སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། ༢ | 2013/11/2 13:19:00

 ༑༑༑ རང་ལོ་བཅོ་བརྒྱད་པ་༡༩༨༩ ས་སྦྲུལ་ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན། བོན་དབྱིངས་རང་གྲོལ་རིན་པོ་ཆེ། མཆོག་ནས་རི་ཁྲོད་དུ། ཞོག་པ་སྡེ་སྣོད་མཛོད་ཀྱི་ཁྲིད་ཀ་གནང་ནས། སློབ་མ་རྣམས་ལ་སྦྱོང་བཅོལ་བ་དང་། སྔ་དྲོ་ནས་ཉིན་གུང་བར་དུ་རྒྱུག་ལེན་པ། ཉིན་གུང་ཟ་མ་ཟོས་ཚར་ནས་ངལ་གསོ་བ་དང་། ཉིན་ཚད་ཡོལ་ནས་ཕྲན་རང་སོགས་དང་། སློབ་མ་ཁག་གཅིག་ལ། སྡེ་སྣོད་མཛོད་སྦྱོང་བཅུག་པ་དང་། སློབ་མ་འགའ་ཞིག་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་ཀ་གནང་སྟེ། སྦྱོང་བཅོལ་བ་དང་། ཕྱི་དྲོ་ནས་སྡེ་སྣོད་མཛོད་རྩ་བ་དང་འགྲེལ་པ་བློ་རྒྱུག་འབུལ་བཅོལ་བ་དང་། དགོངས་མོ་གནས་ལུགས་ཀྱི་ཐོག་ཏུ།  ཐུན་རེ་བཞག་རྒྱུ་བཅས། དགོན་པ་བཟོ་སྐྲུན་གྱི་ངལ་རྩོལ་སྐབས་དང་། དཀར་ལྡོམ་དང་འབྲུ་ལྡོམ་འགྲོ་ཚེ་ལས།  ཉིན་ལྟར་ཆགས་མེད་མཛད་ནས། བོན་འཆད་ཉན་དང་དབང་ལུང་གནང་ནས། ཧོར་ཟླ་དགུ་པ་བར་དུ། རི་ཁྲོད་དུ་བཞུགས་པས།  ཕྲན་རང་ཀྱང་དེའི་ཚེ། སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་། སྡེ་སྣོད་མཛོད་སོགས་ལ་ཐོས་བསམ་སྦྱོང་བརྩོན་དང་། ཉམས་ལེན་བཅས་བྱེད་པས། གོ་སྐབས་བཟང་པོ་ཐོབ། དེ་ནས་རི་ཁྲོད་དགོན་གྱི། དྲན་དྲག་དགུ་འཚོགས་མཛད་པ་དང་། དེ་གྲོལ་ནས་བླ་མ་རྣམ་ལྷ་རིན་པོ་ཆེ་དང་། རྣལ་འབྱོར་བོན་དབྱིངས་རང་གྲོལ་མཆོག་གིས། ཕྲན་ལ་བཀའ་མངག་གནང་དོན། འདི་ལོ་རི་ཁྲོད་དགོན་འདིར། སྔོན་འགྲོ་དངོས་གཞི་ཞུ་མཁན་རྣམས་ལ། ཁྲིད་ལུང་བླ་མ་ཡེ་ཤེས་ཁྱོད་ཀྱི་གནང་དགོས། དགོན་པའི་འགན་ཁུར། སྔོན་མ་གཟི་པ་ལྡིང་དཔོན། བསོད་ནམ་སྟོབས་རྒྱལ་དང་། ཁྱོད་ལ་ཞབས་ཞུ་གྲྭ་པ་འོད་སྒོང་དང་། སྐྱ་བདག་ཉི་མ་དཔའ་ལྷ། བཀྲ་ཤིས་རྣམ་རྒྱལ།  བཟོད་པ་ཆེ་ཆུང་གཉིས་ མ་ཆེན་རྒན་པོ་བཅས་བཞག་ཡོད། དེ་མིན་རི་ཁྲོད་དགོན་གྱི་བླ་གྲྭ། སྟོན་འཁོར་ཚངས་མ། གནས་མཆོག་ཀོང་པོ་བོན་རི་ལ། བསྐོར་བརྒྱ་དང་བསྐྱང་ཕྱག་ཕུལ་ལ། བྱོན་འགྲོ་རྒྱུ་ཡིན་གསུང་།  ཕྲན་རང་ནས་ང་ལ་ཡོན་ཏན་གང་ཡང་མེད་པའི། ངས་སྔོན་འགྲོ་དངོས་གཞིའི། ཁྲིད་ལུང་འདོན་ཤེས་རྒྱུ་མ་རེད།  དེ་ལས་བླ་གྲྭ་གཞན་དག་གཅིག་བཞག་རོགས། གུས་པ་མཚན་ཉིད་སྦྱོང་འདོད་ཆེ་བའི། མཚན་ཉིད་སྦྱོང་ལ་བཏང་རོགས་ཞུས་པས།  རྣམ་ལྷ་རིན་པོ་ཆེའི་ད་ལྟ་ག་ལེར་གྱིས། ཁྱོད་ལོ་ཆུང་ཆུང་རེད། མཚན་ཉིད་སྦྱོང་བསམ་ན་རྗེས་སུ་སྦྱོང་ལོང་ཡོད་རེད་གསུང་། རྣལ་འབྱོར་བོན་དབྱིངས་རང་གྲོལ་མཆོག་གིས། ཁྱོད་ཀྱི་ཅི་ཤེས་གང་ཤེས་དཔེ་ཁྲིད་མཛོད་དང་། གཞན་ལ་ཕན་ཐོག་འབྱུང་རྒྱུ་རེད། ད་ལྟ་ཁྱོད་ལས་གཞན་སུ་བཞག་རྒྱུ་མི་འདུག་པས། བླ་མའི་བཀའ་ལ་ཉན་དགོས་གསུང་། རྣམ་ལྷ་རིན་པོ་ཆེའི་རྩེད་མོའི་ཚུལ་དུ། ང་རི་ཁྲོད་བླ་མའི་སྐུ་ཚབ་དང་། མཁན་པོའི་རྒྱལ་ཚབ་ལ་ཁྱོད་བསྐོས་པ་ཡིན་གསུང་། དེར་གུས་པའི་ཅི་ཞུ་མ་ནུས་པར་ལུས། དེ་ནས་མཁན་རིན་པོ་ཆེ་ཡང་རི་ཁྲོད་དུ་བཞུགས་མ་ཁོམ་པ་དང་། བླ་མ་གནམ་ལྷ་རིན་པོ་ཆེ་སྐུ་འཁོར་རྣམས་བོན་རིར་ཕེབས་སོང་ལ། དེ་མཚམས་ཕྲན་བླ་མའི་བཀའ་མངག་བཞིན། དང་པོ་ལྷོ་གཏམ་སྟོད་ཕྱོགས་སུ་འབུལ་སྡུས་སོང་བ་དང་། དགུན་ཁ་མེ་སྟོན་གདན་ས་རི་ཁྲོད་དགོན་དུ། འབོ་ཐ་དང་ག་ཐ་དམུ་ཐ་རི་ཐ། གསེར་རྩ་ཁྲི་རྡོ། ལྷོ་གཏམ་སྟོད་ བྱང་པ། ནག་རུ་བཅས་ནས། སྔོན་འགྲོ་དང་། དངོས་གཞི་སྦྱོང་མཁན། ཁྱོན་སྐྱ་སེར་བརྒྱད་བཅུ་སྐོརསླེབས་བྱུང་བ། རྣམས་ལ་ཕྲན་ནས། གང་ལ་གང་དགོས། ཅི་ཤེས་གང་ཤེས་ཀྱི་དཔེ་ཁྲིད་བྱེད་པསཁུལ། བྱས་ཏེ་བསྡད་པ་ཡིན། དེ་སྐབས་ཕྲན་གྱི་སྔོན་འགྲོ་དངོས་གཞི་སོགས། ཁྲིད་ལུང་སྟོན་པའི་གྲས་ནས་རི་བ་ཉིན་ཐ། ཡ་མ་མཚམས་པ། ཕུད་ཚོགས་རྣམ་རྒྱལ་མཆོག་དང་། རི་གཞུང་མཚམས་པ་ཤེས་རབ་ཚུལ་ཁྲིམས་བཅས་ཀྱང་ཡོད། ༑༑༑  རང་ལོ་བཅུ་དགུ་པ་ ༡༩༩༠ ལྕགས་རྟ་ལོར་ རྣལ་འབྱོར་བོན་དབྱིངས་རང་གྲོལ་མཆོག་གིས། ཚེ་འབུམ་རྫོང་ཁྲོད་འོད་གསལ་གླིང་དུ། སློབ་མ་ཁ་ཤས་ལ། དབྱིངས་རིག་མཛོད་ཀྱི་ཁྲིད་ཀ་གནང་རྒྱུ་ཡིན་པ་ཐོས་པས། དེར་སོང་བས། ཐོ་རང་ཐུན་སྐྱོང་རྒྱུ་དང་། ཞོག་པ་དབྱིང་རིག་མཛོད་ཀྱི་དཔེ་ཁྲིད། སྔ་དྲོ་རྒྱུག་འབུལ་རྒྱུ། ཉིན་ཚད་ཡོལ་ནས་དབྱིང་རིག་མཛོད་ཀྱི་དཔེ་ཁྲིད། ཕྱི་དྲོ་རྒྱུག་འབུལ་རྒྱུ། དགོང་མོ་ཐུན་འདུག་རྒྱུ་བཅས། ཞག་བརྒྱ་ལ་ཉིན་ལྟར་ཆགས་མེད། བོན་འཆད་ཉན་མཛད་པས། དེ་དུས་དབྱིངས་རིག་མཛོད་ཀྱི་ཁྲིད་ཀ། ཆབ་ཚང་ལེན་གཅིག་ཐོབ་པས་བསྐལ་པ་བྱུང་།  དེ་མཚམས་བོན་དབྱིངས་རང་གྲོལ་མཆོག ཀོ་དགོན་དུ་གདན་དྲངས་ཏེ། ཤར་རྫའི་བཀའ་འབུམ་ཆབ་ཚང་གི། ལུང་ཞུ་རྒྱུ་ཡིན་པ་ཐོས་པས། ཕྲན་རང་དང་གཞན་རི་ཁྲོད་དགོན་དུ་ཡོད་པའི། གྲྭ་པ་ཁ་ཤས་བཅས་ཀོ་དགོན་དུ་སོང་། རྣལ་འབྱོར་བོན་དབྱིངས་རང་གྲོལ་མཆོག་གིས།  ཀོ་དགོན་དུ། ཕྱོགས་གཞན་གྱི། དགོན་སྡེ་ཁག་ནས། ཕེབས་པས་བླ་གྲྭ་སྐྱ་སེར་བརྒྱ་ལྷག་ཙམ་ལ། ཤར་རྫའི་བཀའ་འབུམ་ཆབ་ཚང་གི་ལུང་དང་།   བཀའ་རྒྱུད་སྐོར་བཞི་ལས། རྒྱུད་བུ་ཆུང་བཅུ་གཉིས་ཀྱི་ཁྲིད། བཀའ་རྒྱུད་སྐོར་བཞི་ལས། ཡང་གསང་གནས་ལུགས་ཕུག་ཆོད་ཀྱི་ཁྲིད། བླ་སྒྲུབ་འདོད་འབྱུང་རིན་ཆེན་གྱི་དབང་། བདེར་འདུས་ཀྱི་སྒོ་ནས་སྤྲོས་བཅས་དབང་། སྤྲོས་མེད་དབང་། ཤིན་ཏུ་སྤྲོས་མེད་དབང་། རབ་ཏུ་སྤྲོས་མེད་དབང་།  རིག་འཛིན་འདུས་པའི་དབང་། གསས་མཁར་མཆོག་ལྔའི་དབང་། རིག་ལྔ་མཁའ་འགྲོའི་དབང་། སྨྲ་སེང་ཚེ་སྒྲུབ་དབང་། བཅས་དང་། སྐུ་གསུམ་རང་ཤར་གྱི་སྒོ་ནས། ཕྱི་དབང་། ནང་དབང་། གསང་བའི་དབང་། ཡང་གསང་དབང་། བཅས་གནང་བར་མཛད་དེ་ཟླ་བ་གཅིག་ལྷག་བཞུགས། དེ་ནས་ཧོར་ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན། རྣམ་ལྷ་རིན་པོ་ཆེ་སྟོན་འཁོར་ཡོངས་རྫོགས་ཀྱི། བོན་རི་ལ་བསྐོར་བརྒྱ་དང་བསྐྱངས་ཕྱག་ཞེངས་ཏེ་ཚུར་ཕེབས་བྱུང་བ་ལ། ཕེབས་བསུ་ཞུས། དེ་ནས་བོད་ཟླ་བཞི་པའི་ཚེས་ཉེར་གཉིས་ནས། ཚེས་སུམ་བཅུ་བར་མེ་སྟོན། འདས་མཆོད་ཆོ་ག་བཅུ་གཉིས་འཚོགས། ཚེས་སུམ་བཅུ་ཉིན། ཆོ་ག་བཅུ་གཉིས་ཀྱི། ཁྲོམ་དབང་གནང་སྟེ། འཚོགས་གྲོལ་བ་སོགས་ སྔར་སྲོལ་ལྟར་མཛད་དོ། དེ་ནས་ཧོར་ཟླ་ལྔ་པའི་ཚེས་གསུམ་ནས། གནམ་ལྷ་རིན་པོ་ཆེ་མཆོག་གི། བྱང་ཁྲིད་ཉི་མའི་འོད་ཟེར་དང་། འཕོ་བའི་ཁྲིད་ཟླ་བའི་བའི་མདང་ལྡན་གཉིས་ཀྱི། ཁྲིད་ལུང་དང་། བར་དོ་ངོ་སྤྲོད་རྒྱས་འབྲིང་བསྡུས་གསུམ་གྱི་ལུང་། བཅས་གནང་ནས། འཕོ་བ་གཞན་སྤར་ཞག་བརྒྱ་ལ། སྦྱོང་དགོས་གསུང་པ་བཞིན། གཞན་སྤར་སྦྱོང་འགོ་གཙུགས། ཉིན་རེ་ཐུན་དྲུག་འདུག་དགོས་ལ། ཐོ་རང་ཐུན་གཅིག སྔ་དྲོ་ཐུན་གཉིས། ཕྱི་དྲོ་ཐུན་གཉིས། དགོང་མོ་ཐུན་གཅིག་བཅས་ལ། ཐུན་རེ་བཞིན་བླ་གླུད། གཤེད་ཕྲལ། འགུགས་བསྟིམ།  སོགས་ནས། སྐྱབས་འགྲོ སེམས་བསྐྱེད། འཕོ་བའི་གསོལ་འདེབས། བཅས་འདོན་ནས་འཇུག་ཏུ།  དུག་རླངས་དགུ་ཕྲུག དེ་ནས་མདུན་དུ་ཚེ་འདས་ཀྱི་མིང་དང་། ནས་འབྲུ་བཞི་བཅུ་ཞེ་དགུ། བཞག་ལ། དམིགས་པ་གཞན་ལ་མ་ཡེངས་པར།  ཕཌ་སྒྲ་དྲག་པོའི། གསོལ་འདེབས་ཚར་རེའི་འཇུག་ཏུ། བརྒྱ་དང་བརྒྱད་རེ་སྤར། ཐུན་རེ་ལ་སྐྱབས་འགྲོ་སེམས་བསྐྱེད་ནས་གསོལ་འདེབས། དུག་རླངས་འབུད་པ་བཅས། ཉེར་གཅིག་རེ་འགྲོ་དགོས། དེ་ལྟར་སྦྱང་པས་ཞག་ཉེར་གཅིག་མཚམས་ནས། མདུན་དུ་དམིགས་རྟེན་ནས་འབྲུ་བཞག་པ་འགུལ་འགོ་ཚུགས། དེ་སྐབས་ནག་རུའི་གྲྭ་བཙུན་དཔལ་ལྷ་དང་། ཉི་མ། བཟོད་པ་བཅས་ཀྱི་དམིགས་རྟེན་བཞག་སའི་སྡེར་མ། སྒོ་ཕྱིར་ཁུར་ནས་ངས་ནང་ནས་འཕོ་བ་སྤར་ན་ཡང་། ནས་འབྲུ་འགུལ་བསྐྱོད་བྱེད་བཞིན་འདུག་ཟེར། འགུགས་པ་སོགས་ངས་བྱེད་ནས། ཁོང་ཚོའི་ཕཌ་སྒྲ་བསྒྲགས་ནའང་། ནས་འབྲུ་འགུལ་བསྐྱོད་བྱེད་པར་འདུག་ཀྱང་། ཕྲན་གྱི་འགུགས་བསྟིམ་བྱས་པས་ནས་འབྲུ་སྐྱུར་ནས། ནས་འབྲུ་གཞན་པ་ལ་ཚེ་འདས་ཀྱི་མིང་ཐོ་རྒྱབ་ནས། ཁོང་ཚོའི་འགུགས་པ་སོགས་བྱས་ཁོང་ཚོའི་སྤར་ན། ནས་འབྲུ་འགུལ་སྐྱོད་མི་བྱེད་པ་འདུག་ལ། ཡང་ངས་འགུགས་བསྟིམས་བྱས་ནས་ངས་སྤར་ན་ནི། སྔར་ལྟར་ནས་འབྲུ་འགུལ་བསྐྱོད་བྱེད་པར་འདུག་ཟེར་ལ། ཁོང་ཚོའི། སྤར་ན་ཡང་འགུལ་བསྐྱོད་བྱེད་བཞིན་འདུག་པ་ངས་མཐོང་། འོན་ཀྱང་ཁོང་རྣམ་པའི། འཕོ་ཁྲིད་ཞུ་མ་མྱོང་ཞིང་། འཕོ་བ་གཞན་སྤར་སྦྱོང་མ་མྱོང་བའི་དོན་ཨེ་ཡིན་སྙམ། དེ་སྐབས་ནག་རུ་གྲྭ། བཟོད་པ་ཆུང་བ། ཨ་དཀར་སྒྲིབ་སྦྱོང་བཞུགས་འདུག་པས། ཐུན་བར་ལ་འཕོ་བ་གཞན་སྤར། ཐུན་འགའ་བཞུགས་ནས། འཕོ་བ་སྤར་ཀྱང་མྱུར་དུ་རྟགས་མ་བྱུང་བར་འདུག་པས། གཉུག་བསྲིངས་མ་ཐུབ་པར་ལུས་སོང་། དེ་ལྟར་ངས་འཕོ་བ་ཞག་ཉེར་གཅིག་སྐོར་ནས། འགྲུབ་རྟགས་ནས་འབྲུ་འགུལ་བ་གྲྭ་བཙུན་འགས་མཐོང་བ། མཐར་རྣམ་ལྷ་རིན་པོ་ཆེའི་གསན་ནས། བླ་མའི་གཟིམ་ཆུང་ནང་ཤོག་གསུང་པ་བཞིན། སོང་བས་ཁོང་ནས། ཁྱོད་ཀྱི་མི་གཞན་གྱི། མཐོང་སར་ནས་འབྲུ་སྤར་བ་ཨེ་ཡིན་གསུང་། ཡིན་ལགས་ཞུས་པས། བླ་མ་ཐུགས་དགོངས་འཁྲུགས་ནས། དགོན་འདིར། གཞན་སྤར་སྦྱོང་མི་བརྒྱ་བརྒྱ་སྟོང་སྟོང་རེད། ཚང་མ་འགྲུབ་རྟགས། མི་ཐོན་མཁན་ཡོད་མ་རེད། ཁྱོད་ལྟར་འགྲུབ་རྟགས། ཏོག་ཙམ་བྱུང་བ་དང་། གཞན་ལ་ངོམ་མཁན། གཅིག་ཀྱང་ཡོད་མ་རེད། ད་ཁྱོད་ཀྱིས། དངོས་གནས་གཞན་སྤར་སྦྱོང་བསམ་ན། རྟགས་བྱུང་ན་འདྲ། མ་བྱུང་ན་འདྲ། མི་གཞན་གྱི་མཐོང་སར་སྤར་མི་ཆོག ད་ལྟ་རྟགས་བྱུང་སྔ་ན་ཡང་། རྗེས་མ་རྟགས་དོན་རྒྱུ་མེད་པའང་ཡོད་རེད། ཞག་བརྒྱའི་མཚམས་ཁྱོད་ཀྱི་ནས་འབྲུ་བར་སྣང་ལ། འཕེན་མ་ཐུབ་ནས་ངས་ཁྱོད་བརྡུང་ཐག་ཆོད་ཡིན། ད་ལྟའང་ཡག་པོ་མ་སྦྱོང་ན་ངས་ཁྱོད་ལ་བཟོ་ལྟ་བཟོ། གསུང་ནས་བཀའ་ཡི་སྐྱོན་པར་མཛད་བྱུང་བས། དུས་དེ་ནས་ལྷོད་གཡེང་བྱེད་མ་ཕོད་པར་སྦྱོང་པ་ཡིན། དེ་ལྟར་སྦྱང་པས་ཞག་ལྔ་བཅུ་མཚམས། ནས་འབྲུ་བར་སྣང་ལ་འཕར་སྟེ་འཐོར་འགྲོ་བར་འདུག་པས། ཏིང་ཕོར་འོག་ཏུ་མིང་རུས་བཅུགས། ཏིང་ཕོར་ནང་ནས་འབྲུ་བླུག་སྟེ། ལི་སྡེར་གྱི་ཁ་བཀབ་སྟེ། གཞན་སྤར་འཕོ་བ་ཞག་བརྒྱ་སྦྱོང་བ་ཡིན། དེ་མཚམས་བླ་མའི་མདུན་ལ་ཤོག་ཅེས། ཆ་རྒྱབ་བྱུང་བས། ཕྲན་བླ་མའི་གཟིམ་ཆུང་དུ་སོང་བས། དེར་བླ་མ་རྣམ་ལྷ་རིན་པོ་ཆེ་དང་། དབུ་མཛད་གཡུང་དྲུང་དབང་གྲགས་སོགས། འགའ་བཞུགས་འདུག་བླ་མའི་ཞལ་ནས། ཡ་བླ་མ་ཡེ་ཤེས་ད་ཁྱོད་ཀྱི་འཕོ་བ་སྤོར། འཕོ་བའི་འགྲུབ་རྟགས། རྒྱུག་ལེན་དགོས་གསུང་། བླ་གླུད་དང་གཤེད་ཕྲལ་འགུགས་བསྟིམས། གསོལ་འདེབས་སོགས་བླ་གྲྭ་ཀུན་གྱིས་གསུང་། དེ་ནས་ཀུན་གྱི་མཐོང་སར། ངས་འཕོ་བ་སྤར་བས། ནས་འབྲུ་བར་སྣང་དུ་གཏོར་སོང་། དེར་བླ་མའི་ཞལ་ནས་ད་ཁྱོད་ཀྱི། འཕོ་བ་ལེགས་པོ་སྦྱང་འདུག་གཞན་གྱི་མཐོང་སར། ནས་འབྲུ་སོགས་ལ་འཕོ་བ་རྒྱབ་མི་རུང་གསུང་། ལོ་དེའི་ཧོར་ཟླ་དྲུག་པའི་ནང་། མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དུ། རྣལ་འབྱོར་བོན་དབྱིངས་རང་གྲོལ་མཆོག སླར་ཡང་གདན་དྲངས་ཏེ། རི་ཁྲོད་དགོན་འདུས་པ་སྤྱི་ནས།  སྔོན་འགྲོ་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་དང་། སྡེ་སྣོད་རིན་པོ་ཆེའི་མཛོད་སོགས། ཁྲིད་ཞུས་པ་རྣམས་མཉམ་དུ་ཉན་ནས། ཐོས་བསམ་སྦྱོང་བརྩོན་བྱེད་པའི་སྐལ་བཟང་ཅུང་ཟད་ཐོབ། དེ་ཡང་དང་པོ། ཞོག་པ་ཆུ་ཚོད་བརྒྱད་པ་ནས་ཆུ་ཚོད་དགུ་དང་སྐར་སུམ་བཅུ་བར། སྡེ་སྣོད་མཛོད་ཀྱི་ཁྲིད་ཀ་གནང་བ་དང་། ཆུ་ཚོད་དགུ་དང་སྐར་སུམ་བཅུ་ནས་ཆུ་ཚོད་བཅུ་གཅིག་བར།   སློབ་མ་ལོ་ཆུང་རྣམས་ལ། རང་སྦྱོང་བྱེད་བཅོལ་བ་དང་། ལོ་ཆེ་བ་རྣམས་ལ། སྔོན་འགྲོ་སོགས་བསགས་སྦྱོངས་བྱེད་བཅོལ། སྔ་དྲོ་ཆུ་ཚོད་བཅུ་གཅིག་ནས། ཆུ་ཚོད་བཅུ་གཉིས་དང་སྐར་སུམ་བཅུ་བར། སྡེ་སྣོད་མཛོད་ཀྱི་འགྲེལ་བ་རྒྱུགས་ལེན་པར་མཛད། ཉིན་གུང་ཆུ་ཚོད་བཅུ་གཉིས་དང་སྐར་སུམ་བཅུ་ནས། ཆུ་ཚོད་དང་པོ་བར་ ཉིན་གུང་ཟ་མ་གསོལ། ཆུ་ཚོད་དང་པོ་ནས་ཆུ་ཚོད་གསུམ་པ་བར་དུ། སྐབས་རེ་ངལ་གསོ་བ་དང་། སྐབས་རེ་ཁང་ལས་ངལ་རྩོལ་བྱེད་དགོས། དེ་སྐབས་བརྡ་དག་སྐོར་གྱི་དཔེ་ཆ་དཀོན་པས། རྫོང་སློབ་ཆུང་ནས་སུམ་རྟགས་ཀྱི་དཔེ་དེབ་གཡར་ཏེ་ ཚད་ཡོལ་ཆུ་ཚོད་གསུམ་པ་ནས་ཆུ་ཚོད་བཞི་པ་བར། ཕྲན་རང་སོགས་ སློབ་མ་ཁག་གཅིག་ལ། སུམ་བཅུ་པ་དང་རྟགས་འཇུག་ཁྲིད་པར་མཛད། ཆུ་ཚོད་བཞི་པ་ནས་ཆུ་ཚོད་ལྔ་པ་བར། ཕྱི་ཇ་གསོལ་ཏེ་ངལ་གསོ། ཆུ་ཚོད་ལྔ་པ་ནས། ཆུ་ཚོད་དྲུག་དང་སྐར་སུམ་བཅུ་བར། རང་སྦྱོང་བྱེད་བཅོལ། ཆུ་ཚོད་དྲུག་དང་སྐར་སུམ་བཅུ་ནས། དགོང་ཐུག་བཞེས་ཏེ་ཚོགས་གྲོལ་ནས། རང་ཤག་ཏུ་ཉམས་ལེན་བྱེད་བཅོལ་ དེ་ལྟར་དཔེ་ཁྲིད་གནང་ནས། ཧོར་ཟླ་དགུ་པ་བར་དུ་བཞུགས་པར་མཛད། ཕྲན་རང་གིས་ངལ་རྩོལ་བྱེད་མི་དགོས་པའི། ལྡོམ་བུ་འགྲོ་སྐབས་མ་གཏོགས་དཔེ་ཁྲིད་ཆད་མ་སོང་། ཏོག་ཙམ་ཆད་སོང་བ་རྣམས་རྗེས་སུ་ཞོར་ལ་གནང་བྱུང་། དེ་ནས་ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ནས་སུམ་བཅུ་བར། དྲན་དྲག་དགུ་འཚོགས་ནས་གྲོལ་བ་དང་། རྣམ་ལྷ་རིན་པོ་ཆེས། ད་བླ་མ་ཡེ་ཤེས་ཁྱོད་ཀོང་པོར་སོང་ལ། ཕྱག་དང་བསྐོར་བ་ག་ཚད་བསྐོར་ཐུབ་ན་བསྐོར་ཤོག རོག་པ་ལ་ནག་རུ་གྲྭ་དཔལ་ལྷ་དང་། ཉི་མ་བཟོད་པ་གསུམ་ཁྲིད་ནས་སོང་། གསུང་བྱུང་བས་ཀོང་པོ་བོན་རི་བསྐོར་ལ་འགྲོ་བར་གྲབ་བྱས་པས། དེ་སྐབས་ང་དང་ལྷན་དུ་ཕ་མ་གཉིས་ཀྱང་། བོན་རི་བསྐོར་ལ་འགྲོ་ཡིན་ཟེར་བ་དང་། ཡུལ་མི་ཁྱིམ་ཚེས་ཕོ་མོ་རྒན་གཞོན་ཉི་ཤུ་ལྷག ཀོང་པོར་འགྲོ་གྲབ་འདུག་པའི། དེ་ཚོ་དང་མཉམ་དུ་འགྲོ་དགོས་ཟེར་བ་ལྟར། གནས་བསྐོར་བ་གཞན་དང་ལྷན་དུ། ཟོག་འདྲེན་རླངས་འཁོར། འབྲིང་གྲས་གཅིག་གླས་ནས། སྟེང་ཆེན་སྦྲ་ཆེན་སོག་རྫོང་ཤག་ཆུ་ཁ་ནག་ཆུ་སོགས་རྒྱུད། ལྷ་སར་འབྱོར། དེར་ཕ་ཡུལ་གཅིག་པ་ཚེ་དབང་རབ་བརྟེན། བདུན་གཅིག་ཞིང་རྭ་ལ་ལས་དཀའ་ཡོད་པའི་ཁྱིམ་དུ། གནས་ཚང་གཡར་ནས་བསྡད་དེ། རྩེ་ཕོ་བྲང་པོ་ཏ་ལ་དང་། ཇོ་ཁང་། ར་མོ་ཆེའི་གཙུག་ལག་ཁང་། གྲབ་ཆུ་ལྷ་མོ་བཅས་ཉི་མ་རེ་རེ་ལ་མཆོད་མཇལ་བྱས། དེ་བཞིན་བདུན་གཅིག་ཞིང་རྭའི་ཐད། ཤེལ་གྱི་བྲག་དཀར་རྩེ་རྫོང་ཟེར་བའི། སྒྲུབ་ཕུག་ངོ་མཚར་ཅན་དེ་ཡང་མཇལ། དེ་ནས་སེ་ར། འབྲས་སྤུངས། དགའ་ལྡན་བཅས་ལ་མཆོད་མཇལ་བྱས་ཏེ། ལྷ་ས་ནས་སྟག་རྩེ་རྫོང་། གོང་དཀར་རྫོང་། ཀོང་པོ་རྒྱ་མདའ་རྫོང་། བག་ཡབ་ས་ཁུལ་བཅས་རྒྱུད། གཉན་ཁྲི་རྫོང་དུ་འབྱོར། དེ་ནས་ཡར་བོན་རི་བསྐོར་ལམ་ནང་། ནགས་ལས་རྭ་བར་སོང་ཏེ་དེར། གོང་ཚད་དམའ་བའི་ཁང་པ་གླས་ནས་བསྡད་དེ། ཕྱི་ཉིན་ཚང་མ་ཆུ་ཚོད་གསུམ་པའི་ཐོག་ལང་ནས། ཉིན་གཉིས་བསྐོར་གཅིག་ལ་འགྲོ་བར་གྲོས་མཐུན། ནགས་ལས་རྭ་བ་ནས། རྩིགས་འོབ། མཁར་སྲིན་མོ་རྒྱུད། སྤངས་སྣ་ལ་སླེབས་དུས་ནམ་གསལ་བའི། ཞོག་ཇ་བཀོལ་ཏེ། འཐུང་ནས་སོང་།  དེ་ནས་ཆབ་དཀར། ཀླུ་ལྡིང་། བྲག་སྣ། ཉ་འགོ་རྒྱུད།  གདོང་གྲུ་མོ་ལ་སླེབས་དུས། ཉིན་གུང་བྲོ་ཚུག་རྒྱབ། དེ་ནས་ གཡུང་དྲུང་འཛིན་རྒྱུད།  ཐང་སྨད། ལ་འབྱོར་བས་་ཕྱི་ཇ་བཀོལ་ཏེ་འཐུང་། དེ་ནས་གོ་འཇོ། གསེར་གོ་ར།  སྨན་རི་གྲོང་། དེ་མོ་ཤང་། བམ་གྲོང་སོགས་རྒྱུད་ནས། བྲོ་གར་ཞབས་རྗེས་ལ་འབྱོར་དུས། ཉི་མ་ནུབ་རི་བརྒལ་ཚར་བས། དེར་གནས་ཚང་གཡར་ནས། དེ་ནུབ་དེར་བསྡད། སང་ཞོག་ཆུ་ཚོད་གཉིས་པའི་ཐོག་ནས་ལང་སྟེ། ཇ་བཀོལ་ནས་ཞོག་ཇ་འཐུང་སྟེ།  བོན་རི་ལ་བརྒལ་ཟིན་མཚམས། ལ་རྩེར་ཆུ་འདུག་པས། ཇ་བཀོལ་ནས་བྲོ་ཚུག་བརྒྱབ། དེ་ནས་བོན་རི་ལ་རྩ་འམ། སྨན་མོ་ལ་རྩར་འབྱོར་དུས། ཕྱི་ཇ་བཀོལ་ཏེ་འཐུང་ནས་སོང་བས། དགོང་མོ་ནགས་ལས་རྭ་བར་འབྱོར་ཙམ་བྱུང་། ཕྱི་ཉིན་ཚང་མ། སྐུ་ཤུགས་བསྐོར་མི་སོང་ནས་བསྐོར་བ། བརྒྱ་རེ་ཙམ་བསྐོར་ཏེ། ཡར་གནས་ཚང་དུ་འབྱོར། དེའི་ཕྱི་ཉིན་ནས་བཟུང་། ལོ་ཆུང་བ་རྣམས། ཉིན་མ་རེ་ལ་བསྐོར་བ་རེ་བརྒྱབ་པ། བསྐོར་བ་གཉིས་སམ་གསུམ་བསྐོར་ནས། ངལ་གསོ་ཉིན་གཅིག་རྒྱབ་རྒྱུ་དང་། དེ་འཕྲོ་ཉིན་གསུམ་རེ་ལ། བསྐོར་བ་གཉིས་རེ་བསྐོར་རྒྱུ། ལོ་ཆེ་བ་རྣམས་ཉིན་གཉིས་ལ། བསྐོར་བ་གཅིག་བསྐོར་རྒྱུ་བཅས། གྲོས་བྱས་ཏེ་སོ་སོར་སོང་།  ཞག་མ་ཉེར་ལྔ་ནས་མི་མང་ཆེ་བའི་བསྐོར་བ། བཅུ་གསུམ་ཙམ་འཁོར་འདུག་པས། ཕྲན་གྱི་ང་རང་བོན་རིའི་སྒྲུབ་ཕུག་ཞིག་ཏུ། ཉམས་ལེན་བྱེད་ནས་ལོ་ཤས་འདུག་རྒྱུ་ཡིན། ཡུལ་མི་ཁྱེད་རྣམས་ཀྱི་ཕར་ལམ་ངེད་ཀྱི་ཕ་མ་གཉིས་ལ། ཞབས་ཞུ་སྒྲུབ་རོགས་བྱས་པ་ཡིན། གྲྭ་བཙུན་དཔལ་ལྷ་དང་ཉི་མ་གཉིས། ངེད་དང་མཉམ་དུ་བསྡད་རྒྱུ་ཡིན་ཟེར། དེར་ཕ་མ་གཉིས་གཙོས་ཡུལ་མི་དང་ཉེ་ཡ་ཚང་མས། ད་ཐིང་ཕར་མཉམ་དུ་ངེས་པར་དུ་འགྲོ་དགོས་ཟེར་ནས། ཨུ་ཚུག་བྱེད་འདུག་པས་ཚུར་འགྲོ་དགོས་བྱུང་། ཕ་ཡུལ་ལ་ཚུར་འགྲོ་མཁན་རླངས་འཁོར་གླས་ཏེ། ལྷ་ས་ནག་ཆུ་བརྒྱུད་སྟེང་ཆེན་དུ་འབྱོར། དེ་ནས་ང་ཚོ་གྲས། གནས་བསྐོར་བ་མི་བཅོ་བརྒྱད་ཀྱི། ཤ་མར་ཇ་ཆང་ཙམ་པ། སྒོར་མོ་སོགས་རུག་སྟེ། ཨ་ཅོ་ཆང་འདུས་མཉམ་དུ་འཐུང་ནས།  ཉིན་བདུན་ལ་དགའ་སྤྲོ་བཏང་སྟེ་བསྡད། དེ་མཚམས་ཡར་རི་ཁྲོད་དགོན་དུ་སོང་སྟེ། ཨ་དཀར་སྒྲུབ་སྦྱོང་ཞག་ཞེ་དགུ་གཅིག་བསྡད། དེ་སྔོན་རྫོགས་ཆེན་དབང་བཞི། ཞུ་སྐབས་དབེན་གནས་འགྲིམས་ཏེ། ཉམས་ལེན་སྐྱོང་དགོས་པས་བཀའ་ཐེངས་མང་གནང་བ། ཁས་བླངས་པ་ལྟར་དབེན་པའི་གནས་ཤིག་ཏུ། སྡོད་འདོད་ཤིན་ཏུ་ཆེ་ཡང་། གཅིག་ནས་ཨ་མའི། ཉེ་བསྐོར་གྱི་དགོན་པ་རང་ལ་བསྡད་རྒྱུ་ལས། གཞན་ལ་འགྲོ་ནས་ཡོན་ཏན་སྦྱང་པའམ། དབེན་གནས་འགྲིམ་རྒྱུ། གནས་བསྐོར་འགྲོ་རྒྱུ་སོགས་ལ། མོས་མཐུན་རྩ་བ་ནས་མི་བྱེད་པ་དང་། གཉིས་ནས་བླ་མ་རྣམ་ལྷ་རིན་པོ་ཆེ་ལ། དེ་སྔོན་མཚན་ཉིད་སྦྱོང་ལ། བཏང་རོགས་ཞུ་སྐབས། ད་ཁྱོད་ཀྱིས་དགོན་འདིར་གཞན་ལ། སྔོན་འགྲོ་དངོས་གཞི་ཁྲིད་རྒྱུ་དང་། ལོ་དུས་ཀྱི་དུས་མཆོད་རྣམས། ཆད་མེད་འདོན་རྒྱུའི་འགོ་བྱེད་དེ་འགན་ཁུར་རྒྱུ། མ་ཚད་དཀར་ལྡོམ་འབྲུ་ལྡོམ། འགྲོ་ནས་འདིར་སྡོད་དགོས་པ་ལས། གནས་སྐབས་གར་ཡང་འགྲོ་མི་ཆོག་གསུང་བས། གར་ཡང་མི་བཏང་བ་ཐག་གི་ཆོད་པའི། ད་འདི་ནས་བྲོས་ཏེ། བོན་རིའི་སྒྲུབ་ཕུག་ཞིག་ཏུ། སྡོད་དགོས་བསམ་པ་ཡང་ཡང་ཤར། ༑༑༑ རང་ལོ་ཉི་ཤུ་པ་ ༡༩༩༡ ལྕགས་ལུག་ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན། གྲྭ་བཙུན་ཉི་མ་དང་མུ་འགྱུར་ལྷན་དུ། རི་ཁྲོད་དགོན་པ་ནས་བྲོས་ཐབས་སུ་སོང་སྟེ། ལྷོ་རོང་དང་། ཚ་བ་སྒང་། གར་མ་ལ། སྤ་ཤོད་རྫོང་། བེ་མ་ལ། རག་འོབ་མཚོ།  སྤོ་བོ་རྫོང་། ཀླུ་ནང་། གསེར་སྐྱིམ་ལ། སོགས་རྒྱུད་བོན་རིའི་རྩར་སླེབས། དང་པོ་གཙང་པོ་ཕར་ཀའི། ཆབ་ནག་སོགས་སུ་སློང་མོ་བྱས། དེ་ནས་བོན་རིར་བསྐོར་བ་བཅུ་གསུམ་བསྐོར། དེ་ནས་ཧོར་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། ངེད་གསུམ་སྤང་སྣེ་གྲོང་ཚོའི་སྟོད། བོན་རིའི་ནུབ་བྱ་དེའི་སྒྲུབ་ཕུག་ལ། བསྡད་རྒྱུ་གྲོས་བྱས་ཏེ། སྤངས་སྣེའི་སྦྱིན་བདག དབང་རྒྱས་ཀྱི། ངེད་གསུམ་ལ་ས་རྒྱུས་ལམ་རྒྱུས་བྱས་ཏེ། སྒྲུབ་ཕུག་འཚོལ་དུ་སོང་བས། སྒྲུབ་ཕུག་ནང་སྔར་སོལ་བ་ཕབ་ས་བྱས་རྐྱེན། ས་རྡོའི་གང་སྟེ་འདུག་ཐབས་མི་འདུག་པའི། སྤངས་སྣེ་གྲོང་ཚོའི་གྲོང་དཔོན་ལ། རོགས་པ་བྱེད་རོགས་བཤད་པས། ཉིན་ཤས་ནས་གྲོས་བྱེད་དེ། ལེན་བྱེད་འོང་ཟེར་བས་ངེད་ཚོ་བསྐོར་བ་སོང་། ཉིན་གཅིག་སྤངས་སྣེ་གྲོང་དཔོན་ནས། སྤངས་སྣེ་གྲོང་པ་ཡོངས་རྫོགས། ལས་དཀའ་བྱེད་མི་འོང་ནས། སྒྲུབ་ཕུག་ལ་འགྲོ་སའི་ལམ་བཟོ། སྒྲུབ་ཕུག་ས་ཡི་གང་བ་འདྲུ། རུ་ཁག་གི་སྤྱི་དངུལ་གཏོང་ནས། ཁང་པ་གཉིས་རྒྱབ་འོང་། ཁང་པ་ལས་ལུགས་སོགས། གང་དགོས་ཁྱེད་ཚོའི། བལྟ་དགོས་ཟེར་བས། དེ་ལྟར་བྱས་འོང་ན་ཤིན་ཏུ་ལེགས། དཀའ་དྲིན་ཆེ་ཞེས་བཤད་པ་ཡིན།  དང་པོ་སྤངས་སྣེ་གྲོང་ཚོའི་དུད་མི་རེ་ཡོང་སྟེ། ཉི་མ་དྲུག་ལ། སྒྲུབ་ཕུག་བར་དུ་རླངས་འཁོར། འགྲོ་ལམ་གསར་པ་བཟོས། དེ་ནས་ཤིང་ཆ་ཁུར་འོང་སྟེ། གཞོག་མཁན་རྒན་གཞོན་གཉིས། ཟ་མ་བཟོ་མི་གཅིག་བཅས། མི་གསུམ་གྱི་ཉི་མ་བཅུ་ལ། ཤིང་གཞོག་ནས་ལས་དཀའ་བྱས། དེ་མཚམས་མི་བཅུ་ཙམ་གྱི་ཁང་ལས་བྱས། དེ་ནས་ཡང་གཞོག་མཁན་གཉིས། ཟ་མ་བཟོ་མཁན་བཅས་མི་གསུམ་གྱི། སྒོམ་ཁྲི་དང་གཏོར་སྒམ། མདུན་ལྕོག་ཡིག་ཁྲི་སོགས། བཟོས་ནས་ཞག་མ་བཅོ་ལྔ་ཙམ་ལ། ལས་དཀའ་བྱས་ཏེ་སོང་། དེ་སྐབས་རང་ལ། འགྲོ་སོང་གཏོང་བྱེད་གང་ཡང་མེད་པས། གཞོག་མཁན་ལ་གླ་ཆ་སོགས། འགྲོ་སོང་ཚང་མ་རི་ཁག་སྤྱི་ཡི་གཏོང་བས། མ་ཚད་རྗེས་སུ། དགེ་རྒྱག་ཅི་དགོས་སྤངས་སྣེ་གྲོང་ཚོའི། འགོ་ཁྲིད་རྣམས་ནས་འགན་ཁུར་འོང་། ཟེར་བྱུང་། དེ་ནས་ངེད་གསུམ་གྱི། བོད་ཟླ་གསུམ་པའི་ཚེས་བརྒྱད་ཉིན། སྒྲུབ་ཕུག་དེར་དང་པོ། དབལ་གསས་ཞི་དྲག་གི་སྒོ་ནས། ས་སློང་དང་ས་བརྐོ་བརྡུང་སྦྱང་འཕྲད་སོགས། བྱས་ཏེ་ཞི་བ་ཨ་གསལ་དང་། དབལ་གསས་ཟླ་བ་གཅིག་ལྷག་སྒྲུབ། དེ་མཚམས་གྲྭ་བཙུན། ཉི་མ་དང་མི་འགྱུར་གཉིས། ཕྱིར་ཕ་ཡུལ་གཏོང་ནས། དཔེ་ཆ་འགའ་ཁུར་ནས་ཚུར་འོང་རྒྱུ་བྱས། རང་ཉིད་ཀྱི་ཐོ་རང་ཡར་ལང་སྟེ། སྔོན་འགྲོའི་ངག་འདོན་དང་། རྩ་རླངས་གསོལ་འདེབས་འདོན་ནས། དུག་རླངས་དགུ་ཕྲུག་འབུད། དེ་ནས་སེམས་དངས་སྙིགས་འབྱེད་པའི། རླངས་འབུད་དེ། གནས་ལུགས་ཀྱི་ངོ་བོ་སྐྱོང་ནས་ཐུན་གཅིག་བསྡད། དེ་མཚམས་ཞོག་ཇ་བཏུང་ནས། ཕྲན་གྱི་རྒྱུན་འདོན། སྐྱབས་སེམས་དང་། བར་ཆད་ལམ་སེལ་བསམ་ལྷུན་འགྲུབ། གཡུང་དྲུང་སེམས་དཔའི་སྒྲིབ་སེལ་ལྟུང་བཤགས། མཁྱེན་གསོལ་རྣམ་དག་ སྨོན་པ་ཡོངས་འགྲུབ། སྲིད་རྒྱལ་དྲེའུ་དམར་ནག་ ལམ་ལྷ། སྒྲ་བླ་དཔའ་བསྟོད།   མི་བདུད། བྲག་བཙན། ཤེལ་ཁྲབ། བཅས་ཀྱི་བསྐང་བ་རྒྱས་བསྡུས་གང་ལྕོག་ ཡུལ་ས་ཁོལ་སྒྲུབ་སོགས་ཁ་འདོན་འགའ་འདོན། དེ་མཚམས་བླ་སྒྲུབ་འདོད་འབྱུང་རིན་ཆེན་ལྟར། སྙིང་པོ་ཁ་ཤས་སྟོང་བསྐོར་རེ་དང་། སྙིང་པོ་ཁ་ཤས་བརྒྱ་བསྐོར་རེ་བཟླས། དེ་ནས་ཡང་བླ་མའི་རྣལ་འབྱོར་འདོན་ཏེ། ཐུན་གཅིག་འདུག དེ་མཚམས་ཟ་མ་བཀོལ་ཚེ་ས་ལེ་འོད་བཟླས། ཉིན་གུང་ཟ་མ་ཟོས་མཚམས། ངལ་གསོ་ཏོག་ཙམ་རྒྱབ། དེ་ནས་ཕྱག་བརྒྱ་ནས། སུམ་བརྒྱ་བར་གང་ལྕོག་འཚལ། དེ་ནས་ཕྱི་ཇ་བཀོལ་ནས་བཏུང་སྟེ། ཐོད་རྒལ་ཏོག་ཙམ་བལྟ། ཉི་མ་ནུབ་རི་བརྒལ་མཚམས། བྱམས་མ་དང་། སྟག་ལ་བཅུད་དྲིལ། སྟག་སླག་ཅན་བཀའ་སྐྱོང་བསྡུས་པ་བསྐུལ། དེ་ནས་ ཐུག་པ་བཀོལ་ཏེ་འཐུང་། དེ་ནས་སྙིང་པོ་རྣམ་གསུམ་དང་། ཡིག་བརྒྱ་གང་ལྕོག་བཟླས། དེ་ནས་ལུས་སྦྱིན་བཏང་སྟེ་བསྔོ་སྨོན་བྱ། དེ་ནས་དྲན་པའི་ཨ་དཀར་དགོང་དོན་བསྡུས་པའི། གསོལ་འདེབས་འདོན་ཏེ། དབང་བཞི་བླང་། དྲན་པའི་མཆོག་ཐུན་བསྙེན་པ་བརྒྱ་སྟོང་གང་འགྲུབ་བཟླས། དེ་ནས་ གནས་ལུགས་ཀྱི་ངང་དུ་ཐུན་གཅིག་བཞག་སྟེ་ཉལ། དེ་བཞིན་བྱས་ཏེ་རང་ཉིད་གཅིག་པུར། ཟླ་བ་ལྔ་ལྷག་བསྡད་པ་ཡིན། དེའི་ཚེ་སྔོ་ནི་ངེད་གསུམ་གྱི། བཏབ་ཡོད་པའི་འབེལ་པོ་ཡོད་ལ། དེ་མིན་ཙམ་པ་སོགས་ནི། སྤངས་སྣེ་གྲོང་ཚོའི། བསྐུར་ནས་སྦྱིན་བདག་ཁམས་པ་དབང་རྒྱལ་གྱིས། ཉིན་བརྒྱད་དགུ་མཚམས་ནས། བསྐྱལ་འོང་རོགས་བྱས་བྱུང་། ཧོར་ཟླ་བདུན་པའི་ནང་ཕ་ཡུལ་ནས། བཀྲིས་རྒྱལ་མཚོ་དང་། ཚེ་དབང་དངོས་གྲུབ་སོགས། གནས་བསྐོར་བ་འགའ་སླེབས་བྱུང་བ་ལས། བཀྲ་ཤིས་རྒྱལ་མཚོ་གྲྭ་པ་ཞུ་ཡིན་ཟེར་ཏེ། སྐྲ་བྲེག་ནས་ཡི་གེ་སྦྱང་བཞིན་སྒྲུབ་ཕུག་ཏུ་བསྡད། ཧོར་ཟླ་བརྒྱད་པའི་ནང་། གྲྭ་བཙུན་ཉི་མ་དང་དཔལ་ལྷ་གཉིས། ཕ་ཡུལ་ནས་ཤར་རྫའི་བཀའ་འབུམ། ཆ་གཅིག་ཁྱིམ་ནས་བསྐུར་བ་ཁུར་ནས་སླེབས་བྱུང་། ཁོང་རྣམ་གཉིས་ནས་མཉམ་དུ། བོན་རིར་བསྐོར་བ་འགྲོ་ཞེས་ཨུ་ཚུག་བྱས་བྱུང་བས། བོན་རི་ལ་བསྐོར་བ་ཁ་ཤས་སོང་། དེ་ནས་ང་དང་བཀྲིས་རྒྱལ་མཚོ། གཉིས་སྒྲུབ་ཕུག་ཏུ། སྔར་བཞིན་བསྡད་པ་དང་། ཁོང་རྣམ་གཉིས་ཀྱི་བསྐོར་བ། བསྐོར་བཞིན་ཟླ་བ་གཉིས་ཙམ་བསྡད། དེ་ནས་བོད་ཟླ་བཅུ་པའི་ནང་། ཨ་མ་དང་ཉེ་ཡ་འགའ་སླེབས་ནས། སྒྲུབ་ཕུག་ནང་འོང་སྟེ། ཡིན་གཅིག་མིན་གཉིས་ཕ་ཡུལ་ལ་འགྲོ་དགོས་ཟེར། ངས་བླ་མའི་མདུན་ཁས་བླང་ཟིན་པས། རབ་ནི་ལོ་ལྔ་དེ་མིན་ལོ་གསུམ་ལ། འདིར་བསྡད་ནས་དེ་མཚམས་ཕ་ཡུལ་ལ་སླེབས་འོང་། ཞེས་བཤད་པ་ཡིན་ཨ་མ་ནས། ད་ལོ་ངེས་པར་དུ་ཕ་ཡུལ་དུ་འགྲོ་དགོས། ཁྱོད་ཕ་ཡུལ་ལ་མ་སོང་ན་ང་གནས་འདིར། རང་མེད་བྱེད་ཐག་ཆོད་ཡིན། ཟེར་ནས་མང་པོ་ངུས་བྱུང་། དེ་ནས་ཁྱེད་རང་ཚོ་བསྐོར་བ་སོང་། ང་ནི་འདིར་དགེ་བ་ཅི་འགྲུབ་བྱེད་ནས་བསྡད་ངེས་ཡིན། ཅེས་བཤད་དེ་ཁས་མ་བླང་པར་བསྡད་པ་ཡིན། ཕྱི་ཉིན་ནས་ཚང་མ་བསྐོར་བ་སོང་། ཨ་མ་ནི་ངུ་བཞིན་མི་འགྲོ་བར་འདུག་ཀྱང་། རོག་པ་ཚོའི་ཁྲིད་སོང་། ཡང་ཉིན་ཤས་ནས་ཨ་མ། རོག་པ་ཁ་ཤས་དང་ལྷན་དུ་སླེབས་ཏེ། ཁྱོད་ཕ་ཡུལ་ལ་འགྲོ་རོགས་མ་བྱས་ནས། རང་མེད་བྱེད་ངེས་ཡིན་ཞེས། མང་པོ་ངུས་བྱུང་། དེ་ལྟར་ཐེངས་མང་བྱུང་བས། མཐར་ཕྲན་ནས་ཕ་ཡུལ་ལ་འགྲོ་རྒྱུ། ཁས་ལེན་དགོས་ཐུག་བྱུང་། དེ་ནས་ལྷ་ས་ནག་ཆུ་རྒྱུད་ཕ་ཡུལ་དུ་འབྱོར།  ཁྱིམ་དུ་ཨ་ཅོ་ཆང་བསྡུས་འཐུང་སྟེ། ཞག་བདུན་བསྡད་དེ་སྐབས། ཡབ་པད་མ་ཀུན་ལེགས་ཞལ་ནས། རྫོང་ཁྲོད་དུ། རི་ཁྲོད་བླ་ཆུང་འཆི་མེད་རྣམ་རྒྱལ་རིན་པོ་ཆེ་སོགས་ཀྱི། རྣལ་འབྱོར་བོན་དབྱིངས་རང་གྲོལ་མདུན། ཤར་རྫའི་མཛོད་ལྔ་བསྐོར་ཁྲིད་ཞུ་བཞིན་འདུག་ཟེར་བས། ཕྲན་ནས་ང་ཡང་དེར་ཁྲིད་ལུང་ཞུ་ལ་འགྲོ་རྒྱུ་ཡིན་ཞུས་ཏེ། དགེ་བརྒྱག་དང་དཔེ་ཆ་ཁུར་ནས། ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྫོང་ཁྲོད་དུ་སོང་། དེར་བོན་དབྱིངས་རང་གྲོལ་རིན་པོ་ཆེ་ནས། སྡེ་སྣོད་མཛོད་ཀྱི་ཁྲིད་ཀ་གནང་བཞིན་འདུག་པས། དེ་ལ་ཉན་ནས་བསྡད། དེ་སྐབས་སྦྲ་ཆེན་ནས་ཧོར་རྒྱལ་སྲས། སྟོབས་ཀྱི་རྒྱལ་པོ་དཔོན་གཡོག་གསུམ་བྱོན་ཏེ།  བོན་དབྱིངས་རང་གྲོལ་རིན་པོ་ཆེ་ལ། དབྱིངས་རིག་མཛོད་ཀྱི། ཁྲིད་ཀ་དང་དབང་བཞི་བཅས། གནང་རོགས་དེ་ནས་ལོ་ཤས་ལ། དབེན་གནས་འགྲིམས་ཏེ། ཉམས་ལེན་རྒྱུ་ཡིན་ཞུས་སོང་བས། ཞལ་བཞེས་གནང་སྟེ། ཧོར་ཟླ་བཅུ་གཅིག་པའི། ཚེས་བཅུ་གསུམ་ནས། དབྱིངས་རིག་མཛོད་ཀྱི་ཁྲིད་དབུ་གཙུག་སྟེ། སྔ་དྲོ་དང་ཕྱི་དྲོ་དཔེ་་ཁྲིད། ཐུན་བར་དུ་བསྐྱར་སྦྱོང་དང་ཞུ་འདྲི། ཞོག་པ་དང་དགོང་མོ་ཐུན་འདུག་རྒྱུ་བཅས། མཛད་དེ་བོན་འཁོར་བསྐོར། དེའི་བར་གསེང་ལ། དངོས་གཞི་སྐུ་གསུམ་རང་ཤར། ཀུན་བཟང་སྙིང་ཐིག ཉམས་ཁྲིད་སྙིང་གི་རྒྱ་ཅན་བཅས་ཀྱི། ཁྲིད་ཀ་གནང་མཛད་པ་དང་། འཇུག་ཏུ་བླ་སྒྲུབ་འདོད་འབྱུང་རིན་ཆེན་གྱི་དབང་། བདེར་འདུས་དང་།  སྐུ་གསུམ་རང་ཤར་གྱི་སྒོ་ནས་དབང་བཞི་གནང་བ་རྣམས་ལྷན་དུ་ཐོབ། དེ་ལྟར་ཧོར་ཟླ་བཅུ་གཉིས་པའི་ཉི་ཤུ་བརྒྱད་ཉིན་བར་དུ། བོན་འཆད་ཉན་མཛད། ༑༑༑ རང་ལོ་ཉེར་གཅིག་པ། ༡༩༩༢ ཆུ་སྤྲེལ་ལོའི་ཧོར་ཟླ་དང་པོའི། ཚེས་བཅུ་བདུན་ཉིན། ལུང་དཀར་དགོན་དུ་སོང་ནས། གཅེན་པོ་ཚུལ་ཁྲིམས་ཡེ་ཤེས་མདུན་ལ་ཞག་ཤས་བསྡད། ལུང་དཀར་དཔོན་སློབ་དྲོང་སྲོང་གཡུང་དྲུང་མདུན་ནས། ཕུར་པ་ཡང་ཕྱུང་གི་ལུང་སོགས་ཁྲིད་ལུང་འགའ་ཞུས། དེ་མཚམས་མར་ཡང་ཏེ། རྫོང་ཁྲོད་དུ་བསྡད་ནས། རི་ཁྲོད་བླ་ཆུང་འཆི་མེད་དང་། གྲྭ་བཙུན་ཚོང་དྲུང་སོགས་དང་ལྷན་དུ།  སྡེ་སྣོད་མཛོད་དང་། བརྡ་དག་རིན་ཆེན་གཏེར་ཁྱིམ་སོགས་ལ་སྦྱོང་བརྩོན་བྱས། དེ་སྐབས་ ཡབ་དམ་པ་པད་མ་ཀུན་ལེགས་མཆོག་དང་ལྷན་དུ། རྣལ་འབྱོར་བོན་དབྱིངས་རང་གྲོལ། རིན་པོ་ཆེ་གཉིས་ཀྱིས་གཙོ་འགན་བཞེས་ཏེ། ཁྱུང་ནག་དགོན་བསམ་གཏན་གླིང་། བསྐྱར་སྐྲུན་བྱེད་བཞིན་འདུག་པས། མཁན་པོ་མཆོག་ལས་བྲེལ་ཤིན་ཏུ་ཆེ་ཡང་།   ལོ་དེའི་དབྱར་སྨད་བར་དུ།  རྫོང་ཁྲོད་དུ་བསྡད་དེ་མཁན་པོའི་མདུན། ཐར་ལམ་སྡེ་དྲུག་གི་ཁྲིད་ཞུས་པ་དང་། ཕྱི་ནང་འཁོར་འདས་རི་ཤན་ལ་ཉམས་ལེན་བྱས།  དེ་མཚམས་སུ་རི་ཁྲོད་དགོན་པའི། མར་ལྡོམ་འབུལ་བསྡུས་སུ། ལྷོ་དང་སྤུ་ཐོག་ཁ་ལ་སོང་། དེའི་སྐོར་སྨན་རིའི་ཡོངས་འཛིན་སློབ་དཔོན་ཆེན་མོ། བསྟན་འཛིན་རྣམ་དག་མཆོག་ཁྱུང་ཡུལ་དུ། ཕེབས་ཐེངས་གཉིས་པའི་མཛད་པ་སྐྱོང་བའི་དཀའ་དྲིན་ལས། སྟེང་ཆེན་དགོན་ནས། འདུལ་བ་མདོར་བསྡུས་ཡར་མེ་བའི་ཅན། དེའི་འགྲེལ་པ་མཉམ་མེད་ཅན། ཞི་གནས་ལག་ལེན་དཔོན་སློབ་ཅན། བཅས་ཀྱི་ཁྲིད་དང་། ཤེས་རབ་སྨྲ་སེང་སྒྲུབ་གཞུང་དང་། ཆ་ལག་ཆབ་ཚང་། ལྷ་རྒོད་གཞུང་དང་ཆ་ལག་ཆབ་ཚང་། ཤེས་རབ་བློ་འཕེལ་སྒྲུབ་གཞུང་སོགས་ཀྱི་ལུང་དང་། ཚེ་སྒྲུབ་བྱ་རི་མའི་དབང་། དུས་འཁོར་དབང་། གཤེད་དམར་དབང་། གཤེད་དམར་ཚེ་སྒྲུབ་དབང་། སྨྲ་སེང་དབང་། སྨྲ་སེང་ཚེ་སྒྲུབ་དབང་། ལྷ་རྒོད་དབང་། ལྷ་རྒོད་ཚེ་སྒྲུབ་དབང་། སྒྲ་དབྱངས་རྒྱལ་མོའི་དབང་། སྒྲ་དབྱངས་རྒྱལ་མོའི་ཚེ་སྒྲུབ་དབང་བཅས་ཐོབ། རི་ཁྲོད་དགོན་ནས། ཟབ་མོ་སྐུ་གསུམ་བཅུད་དྲིལ་གྱི་ཁྲིད་རིམ་དང་། ཡབ་སྲས་སྔོན་འགྲོའི་གོང་འཕྲོས། བཅས་ཀྱི་ཁྲིད་དང་། དབལ་གསས་དཔའ་བོ་གཅིག་སྒྲུབ་དང་། གསང་སྔགས་རྒྱུད་ཕྱག ཚེ་དབང་སྨོན་ལམ། སྡོམ་གསུམ་སྨོན། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལས། རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ། ཡབ་སྲས་བཅུད་དྲིལ་གྱི་གཞུང་སོགས་ལུང་དང་། ངན་སོང་སྐྱེ་སྒོ་གཅོད་པའི་དབང་། ཡབ་སྲས་བཅུད་དྲིལ་གྱི། དབང་སོགས་ཐོབ། ཀོ་དགོན་ནས། ཐེག་པའི་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་ཁྲིད་དང་།    ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་ཁྲིད་དང་། གསང་བ་སྔགས་ཀྱི་རྣམ་བཤད། བཀའ་འགྲེལ་གསལ་བྱེད་ཀྱི་ཁྲིད་དང་། ཞང་ཞུང་སྙན་རྒྱུད་ལས། བླ་མ་སྣང་ཞེད་མཇལ་སྣང་སྐོར། བྱ་བྲལ་རྗེས་མེད་ཀྱི་ཁྲིད་དང་། ཞང་ཞུང་སྙན་རྒྱུད་ལས། ལག་ལེན་ཁྲིད་ཀྱི་རིམ་པ། སྔོན་འགྲོ་བོན་སྤྱོད་ཀྱི་ཁྲིད་བཅས་དང་།  ཚེ་དབང་བོད་ཡུལ་མའི་ལུང་། མུན་སེལ་སྒྲོན་མའི་ལུང་བཅས་དང་། མུན་སེལ་སྒྲོན་མའི་དབང་དང་། ཚེ་དབང་བོད་ཡུལ་མའི་དབང་བཞི་སོགས། ཁྲིད་ལུང་དབང་གསུམ་འགའ་ཐོབ། ལོ་དེའི་སྟོན་ཁར་མུན་མཚམས་ཞེ་དགུ་གཅིག་བསྡད།   དེ་མཚམས་སུ་ རི་ཁྲོད་དགོན་པའི། འབྲུ་ལྡོམ་འབུལ་བསྡུས་སུ། དཀར་ནག་གཉིས། ཞེ་གཞུང་བཅས་སུ་སོང་། དེ་ནས་དགུན་ཁ་རི་ཁྲོད་དགོན་དུ། མཆེད་གྲོགས། བསྟན་འཛིན་འགྱུར་མེད་དང་རང་ཉིད་སོགས། བླ་གྲྭ་བཅོ་བརྒྱད་ཀྱི། མཁའ་འགྲོ་གསང་མཛོད་ཀྱི་སྒོ་ནས། རྩ་རླུང་ཞག་བརྒྱ་དང་ཆུ་རས་རླངས་རས། ཆུ་སྦྱོང་རླངས་སྦྱོང་བཅུད་ལེན་སོགས་སྔར་སྲོལ་ལྟར་བྱས།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.