡིན་གསུང་།  དེ་སྐབས་མཁན་རིན་པོ་ཆེ། བོན་དབྱིངས་རང་གྲོལ་མཆོག་ཤིན་ཏུ་སྙུ་སྟེ། སྨན་ཁང་དུ་བཞུགས་འདུག་པས། དེར་སོང་ནས་མཇལ་དར་དང་སྒོར་སོགས་ཕུལ་ཏེ། སྙུན་འདྲི་ཞུས་པས། མཁན་པོའི་ཞལ་ནས། ད་ཁོང་ཚོས་ང་འདིར་བསྡད་དེ། སྨན་བཅོས་བྱེད་དགོས་ཟེར་འདུག་མ་གཏོགས། ངས་ད་སྨན་རྒྱབ་མཚམས་བཞག་སྟེ། རྫོང་ཁྲོད་དུ་བསྡད་དགོས་བསམ་གསུང་། དེར་གུས་པས་ཚེ་ཐར་ལྔ་བཅུ་ཙམ་བྱེད་འོང་ཞུས་པ་ཡིན། དེ་ནས་རང་ཁྱིམ་གྱི་ནོར་བཅུ་ཚེ་ཐར་བྱས། གཞན་གྲོང་པ་སོ་སོར་སོང་སྟེ་དགེ་བསྐུལ་བྱས་པས། ཁྱོན་བསྡོམས་ཚེ་ཐར་བརྒྱད་ཅུ་ཙམ། ཁས་བླང་མཁན་བྱུང་སོང་། དེ་མཚམས་བླ་མ་རྣམ་ལྷ་རིན་པོ་ཆེའི་བཀའ་ལྟར། ཕྲན་དང་བཟོད་པ་ཆེ་བ། གཡུང་དྲུང་དབང་རྒྱལ་གསུམ། ངེད་གཞུང་། སྤུ་གཞུང་། ག་ཐ། དམུ་ཐ། དམར་རོང་། ཁྲོམ་ཚང་། སྤུ་མདའ། མདའ་གཞུང་།  གཤེད་གཞུང་། ཁྲི་རྡོ། གསེར་རྩ། ཁྱུང་གཉིས་ལ། བཅས་སུ་ཟླ་བ་གཅིག་ལྷག་དཀར་ལྡོམ་སློང་མོ་སོང་། མར་འཁོར་དུས་མཁན་པོ། ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་ཞིང་ལ། ཕེབས་སོང་ཟེར་བ་ཐོས་པས། དེར་རྫོང་ཁྲོད་དུ་གདུང་མཇལ་ལ་སོང་། རྣལ་འབྱོར་ཚུལ་ཁྲིམས་མཆོག་རྒྱལ་ གྱིས་བསམ་ལྷུན་གསུང་བཞིན། སྐུ་གདུང་མདུན་བཞུགས་འདུག དེ་སྐབས་དགོན་པའི་འདུ་ཁང་ལ། སྒོ་གདན་དང་སྐར་ཁང་སོགས། ཐོན་མི་འདུག་ཀྱང་།  དགོན་པའི་གྲྭ་པ་རྣམས་འདུ་ཁང་ནང་། སྐར་ཁང་ལ་རས་ཡོལ་རྒྱབ་སྟེ་ཞེ་དགུ་      ཀློང་རྒྱས་གསུང་བཞིན་བཞུགས་འདུག སྐབས་དེར་དགོན་པའི་འདུ་ཁང་ཐོན་ལ་ཁད་ལས། གཞན་ཇ་ཁང་དང་། སྒྲུབ་ཁང་སོགས། ཁང་པ་གཅིག་ཀྱང་མི་འདུག་པས། འདུ་ཁང་སྒོ་ཁར་གུར་གྱི་ཡོལ་ལ་རྒྱབ་སྟེ། ཞེ་དགུ་གཡོག་མི་གཞུ་ཚང་རྒྱལ་མཚན་གྱི། ཟ་མ་བཀོལ་བཞིན་འདུག ཕྲན་ནས་དེ་དུས་ཞེ་དགུ་ཚོར་སྒོར་སུམ་བརྒྱ་ཕུལ་ཏེ། ཉིན་རེ་བོན་སྐུ་སྨོན་ལམ་ཚར་རེ་གསུང་རོགས་ཞུས་པ་ཡིན།  དེ་ནས་རི་ཁྲོད་དུ་ལོ་དུས་ཀྱི་དུས་མཆོད། རྣམ་རྒྱལ་སོགས་འདོན་བཞིན་བསྡད་པ་ཡིན། རི་ཁྲོད་དགོན་ནས་སྔ་རྗེས་སུ། དབང་ལུང་ཁྲིད་གསུམ་ཐོབ་པ་ནི། བླ་མ་རྣམ་ལྷའི་མདུན་ནས། གདུག་དཀར་གྱི་དབང་། རྟ་ཕྱག་ཁྱུང་གསུམ་གྱི་དབང་ལུང་། ཞི་ཁྲོ་དགོང་འདུས་ཀྱི་དབང་ལུང་། ཚེ་སྒྲུབ་ལྷ་དགུ་མའི་དབང་ལུང་། གཤེད་མར་དུ་ཏྲི་སུའི་དབང་ལུང་། ཆོ་ག་བཅུ་གཉིས་ཀྱི་དབང་སོགས་ཐོབ། རི་ཁྲོད་བླ་ཆུང་འཆི་མེད་དྲུང་ནས། མཁའ་འགྲོ་གསང་མཛོད་ཀྱི་ཁྲིད་ལུང་། ཞི་ཁྲོ་དགུང་འདུས་ཀྱི་དབང་། ཚེ་སྒྲུབ་ལྷ་དགུ་མའི་དབང་། ཆོ་ག་བཅུ་གཉིས་ཀྱི་དབང་། ཞི་ཁྲོ་དགོང་འདུས་ཀྱི་སྒོ་ནས། ངོ་སྤྲོད་རྒྱས་འབྲིང་བསྡུས་གསུམ་ལུང་། འཕོ་འཇའ་གུར་མ་དང་འཇའ་ཟུག་མའི་ཁྲིད་ལུང་སོགས་ཐོབ། དབུ་མཛད་གཡུང་དྲུང་དབང་དྲག་མདུན་ནས། འགར་ཕུར་གྱི་ལུང་།  མཁའ་འགྲོ་གསང་སྤྱོད་ཀྱི་ཁྲིད་ལུང་། མཁའ་འགྲོ་གསང་མཛོད་ཀྱི་ཁྲིད་ལུང་། བྱང་ཁྲིད། འཕོ་ཁྲིད་ངོ་སྤྲོད་བཅས་ཀྱི་ཁྲིད་ལུང་། ནག་རྩ་བསོད་ནམ་དབང་རྒྱལ་གྱི་དྲུང་ནས། དབལ་གསས་ཀྱི་ལུང་། ཁྲོ་འདུར། ཕོ་འདུར་མོ་འདུར། ཆུང་འདུར། ཉི་ཟེར་ཞགས་པ་བཅས་ཀྱི་ཁྲིད་ལུང་སོགས་ཐོབ།   དེ་ནས་མཁན་རིན་པོ་ཆེའི་ཞེ་དགུ་གྲོལ་མཚམས། གཡུང་དྲུང་ཕུན་ཚོགས་ཚང་ལ། རི་ཁག་གཉིས་པ་སྤྱི་ཡི་སྐུ་རིམ་ཞབས་བརྟེན་ལ། ནག་རུའི་བླ་གྲྭ་ཚང་མ་གདན་དྲངས་འདུག་ལ། ཕྲན་ཡང་དེར་ཕེབས་རོགས་ཟེར་བ་ལྟར་སོང་བ་ཡིན། དེར་ལྷ་མཐོང་ཚུན་ཡོངས་ཀྱི་འགོ་ཁྲིད་ཚང་མ། མགྲོན་བོས་འདུག་པས། དེ་སྐབས་འགོ་ཁྲིད་རྣམ་རྒྱལ་དབང་འདུས་སོགས། འགོ་ཁྲིད་དང་མི་དྲག་ཚང་མས་ཕྲན་རང་ལ། དར་དང་སྒོར་ཕྱག་བཅས་ཕུལ་སྤུས་མོ་གཙུག་ནས། བླ་མ་ཡེ་ཤེས་ཁྱེད་ང་ཚོའི་དགོན་པར་འདིར། བླ་མ་མཛད་དེ་བཞུགས་རོགས་ཅེས། ཡང་ཡང་ཟེར་བས། ཕྲན་ནས་རྗེས་སུ་དགོན་པར། ཞབས་ཞུ་གང་འགྲུབ་ཞུ་འོང་ཞེས། ཁས་བླང་བྱས། དེ་ནས་རི་ཁྲོད་དུ་ཡར་འབྱོར་སྐབས། བླ་མ་རྣམ་ལྷའི་ཞལ་ནས། བླ་མ་ཡེ་ཤེས་ཁྱོད་ཀྱི་སྨན་རི་ལ་བསྐུར་རྒྱུ། མར་དང་སྐྱུར་ར་འདི་ཚོ་ཁུར་ལ་ལྷ་སར་ཞོག ཁྱོད་རང་རྒྱས་རི་དགོན་དུ་སོང་ལ་ཀོང་པོའི། ཆུ་ཕར་རུ་ཚུར་ཀ་སྟོད་སྨད་་ཚང་མར། འབྲུ་རིགས་དང་སྣམ་སློང་ཤོག་གསུང་། དེ་མཚམས་འབྲུ་སྣམ་སོགས་སྨན་རི་ལ་བསྐྱལ་ཞོར། འདིར་ཚུར་ཡོང་དགོས་གསུང་བྱུང་ ཕྲན་ནས་གུས་པ་ཕར་འགྲོ་ཚུར་འགྲོ་བྱེད་དུས། ཕ་མ་སེམས་ཁྲལ་ཆེ་བས། ཡང་ན་འབྲུ་ལྡོམ་དཀར་ལྡོམ། འགྲོ་སྟེ་འདིར་འདུག་བཅོལ་རོགས། ཡང་ན་རྒྱས་རི་དགོན་ལ། འདུག་བཅོལ་རོགས། ཞུས་པ་ཡིན། བླ་མའི་ཞལ་ནས་ཡོང་རྒྱུ་མ་རེད། ཁྱོད་ཀྱི་རྒྱས་རི་དགོན་པ། བདག་པོ་རྒྱབ་བསམ་པ་ཨེ་ཡིན་དེ་འདྲ་ཡོང་མ་རེད། ལོ་ཁ་ཤས་ལ་ཕར་འགྲོ་ཚུར་འགྲོ་བྱེད་དགོས། དེ་ནས་རི་ཁྲོད་དགོན་འདིར་བསྡད་ཆོག་རེད་གསུང་། ཡང་ཕྲན་ནས་གུས་པའི་ཤ་ཉེ། ཚུལ་ཁྲིམས་ཡེ་ཤེས་ཀྱིས། ང་ལ་གཟི་ཀིས་ལ་རི་ཁྲོད་བཞེང་ནས། དེར་འདུག་ཟེར་བས་དགོངས་པ་གནང་རོགས། ཞུས་པས་ཨ་ཁྱོད་ཀྱི་ངས་ཁ་ལ་མི་ཉན་པ་ཨེ་ཡིན། ངས་ཁྱོད་ད་བར་དུ། གསོ་སྐྱོང་བྱས་པ་སྟོང་ཟད་རེད། གསུང་ཐུགས་དགོང་འཁྲུག་འདུག་པས། གུས་པའི་ལགས་སོ་ང་རྒྱས་རི་དགོན་པར། ཕར་འགྲོ་ནས་ལྡོམ་བུ་བྱེད་འོང་། ཞུས་ནས་བླ་མའི་བཀའ་ལྟར། ལྷ་སར་མར་སྐྱུར་བཞག་སྟེ། ཀོང་པོར་སོང་སྟེ་གྲོ་ནས་སྣམ་སོགས། སློང་མོ་ཉིན་བཅོ་ལྔར་སོང་དེ་རྣམས་རྒྱས་རི་དགོན་དུ། འགན་ཁུར་གྲྭ་བཟོད་པ་ཆེ་བར་སྤྲད། དེ་མཚམས་ནག་རུའི་གྲྭ་སྨོན་ལམ་བསྟན་འཛིན་དང་། གཡུང་དྲུང་བསྟན་འཛིན། གཉིས་དང་ལྷན་དུ། བོན་རི་ལ་བསྐོར་བ་ལྔ་བསྐོར། དེ་སྐབས་ཁོང་གཉིས་ལ་ཕྲན་ནས། ཡང་ན་དབེན་གནས་ཤིག་ཏུ། འདུག་སྟེ་ཉམས་ལེན་ཡག་པོ་ཞིག་བྱེད། ཡང་ན་སྐྱབས་རྗེ་མཁན་དཔོན་སློབས་གཉིས་མཇལ་ཏེ། མཚན་ཉིད་སོགས། ཐོས་བསམ་ལེགས་པོ་ཞིག་སྦྱོང་མི་འགྲོ་ ཞེས་གྲོས་དྲིས་པས། ཁོང་གཉིས་ནས་ད་ཐག་རིང་ལ། འགྲོ་ནས་ཐོས་བསམ་སྦྱོང་པ་ལས། ཉམས་ལེན་བྱེད་ནས་བསྡད་དགོས་ཟེར། དེ་སྐབས་ཕྲན་མཚན་ཉིད་དང་ཡོན་ཏན་སྦྱོང་བའི། གོ་སྐབས་དེ་དོར་བ་དང་། དེ་ནས་མཆེད་གྲོགས་གཉིས་དང་ལྷན་དུ། གྲོས་བྱས་པས་ཀོང་པོ་འདིར་བསྡད་ན་བླ་མ་དང་། ཕ་མའི་སྡོད་མི་བཅོལ་བ་གཏན་འཁེལ་བས། སྒྲུབ་གནས་གཞན་ལ་འགྲོ་ནས།། ཉམས་ལེན་བྱེད་རྒྱུ་གྲོས་མཐུན་པས།  དང་པོ་ཀོང་སྨད་རྒྱ་ལ་སེང་གདོང་མཇལ། དེ་ནས་སྨན་གླིང་རྫོང་རྒྱུད་ལྷོ་ཁའི། ཁྲ་འབྲུག་སྒྲོལ་མའི་ལྷ་ཁང་དང་། ཡུམ་བུ་བླ་མཁར། བསམ་ཡས་སོགས་མཇལ་ཏེ། ལྷ་ས་རྒྱུད་ནག་ཆུ་ལ་སོང་། དེ་ནས་ཤར་རྫའི་བཀའ་འབུམ་ཆ་གཅིག་དང་། སྣོད་ཆས་འབྲུ་རིགས་སོགས་ཉོས་ཏེ། ཉི་མ་རྫོང་ལ་སོང་། དེར་གཡུ་བུན་སྤྲུལ་སྐུ་དང་། བླ་མ་འོད་ཟེར་བཅས་མཇལ། དེ་ནས་འོམ་ཕོ་དགོན་དུ་སོང་ཏེ། བླ་མ་ལྷ་སྒོམ་དཀར་པོའི་སྒྲུབ་ཕུག གཡུང་དྲུང་ལྷ་རྩེ་གར་ཡོད་དྲིས་པས། འོམ་ཕོ་གྲོང་ཚོའི་ལྷོ་ཤར་མཚམས་སུ། ལམ་ཐག་སྤྱི་ལེ་གཉིས་ཙམ་ཡོད་རེད་ཟེར་བས། དེར་ཧོར་ཟླ་བཅུ་པའི་ཚེས་གསུམ་ལ་འབྱོར་སྐབས། སྒྲུབ་ཕུག་ཐོག་འོག་གཉིས་ལ་འགྲོ་ལམ་དང་། སྒོ་སྐར་ཁུང་སོགས་ཞིག་རལ་དུ་སོང་སྟེ། འགྲོ་འདུག་བྱེད་ཤིན་ཏུ་དཀའ་ལ། ཉེ་བསྐོར་ལ་ཆུ་ཡང་མི་འདུག་པའི།  བླ་མ་འོད་ཟེར་ལ་རོགས་པ་བྱེད་རོགས་ཞུས། དེར་བླ་མ་འོད་ཟེར་གྱི། འོལ་ཕོ་གྲོང་པའི་འགོ་ཁྲིད་དང་། སྡེ་ལ་བསྐུལ་སློངས་མཛད་པས། དྲལ་བུ་དང་སྒོ་ལབ་གདུང་མ་སོགས་དང་། ལྕགས་སྐུད་དང་རས་ཡོལ་འབོལ་གདན། གཞན་ཡང་ཤ་མར་གྲོ་འབྲས་ཙམ་པ། མདུན་ལྕོགས་སོགས། གཡག་དང་བོང་བུ་ལ་བཀལ་ཏེ། དུད་མི་རེ་སླེབས་ནས། འགྲོ་ལམ་ལ་འཇུ་ས་ལྕགས་སྐུད་བཏང་། སྒྲུབ་ཕུག་སྒོ་ལ་རས་ཡོལ་རྒྱབ་སྟེ། གྲོང་མི་ཚོ་འགྲོ་ཁར་ཁྱེད་བླ་གྲྭ་རྣམས་པ། འདིར་བཞུགས་རོགས་བྱས་ན། ང་ཚོའི་རེས་མོས་བྱས་ཏེ། ཆུ་འདང་ངེས་བསྐྱལ་འོང་ལ།  སང་ལོ་སྒྲུབ་ཕུག་སྒོ་ཁར། རྡོ་བརྩིགས་ཏེ་འགྲོ་ལམ་བཟོ། སྒྲུབ་ཕུག་རྩར་ནས་རྡོ་བརྩིགས་ཏེ། སྒྲུབ་ཕུག་ཆེ་རུ་བཏང་སྟེ་ཇ་ཁང་བཟོ་འོང་། ཟེར་ཏེ་སོང་། དེར་ངེད་གསུམ་གྱི། ཐོ་རང་སྔོན་འགྲོའི་ངག་འདོན་དང་། རྩ་རླངས་གསོལ་འདེབས་དང་། བླ་མའི་རྣལ་འབྱོར་འདོན་ཏེ་དུག་རླངས་དགུ་ཕྲུག་འབུད། དེ་ནས་སེམས་དང་སྙིགས་འབྱེད་པས། རླངས་ཐུན་ཉེར་གཅིག་འབུད་དེ། གནས་ལུགས་ཀྱི་ཐོག་ཏུ་ཐུན་གཅིག་བཞག  དེ་ནས་ཁོང་རྣམ་གཉིས་རེས་མོས་ཀྱི་ཇ་བཀོལ། ཕྲན་ནས་དུས་རྒྱུན་གྱི་་ཁ་འདོན་རྣམས་འདོན།  ཞོག་ཇ་འཐུང་ཚར་བ་དང་། སྒྲུབ་ཕུག་གོང་མ་ནས་ཐོད་བརྒལ་བལྟ། དེ་ནས་ཉིན་གུང་ཟ་མ་བཟོས་ཏེ་ཟ་འཐུང་བྱེད། དེ་མཚམས་ཁོང་རྣམ་གཉིས་ཀྱི་རེ་བ་ལྟར། དངོས་གཞི་སྐུ་གསུམ་རང་ཤར། ཉམས་ཁྲིད་སྙིང་གི་རྒྱ་ཅན། ཀུན་བཟང་སྙིང་ཐིག་བཅས། རིམ་བཞིན་དཔེ་ཁྲིད་བྱས། ཐུན་བར་རྣམས་སུ། བླ་སྒྲུབ་འདོད་འབྱུང་རིན་ཆེན་ལྟར། སྙིང་པོ་རྣམས་བརྒྱ་སྟོང་གང་འགྲུབ་བཟླས། དེ་མཚམས་བླ་མའི་རྣལ་འབྱོར་འདོན་ཏེ་ཐུན་གཅིག་འདུག དེ་ནས་ཕྱི་ཇ་བཀོལ་ཏེ། འཐུང་ཚར་རྗེས་ཐོད་བརྒལ་བལྟ། ཉི་མ་བྱོན་རྗེས་ཐུག་པ་བཀོལ་ཞོར། བཀའ་སྐྱོང་བསྐུལ།   གསུར་འདོན་དེ་ནས་ཐུག་པ་འཐུང་ཚར་རྗེས། ལུས་སྦྱིན་གཏོང་སྟེ། དྲན་པའི་ཨ་དཀར་དགོང་འདུས་འདོན། དབང་བཞི་བླང་སྟེ་སྙིང་པོ་བཟླས། དེ་ནས་ཐུན་གཅིག་འདུག་སྟེ་བསྔོ་སྨོན་བྱ་སྟེ་ཉལ། དེ་ལྟར་བདུན་ཁ་ཤས་མཚམས། ཁོང་རྣམ་གཉིས་ཀྱི་ཕྱི་ནང་འཁོར་འདས། རི་ཤན་ཕྱེ་བ་ཞག་བརྒྱ་ལ་སྦྱོང་། ཕྲན་ནི་སྔར་ལྟར་ཁྲིག་ཆོད་དང་། ཐོད་བརྒལ་ལ་འབད།  ཧོར་ཟླ་བཅུ་གཉིས་པའི་ཉི་ཤུ་ཐམ་པ་ཉིན། འོལ་ཕོ་དགོན་པའི་དགུ་ཁྲོ་བོ་འདོན་མི། ངེད་གསུམ་བྱོན་ཤོག་གསུང་འདུག་པས། ཁོང་རྣམ་གཉིས་འཚོགས་མི་ཕེབས། ཕྲན་ནས་དགོང་པ་ཞུས་ཏེ་མ་སོང་། དེ་སྐབས་ལྷ་སྒོམ་སྒྲུབ་ཕུག་གི་མདུན་དེར། དུར་ཁྲོད་ཡོད་སར་རོ་བསྐྱལ་བ། རོ་བསྐྱལ་མཁན་གྱིས་རོ་ལས་ཡག་པོ་མ་བྱས་པ། ཁྱི་ཡི་ཟོས་འཕྲོ་མགོ་དང་རྐང་ལག་རྣམས། སྒྲུབ་ཕུག་གི་སྒོར་ཁུར་ཏེ། ཁྱི་ཡིས་ཟ་བཞིན་འདུག ཚེས་སུམ་བཅུ་ཉིན་གྲྭ་སྨོན་ལམ་བསྟན་འཛིན་དང་། གྲྭ་གཡུང་དྲུང་བསྟན་འཛིན་རྣམ་གཉིས། ཚུར་སྒྲུབ་ཕུག་ཏུ་འབྱོར།༑༑༑ རང་ལོ་ཉེར་བཞི་པ། ༡༩༩༥ ཤིང་ཕག་ལོའི་ཧོར་ཟླ་ལྔ་པ་བར་དེར་བསྡད། དེ་ནས་གྲྭ་བཙུན་གཡུང་དྲུང་གིས། སྟ་སྒོ་དང་དྭངས་ར་བསྐོར་མི། འགྲོ་ཞེས་ཨུ་ཚུག་ཆེ་བས། ཚེས་ལྔ་ཉིན་སོང་ལམ་བར་དུ། སེ་ཞིག་དགོན། ཚོགས་གཙོ་དགོན། སྐྱིད་གསུམ་བླ་བྲང་ཤུལ།  གཡུ་བུན་དགོན་སོགས་མཇལ་ཏེ། ཚེས་ཉི་ཤུ་ཉིན་སྒྲུབ་ཕུག་ཏུ་འབྱོར། དེའི་སྔོན་ནས་འོལ་ཕོ་གྲོང་ལ། གྲྭ་གཡུང་དྲུང་གི་སྲིང་མོ་ཨ་ཆུང་དང་། དེའི་རོགས་པ་བཀྲ་ཤིས་ཚེ་རིང་དང་། སྐལ་བཟང་དཔལ་གཡང་གསུམ་སླེབས་ཡོད་པ། སྒྲུབ་ཕུག་མཇལ་དུ་སླེབས་ཏེ། ང་ཚོ་མཉམ་དུ་གངས་རི་བསྐོར་མི། འགྲོ་དགོས་ཟེར་བས། ངེད་གསུམ་འདིར་ལོ་གསུམ་ལ་བསྡད། དེ་ནས་གངས་རི་བསྐོར་ཏེ་ཕ་ཡུལ་ལ་སླེབས་འོང་། ཁྱེད་ཚོ་གངས་རི་ལ་སོང་ཟེར་བ་ཡིན། ཁོ་ཚོའི་བླ་མ་ཡེ་ཤེས་དང་། སྨོན་ལམ་ཁྱེད་གཉིས་མ་སོང་ཀྱང་། གཡུང་དྲུང་ང་ཚོའི་རོགས་པ་བཏང་རོགས། ཟེར་བས་ཕྲན་ནས་གཡུང་དྲུང་བཏང་ཆོག་ཟེར་བ་ཡིན། གཡུང་དྲུང་གིས་གངས་རི་བསྐོར་མི། ང་ཚོ་མཉམ་དུ་འགྲོ། དེ་མཚམས་ང་རང་ཚོ་སྒྲུབ་ཕུག་ཏུ། བསྡད་དེ་ཉམས་ལེན་བྱེད་ཟེར། སྨོན་ལམ་གྱིས་ཀྱང་དེ་བློ་བབས་ཟེར། ང་རང་འགྲོ་འདོད་མེད་ཀྱང་། མ་སོང་ཐབས་མེད་བྱུང་བས། མཉམ་དུ་གངས་རིའི་ཕྱོགས་སུ་སོང་བས། མངའ་རིས་ལ་སླེབས། དེ་ནས་དང་པོ་བྱ་རི་གཙུག་ལྡན་ནམ། པྲེ་ཏ་པུ་རི་ལ་སོང་སྟེ། ཁོ་ཚོའི་བསྐོར་བ་བསྐོར། ཕྲན་ནས་བསྐོར་བ་གཅིག་བསྐོར། དེ་ནས་བླ་སྒྲུབ་འདོད་འབྱུང་རིན་ཆེན་ལྟར། ཚེ་དབང་བོད་ཡུལ་མའི་སྙིང་པོ་ལྔ་སྟོང་དང་། ཚེ་སྒྲུབ་བྱ་རི་མའི་སྙིང་པོ། ཁྲི་གཅིག་བཟླས། ཚོགས་མཆོད་ཕུལ་ཏེ་ཞག་གསུམ་བསྡད། དེ་ནས་ཁྱུང་ལུང་དངུལ་མཁར་རམ། མཁར་གདོང་དུ་སོང་སྟེ་དྲན་པའི་རྡོ་སྐུ་མཇལ། དེ་ནས་གུར་བྱམས་དགོན་པ་དང་། གཡུང་དྲུང་རིན་ཆེན་འབར་བའི། བྲག་ཕུག་མཇལ། དེར་ཞག་མ་ལྔ་ལ་བསྡད་དེ། བླ་སྒྲུབ་འདོད་འབྱུང་རིན་ཆེན་ལྟར། དྲན་པའི་སྙིང་པོ་ཁྲི་གཅིག་བཟླས་དེ། ཚོགས་མཆོད་ཕུལ། དེ་ནས་གངས་རི་ལ་སོང་སྟེ། དར་ཆེན་རྩར་ཟེར་སར། གུར་ཕུབ་སྟེ་བསྡད་ནས། བསྐོར་བ་ཉིན་བསྐོར་གཉིས་སོང་། དེ་མཚམས་ཕ་ཡུལ་སྦྲ་ཆེན་ནས་ཡིན་པའི། ག་རྒྱ་གྲྭ་པ་ཟེར་བ་གཅིག་གིས། ང་གངས་རི་ཤེལ་བྲག་ཕུག་ཏུ།  ཉམས་ལེན་བྱེད་དུ་འགྲོ་བ་ཡིན། ཁྱེད་བླ་གྲྭ་རྣམས་ང་དང་མཉམ་དུ། མཚམས་ལ་བཞུགས་མཁན་ཨེ་ཡོད་ཟེར་བས། ཕྲན་ནས་ང་འདུག་རྒྱུ་ཡིན་ཟེར་ཏེ། ཕྱི་ཉིན་མཉམ་དུ་ཡར་སྒྲུབ་ཕུག་ཏུ་འགྲོ་འཆར་བྱས། དེར་ཕྱི་ཉིན་སྨོན་ལམ་དང་གཡུང་དྲུང་སོགས། ཁོང་ལྔ་ཡིས་ཕྲན་ཡར་སྒྲུབ་ཕུག་ཏུ་བསྐྱལ། མེ་བཏང་བྱེད་ཚེར་མ་དང་སྤངས་འབུར་བཅས། འཐུ་རོགས་བྱས་ཏེ་སོང་། སྒྲུབ་ཕུག་དེ་ནི། སྒོ་དང་སྐར་ཁུང་ཡོད་པ། ཉམས་དགའ་བ་ཞིག་འདུག སྔར་དཀར་རུ་གྲུབ་དབང་དང་། བཟོད་པ་རིན་པོ་ཆེ་སོགས། བཞུགས་ས་རེད་ཟེར་སྲོལ་འདུག་ལ། གངས་རི་ཡངས་རྩེའི་གཡས་ཟུར་དུ་འདུག་པའི། གངས་འཁྱགས་ཞུ་བའི་ཆབ་སྒྲ་ཡང་གོ་བར་འདུག་ལ། མི་ཁྱིའི་དབེན་པའི་གནས་མཆོག་གཅིག་རེད་འདུག་གོ  ག་རྒྱ་གྲྭ་པ་དང་ངེད་གཉིས་ཀྱིས། ཐོ་རང་དང་དགོང་མོ་རྩ་རླངས་དང་ལུས་སྦྱིན་འདོན་ཏེ། གནས་ལུགས་ཀྱི་ཐོག་ཏུ་ཐུན་གཅིག་བཞག ཞོག་པ་དང་ཕྱི་དྲོ་ཐོད་རྒལ་བལྟས། སྔ་དྲོ་དང་ཉིན་དགུང་། བླ་སྒྲུབ་འདོད་འབྱུང་རིན་ཆེན་ལྟར། སྙིང་པོ་རྣམས་བརྒྱ་རེ་ཙམ་བཟླས་ཏེ་ཚོགས་ཕུལ། དེ་ལྟར་བྱས་ཏེ་ཞག་གསུམ་སོང་རྗེས། ག་རྒྱ་གྲྭ་པ་གོས་ཁུར་མི་འགྲོ་ཡིན་ཟེར་ཏེ། སོང་བས་ཡར་མ་སླེབས་པའི། རང་ཉིད་གཅིག་པུར་ཞག་མ་ཉེར་གསུམ་ཙམ་བསྡད། དེ་མཚམས་སྨོན་ལམ་སོགས་རོགས་པ་རྣམས་འབྱོར་ཏེ། ད་ང་ཚོ་དགོན་པ་དང་རང་བྱོན་རྣམས་མཇལ་ཞོར། བསྐོར་བ་གཅིག་བསྐོར་དེ་ནས་མཚོ་མ་པང་ལ་འགྲོ་ཟེར་བས། དེ་ཉིན་གངས་རི་མདུན་རྒྱང་གྲགས་དགོན་སོགས་མཇལ། ཕྱི་ཉིན་བསྐོར་ལམ་རྒྱུད་ཀྱི། བཀའ་རྟགས་རང་བྱོན་དང་། ཞབས་རྗེས་དགོན་པ་སོགས། མཇལ་བཞིན་སོང་བས། བསྐོར་བ་གཅིག་ལ་ཞག་མ་གསུམ་འགོར། དེ་མཚམས་མཚོ་མ་པང་ལ་བསྐོར་བ་གཅིག་བསྐོར། དེ་ནས་དྭངས་ར་གཡུ་མཚོའི་འགྲམ། འོལ་ཕོ་དགོན་དུ་འབྱོར། དེ་ནས་གཡུང་དྲུང་ནི། སྲིང་མོའི་སྡོད་མི་བཅོལ་བས། སྲིང་མོ་ཨ་ཆུང་དང་བཀྲ་ཤིས། སྐལ་བཟང་གསུམ་དང་ལྷན་དུ། ཀོང་པོ་བོན་རི་ལ་འགྲོ་ཡིན་ཟེར་བས། དེར་ངེད་གསུམ་ལ་ཡོད་པའི་དངུལ་དང་། རྒྱག་ཆས་སོགས་ལས། ཚད་ཀ་གཡུང་དྲུང་ལ་བསྐུར་ཏེ་བཏང་བ་ཡིན།  སྨོན་ལམ་དང་ངེད་གཉིས་ལྷ་སྒོམ་སྒྲུབ་ཕུག་ཏུ། ཧོར་ཟླ་དྲུག་པའི་ཚེས་ཉི་ཤུ་བདུན་ཉིན་འབྱོར་བས།  སྔར་བཞིན་ཉམས་ལེན་བྱེད་བཞིན་བསྡད། དེ་སྐབས་འོལ་ཕོ་དགོན་པའི་བླ་མ་འོད་ཟེར་དང་། འོལ་ཕོ་གྲོང་ཚོའི་འགོ་ཁྲིད་རྣམ་པས། སྐུལ་སློང་བྱས་ཏེ་འོལ་ཕོ་གྲོང་ཚོའི་དུད་མི་རེའི། གདུང་མ་དང་དྲའུ་་སྒོ་ལབ་སོགས། སོ་སོའི་གང་འབྱོར་ཁུར་ཏེ། ངལ་རྩོལ་ཉིན་བཅུ་ལ་བྱས་ནས། སྒྲུབ་ཕུག་ལ་འགྲོ་ལམ་བདེ་མོ་བཟོས་པ་དང་། སྒྲུབ་ཕུག་གི་སྒོ་ཁའི་བྲག་རྩ་ནས། བརྩིགས་པ་རྒྱབ་སྟེ་སྒྲུབ་ཕུག་གི་སྒོ་ཁར། ཇ་ཁང་མཛོད་གཅིག་བཟོ་རོགས་བྱས་བྱུང་།    དེ་ནས་ཧོར་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། ཉི་མ་རྫོང་གི་ཆོས་དོན་ལས་བྱེད་མི་སྣ། འོལ་ཕོ་དགོན་དུ་སླེབས་ཏེ། ལྷ་སྒོམ་སྒྲུབ་ཕུག་གི་མཚམས་པ་གཉིས། འོལ་ཕོ་དགོན་དུ་ཤོག་ཟེར་བས་ཆ་འབྱོར། ངེད་གཉིས་འོལ་ཕོ་དགོན་དུ་སོང་བས། ལས་བྱེད་དེ་ཚོས་ཁྱེད་གཉིས་ཐེམ་ཐོ་ཡོད་སར་སོང་། འདིར་སྡོད་མི་ཆོག་གལ་སྲིད་སྡོད་དགོས་ན། ཕ་ཡུལ་ལ་སོང་ནས་ཐེམ་ཐོ་འདིར་སྤོས་ཤོག ཉིན་བདུན་ཚུད་ཉི་མ་རྫོང་ལ་སླེབས་པ་གྱིས་ཤོག དེ་མིན་ཉི་མ་རྫོང་ལ་བཀག་ཉར་བྱེད་རྒྱུ་ཡིན་ཟེར་བྱུང་། དེ་ནས་འོལ་ཕོ་གྲོང་ཚོའི་འགོ་ཁྲིད་དང་། སྦྱིན་བདག་སྤོ་བོ་བསྟན་རྣམ་སོགས་ཀྱི། ངེད་གཉིས་ལོ་ཤས་འདུག་ཆོག་པས་རེ་འདུན་ཞུས་ཀྱང་། ངེད་གཉིས་ངེས་པར་དུ་ཉི་མ་རྫོང་། ཆོས་དོན་ལས་ཁུང་ལ་ཡོང་དགོས་ཟེར། དེར་ངེད་གཉིས་གནས་སྐབས། ཀོང་པོ་བོན་རིར་འགྲོ་འཆར་བྱས་ཏེ། ཉི་མ་རྫོང་ནས་ནག་ཆུ་དང་། ལྷ་ས་རྒྱུད་ཀོང་པོར་སོང་།  འོལ་ཕོ་དགོན་པའི་གྲྭ་པ། གཡུང་དྲུང་འོད་ཟེར་ངེད་གཉིས་དང་མཉམ་དུ་ཡོང་བས། སྨོན་ལམ་དང་ཁོང་གཉིས་ཀྱི། བོན་རི་ལ་བསྐོར་བ་སོང་། ཕྲན་ནི་དང་པོ་ཉི་མ་སྒྲུབ་ཕུག་ཏུ་སོང་སྟེ། མཚམས་པ། ཨ་གོང་ཆོས་དར་མདུན་ཞག་ཤས་བསྡད། དེ་སྐབས་ས་ཡིག་བྱེ་མ་ལག་ཁྲིད་ཀྱི་ཁྲིད་ལུང་དང་། སྟག་ལའི་ལུང་སོགས་ཐོབ། དེ་ནས་དབུས་ཕུག་གསང་བ་ཡོངས་རྫོང་དུ། ལྷ་འདུན་རིན་པོ་ཆེའི་མདུན་དུ། ཟླ་བ་གཅིག་བསྡད། དེ་སྐབས་ཁྲིད་ཡིག་དམར་མོ་མཛུབ་ཚུག་དང་། དབལ་གསས་ཀྱི་དབང་ལུང་བཅས་ཐོབ། དེར་འབྲི་རུ་ནས་ཡིན་པའི། གྲྭ་པ་ཁ་ཤས་འདུག་པ་དང་། ང་ཚོ་ཕན་ཚུན་སྐད་ཆ་བྱས་པས། དྭངས་ར་ནང་ཡར་འགྲོ་བ་ལས། འབྲི་རུ་རྫོང་པད་དཀར་ཤང་ལ། ཐུགས་རྗེ་ཀུན་གྲོལ་གནས་རི་ཡོད་སའི་རི་སྐད་དུ། མཚམས་ཁང་རྒྱབ་ཡོད་ཀྱང་། བཞུགས་མཁན་མ་རྙེད། དེར་ཆུ་དང་མེ་ཤིང་འབེལ་པོ་ཡོད། ཁྱེད་དེར་བཞུགས་རོགས་མཛོད་དང་། འཚོ་བ་ངེད་ཚོའི་སྦྱར་འོང་ཟེར། ལྷ་འདུས་རིན་པོ་ཆེ་ནས་དེར་སོང་སྟེ་སྡོད་གསུང་བས། ཧོར་ཟླ་བཅུ་པའི། ཚེས་བཅུ་བདུན་ཉིན། འབྲི་རུ་གྲྭ་པ་གསུམ་ངེད་ཀྱི་རོགས་པ། སྨོན་ལམ། གཡུང་དྲུང་འོད་ཟེར། གཉིས་དང་ནག་རུ་གྲྭ་པ་ཀོང་པོར་ཡོད་པ།  ཤེས་རབ། བློ་གྲོས། ཡེ་ཤེས་ཕུན་ཚོགས་ གསུམ་ངེད་དང་མཉམ་དུ་བྱུང་བས། ངེད་དགུ་ལྷ་ས་དང་ནག་ཆུ་རྒྱུད། འབྲི་རུ་པད་དཀར་ལ་སོང་། དེ་ནས་མཚམས་ཁང་ཡོད་སར་འབྱོར་བས། དེར་ཤུག་པའི་གསེང་ལ་རི་ཁྲོད་ཉམས་དགའ་བ། ཆུ་ཟུར་དུ་ཡོད་པ་གཅིག་འདུག་མཚམས་ཁང་ནང་། བཀའ་འགྱུར་གཅིག་དང་འདོན་ཆ་བསྐོར་པོད་མང་པོ་འདུག དེར་གྲྭ་པ་དེ་ཚོའི་སྐུལ་སློངས་བྱས་པས། གྲོང་པ་མང་པོས་འཚོ་བ་བསྐྱལ་བྱུང་། དེ་ནས་ཁོང་གྲྭ་པ་ཚོ།  ཨ་དཀར་སྒྲུབ་སྦྱོང་བཞུགས། ངེད་ཀྱི་ནང་དགོང་ཐུན་བསྡད། སྔ་དྲོ་དང་ཕྱི་དྲོ་ཐོད་རྒལ་བལྟས། ཉིན་གུང་སྒྲུབ་སྦྱོང་ཐུན་རེ་བསྡད་དེ། ཟླ་བ་གཅིག་ཙམ་སོང་རྗེས་ཤིན་ཏུ་ན། དེར་སྨན་པ་བརྟེན་པས་གློ་ཚད་རེད་ཟེར། སྨན་ཆུ་གང་མང་རྒྱབ་པས། དྲག་བསྐྱེད་ཅུང་ཙམ་བྱུང་།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.