སྤུ་རྒྱལ་གངས་དཀར།
                                                                                                                                                                                དབྲ་ཁྱུང་ཚང་གི་ནོར་མཛོད།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འཕྱོང་ལ་འཕང་བའི་མདའ་མོ།
[ 2011/11/22 16:53:00 | By: དབྲ་ཁྱུང་ཚང་། ]
 
 

འཕྱོང་ལ་འཕང་བའི་མདའ་མོ།

 

ཆོས་ལྡན་བླ་མས་རང་ཆེའི་ཆེད་དུ་ཆོས་གྲོགས་བཙོན་ལ་བཅུག་ལ་ཁད། །

དབང་ལྡན་དཔོན་པོས་གོ་སའི་ཆེད་དུ་ཨ་མ་ཁྲིམས་ལ་སྦྱར་ལ་ཁད། །

དད་ལྡན་བཙུན་པས་ལ་རྒྱའི་ཆེད་དུ་རྩ་བཞིའི་སྡོམ་པ་ཤོར་ལ་ཁད། །

འབྱོར་ལྡན་ཚོང་པས་སྒོར་མོའི་ཆེད་དུ་ཨ་ཕའི་ཕོར་པ་བཙོང་ལ་ཁད། །

དགའ་བའི་གངས་ལྗོངས་མཐོང་ཐེངས་རེ་རེར་མིག་ཆུའི་ཐིག་ཕྲེང་ལྷུང་ལ་ཁད། །

རྒན་ཡུལ་ལོ་ལོ་སྒོར་མོས་མྱོས་ཏེ་ན་ཆུང་བག་མ་བསུ་ལ་ཁད། །

མགོ་དཀར་མ་རྒན་ཆང་གིས་མྱོས་ཏེ་བུ་ཆུང་མག་པ་ཉོ་ལ་ཁད། །

ཕ་བཟང་བུ་ཚ་དགའ་བས་མྱོས་ཏེ་ཕ་གཞིས་ཁྲོམ་ལ་བསྐྱལ་ལ་ཁད། །

སྒེག་ལྡན་བུ་མོ་ལང་ཚོས་མྱོས་ཏེ་རང་ལུས་འདོམ་གང་བཙོང་ལ་ཁད། །

སྐྱིད་པའི་གངས་ལྗོངས་དྲན་ཐེངས་རེ་རེས་སྨྲེ་ངག་དགུང་ནས་ཐོན་ལ་ཁད། །

གཟའ་དགུའི་ཕ་རྒན་ཁྱིམ་གཞི་བཞག་ནས་མ་ཀའི་རྒྱ་གྲོང་ཉུལ་ལ་ཁད། །

དྲུག་ཅུའི་མ་རྒན་བརྟན་ཆོ་བཞག་ནས་བག་མའི་དུས་སྟོན་བཤམ་ལ་ཁད། །

ཆོས་ལྡན་བཙུན་པ་འགྲོ་བྱེད་རྒོད་ནས་མཛངས་མའི་ཁྲིམས་ལ་སྦྱར་ལ་ཁད། །

ལྔ་གསུམ་བུ་མོ་ལང་ཚོ་རྒྱས་ནས་མངལ་གྱི་འབྲས་བུ་སྨིན་ལ་ཁད། །

དེང་སང་གངས་ལྗོངས་དྲན་ཐེངས་རེ་རེ་ངོ་ཚའི་བ་མོ་ཞུ་ལ་ཁད། །

དགེ་ལྡན་བོད་མིས་ཆོས་བྱེད་ཟེར་ཡང་གསེར་སྐུ་ཕྱི་ལ་བཙོང་ལ་ཁད། །

རིག་ལྡན་ཁ་བའི་ལོ་རྒྱུས་སྨྲ་ཡང་རང་ཁུང་གཞན་ལ་བཅོལ་ལ་ཁད། །

གངས་ཅན་ལྗོན་འདིར་ནོར་གྱི་ཁེངས་ཀྱང་གཏེར་ཁ་མི་ལ་ཚོང་ལ་ཁད། །

ཞལ་ནས་སྡིག་སྤང་དགེ་སྒྲུབ་ཟེར་ཡང་དགུན་འབུ་སེར་པོ་བརྐོ་ལ་ཁད། །

དེང་དུས་གངས་ལྗོངས་སྤྱོད་པ་མཐོང་ན་བོད་མི་རང་མཚོན་སྡུལ་ལ་ཁད། །

 

 

 
 
Re:འཕྱོང་ལ་འཕང་བའི་མདའ་མོ།
[ 2013/1/26 21:37:29 | By: སྐུ་མགྲོན་017Hyl(སྐུ་མགྲོན) ]
 
སྐུ་མགྲོན་017Hyl(སྐུ་མགྲོན)ལེགས་འདུག་བཀའ་དྲིན་ཆེ། ཁྱུང་མུ་ཝེར་ནས།
 
 
Re:འཕྱོང་ལ་འཕང་བའི་མདའ་མོ།
[ 2011/11/23 21:02:45 | By: danzengyixi ]
 
danzengyixi
ཤིན་ཏུ་ལེགས་པོ་བྱུང་།
དེང་དུས་སྤྱི་ཚོགས་ཁྲོད་ཀྱི་བྱ་བ་དེ་རིགས་དམར་རྗེན་བཏོན་པའི་རྩོམ་ ལེགས་པོ་རེད་འདུག
 
 
Re:འཕྱོང་ལ་འཕང་བའི་མདའ་མོ།
[ 2011/11/23 15:28:24 | By: སྐུ་མགྲོན་Kpg6JV(སྐུ་མགྲོན) ]
 
སྐུ་མགྲོན་Kpg6JV(སྐུ་མགྲོན)ཨ་ད་དེངས་སང་དངོས་གནས་དེ་འདྲ་ཆག་འདུག་བས་།
དེངས་སང་གི་རང་བཞིན་བརྗོད་པའི་རྒྱན་ཡག་པོ་བྲིས་འདུ།།
རྩོམ་ཉམས་དཔེ་ཡག་པོ་འདུག
དབྲ་ཁྱུང་ལགས་།
 
 
Re:འཕྱོང་ལ་འཕང་བའི་མདའ་མོ།
[ 2011/11/23 3:31:53 | By: woser ]
 
woserམདའ་མོ་ནི་གནའ་སྔོན་གྱི་མཚོན། །འཕེན་ས་ནི་དེང་རབས་ཀྱི་ལྕགས། །རྒྱུད་བསྐུལ་གྱི་རྣ་བ་ནས་དྲངས། །དམིགས་འདུན་གྱི་བྲག་རི་བཏོར། །
 
 
Re:འཕྱོང་ལ་འཕང་བའི་མདའ་མོ།
[ 2011/11/23 0:41:01 | By: yongzhou ]
 
yongzhouཕྱི་བཙན་འཛུལ་གྱི་གཉའ་གནོན་ཆེ་གི།
ནང་བསམ་བློ་ཡི་དམགས་འཁྲུག་རྒོད་གི།
བར་འཚོ་བ་ལ་དཀའ་ངལ་མང་གི།
དུས་དེ་རིང་གི་བོད་པའི་སྤྱི་ཚོགས།།
གོང་བླ་མ་ཡི་བཀའ་ཁྲིམས་བཙན་གཞག།
འོག་སྡེ་དམངས་ཀྱི་མྱི་ཁ་རྒོད་གཞག།
བར་གྲྭ་གཞོན་ཚོ་ཕྱི་བསྡམ་ནང་བསྡམ།།
དུས་དེ་རིང་གི་དགོན་སྡེའི་སློབ་གསོ།།
ཕྱི་ལྷ་འདྲེ་ལ་འབྱེད་སྒོ་མང་དགོས།།
ཁོང་བླ་མ་ལ་འབུལ་བ་མཐོ་དགོས།།
ཁྱིམ་གཟའ་ཚང་གི་འབབས་སྒོ་ཉུང་བའི།།
དུས་དེ་རིང་གི་བོད་པའི་འཚོ་བ།།
ཁོང་དགེ་བཤེས་ཚོ་རང་རློམ་མཐོ་སོང་།།
ཁྱོད་གྲྭ་བཙུན་ཚོ་རྟོགས་པ་འཆར་སོང་།།
ང་ན་གཞོན་གྱི་ལམ་བུ་མ་རྙེད།།
ངུས་དེ་རིང་གི་ཤེས་ཡོན་ཅན་རེད།།
བུ་རྒྱ་ཡིག་ལ་མཁས་ཐག་ཆོད་གི།
ཕ་བོད་ཡིག་ལ་བཟང་རབས་བཤད་གི།
བུས་རྒྱ་ཡིག་གིས་གླ་ཕོག་རེག་འདུག།
ཕས་བོད་ཡིག་གིས་ཡང་མྱེས་རྗེད་མེད།།
སྨན་བུ་མོ་ཡི་ལས་དབང་དམན་ཉིན།།
རོགས་ཆུང་འདྲིས་ཀྱི་དུང་བ་ཟབ་སྐད།།
ཕ་དབང་ཆེན་དེ་རྒྱུ་ལ་ཞེན་ཉིན།།
སྨན་བུ་མོ་ཁྱོད་ཚེ་གཅིག་གཡོག་མོ།།
མ་སྲུ་མོ་ཡི་དད་དབང་བཙན་ཉིན།།
བུ་ཆུང་ཆུང་ཚོ་དགོན་པར་བསྐྱལ་སོང་།།
བུ་སྙིང་རྗེ་དེའི་བདེ་སྡུག་ཡོད་ཚད།།
མ་ཁྱེད་རང་དང་དགེ་སྐོས་ལགས་རེད།།
ཡ་བྲང་གཡུ་འབྲུག་གིས་དབྲ་ཆུང་ཚང་ལ་མཚམས་འདྲི་ཞུ་བ་དང་གང་བྱུང་དུ་བྲིས།།










 
 
Re:འཕྱོང་ལ་འཕང་བའི་མདའ་མོ།
[ 2011/11/22 19:16:48 | By: palzom2011(སྐུ་མགྲོན) ]
 
palzom2011(སྐུ་མགྲོན)ཾམདའ་མོ་རྣོ་འདུག །མཚང་ཆེན་བརྟོལ་འདུག །གནས་ལུགས་ཟབ་འདུག །ས་མཚམས་གསལ་འདུག །
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.