སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཞང་ཞུང་སྐོར་གྱི་དྲིས་ལན། 
[ 2012/10/13 11:22:00 | By: བན་ཤུལ་དཔལ་མཁར་རྒྱལ། ]
 
ཞང་ཞུང་སྐོར་གྱི་དྲིས་ལན་སད་མར་ཀར་གྱི་གཏམ་འདྲ་མ་ཞེས་བྱ་བ།

   རྩོམ་ཡིག་འདི་ཀློག་དུས་དང་དཔྱད་མཆན་སྤེལ་དུས་ཀྱི་གསལ་བཤད།

༡ རྩོམ་ཡིག་འདི་བན་བོན་གྲུབ་མཐའི་འཐེན་ཁྱེར་དང་ཞང་ཞུང་བ་ཡིན་ཁུལ་གྱི་གཏམ་རྫུན་དག་གི་སྒྲུབ་བྱེད་དུ་ཁྱེར་ན་རྩོམ་པ་པོའི་ལྟ་ཚུལ་དང་རྒྱབ་འགལ་ཡིན།

༢ རྩོམ་ཡིག་འདིའི་ལྟ་ཚུལ་ནི་བོད་སྔ་མ་དག་གིས་བཀོད་པའི་རྒྱལ་རབས་ཡིག་ཚང་གི་ལུང་དོན་དབང་བཙན་པར་བྱས་ནས་གསལ་བཤད་བྱས་པ་ཞིག་ཡིན།

༣ རྩོམ་ཡིག་འདི་ཆབ་སྲིད་སོགས་ཀྱི་ལྟ་ཚུལ་སྒྲུབ་བྱེད་དང་གང་ཟག་སྒེར་བའི་ཞེ་འཁོན་སྨྲ་བྱེད་དུ་བཀོལ་ན་རྩོམ་པ་པོར་ནམ་ཡང་ངོས་ལེན་མེད།

༤ རྩོམ་ཡིག་འདིས་བོད་ཀྱི་མི་རབས་སྔ་མ་དག་གི་བྱུང་བར་བགྲོ་གླེང་གནང་ནས་དེར་དཔྱད་སྒོ་ཕྱེ་ཐུབ་མིན་དེ་དམིགས་འདུན་གཙོ་བོ་ཡིན།

༥ དཔྱད་པ་མེད་པར་ཐོལ་ཐོལ་དུ་ངན་སྨྲས་དང་དྲན་དྲན་དུ་ཅ་ཅོ་སྒྲོག་པ་དག་དཔྱད་མཆན་དུ་ཡོང་བར་ནམ་ཡང་དགའ་བསུ་མེད།

 

    སྤྱིར་འཛམ་གླིང་གི་ལོ་རྒྱུས་སྤྱི་དང་སྒོས་སུ་ལོ་ངོ་སྟོང་ཕྲག་མང་པོ་ཕྱིན་པའི་རང་རེའི་མི་རབས་སྔོན་མ་དག་གི་བྱུང་བར་དཔྱད་པའི་ཚེ་ན་ལུང་ཙམ་ལ་སྐྱབས་སུ་འགྲོ་བ་ལས་འོས་གང་ཡང་མེད་དེ་སྐབས་དེ་ག་རང་ལ་ཡིག་ཚང་དུ་བཀོད་པའི་ལོ་རྒྱུས་དང་དངོས་པོའི་སྒྲུབ་བྱེད་སོགས་ཧ་ལམ་སྲིད་མཐའ་ཙམ་ཡིན་ཞིང་དེའི་ཚུལ་ནི་དཔལ་སྣར་ཐང་གི་བཙུན་པ་རིག་རལ་གྱིས། གངྒ་འདི་ལས་འབབ་པའི་ཕྱིར།། མ་དྲོས་འཚོལ་བའི་ངལ་བས་ཅི།། འདུས་བྱས་རྟག་པ་མེད་པའི་ཕྱིར།། སྔོན་བཞིན་ད་ལྟ་གནས་པ་མེད།། ཅེས་གསུངས་བའི་དགོངས་པ་ཇི་ལྟ་བ་བཞིན་ནོ།། དེས་ན་རང་རེའི་ལོ་རྒྱུས་སྨྲ་བ་དག་གིས་དམ་པ་གོང་མ་རྣམས་ཀྱི་ཡིག་ཆའི་ལུང་ལ་བརྟེན་ནས་བཤད་ན་ལུང་འདྲེན་རིང་ལུགས་པ་དང་ཆོས་འབྱུང་གི་བརྡ་ཆད་འགས་རྣ་ཚར་བཏགས་པའི་ཞང་སྒྲུང་ཞེས་སྨོད་ནས་ཡིད་འཐད་མེད་པའི་ཚུལ་སྨྲ་ཁུལ་བྱེད་ཅིང་ཕུགས་ལ་གཏད་ནས་ཉིད་ཀྱིས་སྨྲོས་ཤིག་དང་ཉན་ནོ་ཞེས་ན་མགོ་མ་འབུས་པའི་སྐད་ཆ་ཆལ་ཆོལ་རེ་ལབ་ནས་འདུག་པར་བྱེད་པ་ནི་མཐའ་གཅིག་ཏུ་དོར་བྱའི་གནས་སོ།།

   དེས་ན་རང་རེའི་མི་རབས་སྔོན་མའི་སྔོན་མ་རྣམས་ཀྱི་ཚུལ་ལུགས་དག་འདུལ་བ་སྨན་གྱི་ལུང་གཞི་དང་དུས་འཁོར་གྱི་རྒྱུད་འགྲེལ་སྣ་ཚོགས་ལ་ཁུངས་བཅོལ་ནས་ཞུས་ན་མི་ཆོག་པ་མེད་མོད་ སྐབས་འདིར་ཞང་ཞུང་སྐོར་གྱི་གནས་ཚུལ་ཤིག་བཤད་རོགས་ཞེས་བན་བོན་རིས་སུ་མ་ཆད་པའི་སྐྱ་སེར་ཤེས་ཡོན་པ་གང་མང་ཞིག་གི་བཀའ་ལུང་ལྕི་མོ་རྣམས་སྤྱི་བོའི་གཙུག་ཏུ་བརྩེགས་པ་གཞིར་བཅས་དེའི་ ཚུལ་རྣམས་ལོ་རྒྱུས་ཡིག་ཚང་གི་ལུང་གཞི་རྣམས་དབང་བཙན་ཞིང་རང་གི་སྒེར་བའི་འདོད་ཚུལ་ཉུང་ངུར་བྱས་ན་ངོ་སྤྲོད་བྱས་ན་འདི་ལྟ་སྟེ།

   ཞང་ཞུང་གི་ཡུལ་སྟོད་སྨད་རྣམས་ནི་དང་པོ་རྒྱལ་པོ་རྩེ༼༡༽ཞེས་པ་ཞིག་གིས་བཟུང་ཞིང་འདི་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་རྣམས་ལས་ལྡེ་བརྒྱད་ཅེས་པའི་ནང་ཚན་གྱི་ལྡེ་སྣོལ་བའི་རིང་གི་ཡིན་ཞིང་ལར་ལྡེ་བརྒྱད་ཀྱི་དུས་སུ་མཐའི་བྲུ་ཤ༼༢༽སོགས་འདུལ་བཅོམ་བྱས་པའི་གནས་ཚུལ་ལ་བརྟག་ན་སྤུ་རྒྱལ་ནུབ་ཕྱོགས་ཀྱི་ཞང་ཞུང་ཡང་རང་དགར་སྡོད་པའི་སྐབས་མེད་པར་དཔྱད་ནུས་ལ་འདི་དུས་ནས་བཟུང་སྤུ་རྒྱལ་བཙན་པོ་དང་ཞང་ཞུང་རྒྱལ་པོ་རྣམས་ལས་བློ་དང་དཔའ་སྟོབས་ཆེ་བ་སྙ་ཤུར་མུ་སུ་རིང་ངེ་ཁོད་༼༣༽བྱ་བ་གཉིས་ཀྱི་བར་དུ་འགལ་རྐྱེན་བྱུང་ནས་རང་རང་གི་ཡུལ་དུ་མདའ་ཁ་གཏོད་རེས་བྱས་ཏེ་ཡུལ་གྲུ་བཅད་བཟུང་གི་ཚུལ་དུ་བསྡད་མྱོང་ཞིང་སྙ་ཤུར་མུ་སུའི་མི་རབས་ནི་ཞང་ཞུང་ལ་གྲགས་ཆེ་བ་ཡོད་སྟབས་བརྒྱ་ཕྲག་བདུན་པའི་དུས་སུའང་མུ་སུའི་རུས་རྒྱུད་༼༤༽ནི་ཞང་ཞུང་གི་ཡུལ་དུ་གདུང་མ་འགྱུར་བར་གནས་ཐུབ་ཡོད།  དེ་ནས་རིམ་བཞིན་མི་རབས་བཅུ་གཅིག་ཙམ་ཕྱིན་པའི་དུས་སུ་ཞང་ཞུང་གི་རྒྱལ་པོ་རྣམས་ལས་དྲག་པོའི་སྟོབས་འབར་བ་སྙ་ཤུར་ལ་ཁྭ་གེད་རྩེ་༼༥༽བྱ་བ་བྱུང་ནས་ཞང་ཞུང་གི་ཡུལ་ལ་དབང་བསྒྱུར་བཞིན་ཡོད། སྐབས་དེ་དུས་སུ་སྤུ་རྒྱལ་ཡུལ་དབུས་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་མཐའ་བཞིའི་རྒྱལ་ཕྲན་རང་རྐྱ་ཐུབ་པ་དག་རྣམ་པར་བཅོམ་ནས་ཐ་ན་རྒྱ་གར་དུའང་བྱེ་མའི་ནང་དུ་བཙན་གྱིས་ལྕགས་ཀྱི་ཕུར་བུ་བརྡབ་ནས་རྡོ་རིང་བསླངས་པ་དང་ཆུ་

བོ་གངྒའི་དཀྱིལ་དུ་རྡོའི་ཟམ་པ་བཙུགས་ནས་དྲག་པོའི་སྟོབས་ཤུགས་ཀྱི་དབུ་རྨོག་ནི་ཡ་གླིང་འཛིན་མར་ཁྱབ་བཞིན་པའི་སྒང་དེ་ཡིན། དེ་ནས་རེ་ཞིག་ཚེ་སྤུ་རྒྱལ་ནུབ་ཕྱོགས་ཀྱི་ཞང་ཞུང་ལའང་ཐོག་མར་འཇམ་པོའི་ཁྱོ་གཉེན་བསྒྲིགས་ནས་བཙན་པོའི་སྲས་མོ་སད་མར་ཀར་བག་མར་བཏང་ཏེ་འདུལ་བར་བརྩམས་ནའང་ལིག་མི་རྐྱ་སྙ་ཤུར་ལ་ཁྭ་གེད་རྩེ་ནས་སྤུ་རྒྱལ་གྱི་གཉེན་འབྲེལ་ལམ་ལུགས་དེ་རྩིས་མེད་དུ་བྱས་ནས་གོང་བཀུར་མ་བྱས་པའི་ཉེར་ལེན་ལས་ལྕེ་ཡི་གདུང་རབས་༼༦༽ཀྱི་དམག་གིས་འདུལ་བཅོམ་བྱས་ནས་སྤུ་རྒྱལ་བཙན་པོའི་མངའ་ཞབས་སུ་བཙན་གྱིས་བཅུག་པ་དང་དེའི་གནས་ཚུལ་ནི་དུས་རབས་བརྒྱད་པར་བྱུང་བའི་རྒྱའི་བཙུན་པ་ཝེ་ཁྲོ༼༧༽མཆོག་གིས་ཀྱང་གསལ་བོར་བྲིས་ཡོད། ཡིན་ནའང་ཞང་ཞུང་ནི་སྟོབས་ཆེ་བའི་རྒྱལ་ཕྲན་ཞིག་ཡིན་སྟབས་དུས་རབས་བདུན་པ་ཙམ་ནས་སྤུ་རྒྱལ་བཙན་པོའི་མངའ་ཞབས་སུ་བཙུད་ནའང་གཡུང་མར་མ་བསྡད་པར་བཙན་པོར་ཡང་ཡང་གྱེན་ལོག་བྱས་པའི་གནས་ཚུལ་ཏུན་ཧོང་ཡིག་རྙིང་༼༨༽དུ་གསལ་བ་ལྟར་ཡིན།དེ་ནས་མི་རབས་ལྔའམ་དྲུག་ཕྱིན་པའི་དུས་སུ་སྤུ་རྒྱལ་ཡུལ་དབུས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དེ་ཡིན་ཞིང་སྐབས་དེ་དུས་སུའང་ཞང་ཞུང་གི་སྟོབས་ཤུགས་དེ་ད་དུང་ཉམས་མེད་དུ་སོང་མེད་པར་མ་ཟད་སྙ་ཤུར་གྱི་རྒྱལ་པོ་ལི་བྱིན་མུ་སད་ཁྱ་ཞེས་པའི་ཞང་རྒྱལ་ཡང་སོར་འཇོག་བྱས་ཡོད།  དེའི་དུས་སུ་ཞང་ཞུང་གི་ཡུལ་དུ་བོན་དང་ཡིག་རྩིས། མེ་ལ་མངའ་བརྙེས་པའི་རྒྱལ་པོ། བོན་ལ་བརྟེན་པའི་གྲུབ་ཐོབ་སོགས་བོན་གཞུང་རྒྱ་ཆེར་དར་བར་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་རྒྱལ་རབས་༼༩༽ན་གསལ་ཡོད་ལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཞང་ཞུང་རྩ་མེད་དུ་སྣུབས་ཚུལ་ནི་ཞང་ཞུང་སྙན་རྒྱུད་བོན་མ་ནུབ་པའི་གཏན་ཚིགས་༼༡༠༽སུའང་གསལ་བ་དེ་བཞིན་ཡིན། ཞང་ཞུང་རྒྱལ་པོ་ལི་བྱིན་མུ་སད་ཁྱ་ཡི་དུས་སུ་ཞང་ཞུང་གི་ལྟེ་བ་གཙོ་བོ་གུ་གེ་ཡིན་ཞིང་གུ་གེ་ལ་ཞང་ཞུང་ཞེས་སྤྱི་མིང་བྱེ་བྲག་དུ་གདགས་པའི་ཚུལ་ནི་གྲུབ་ཆེན་ཨུ་རྒྱན་པ་ཆུང་བ་སྟག་ཚང་ངག་དབང་རྡོ་རྗེ་ཡི་ལམ་ཡིག་༼༡༡༽དུ་གསལ་ཡོད་ལ་བླ་མ་རྨོག་ལྕོག་པའི་གསང་རྣམ་༼༡༢༽དུའང་གསུངས་ཡོད་ཅིང་སྐབས་དེར་རྒྱ་གར་བའི་མི་རྒྱུད་འབོར་ཆེན་གུ་གེ་ཡི་ཡུལ་དུ་གཞིས་ཆགས་ཤིང་དེ་རྣམས་ལ་ལོ་རྒྱུས་ཡིག་ཚང་དུ་ཞང་ཞུང་མཆེད་ལྔ་༼༡༣༽ཞེས་མིང་གདགས་ཡོད། དེ་ནི་རྒྱ་གར་གྱི་མི་རབས་སྔོན་མ་རྣམས་ཀྱིས་གངས་ཏི་སེ་གཙོ་བའི་སྤུ་རྒྱལ་བོད་ཀྱི་དབང་བཙན་པའི་ཡུལ་འདི་དག་ནི་སུམ་ཅུ་རྩ་གསུམ་གྱི་གནས་ཡིན་པར་བཤད་ཅིང་རྒྱ་གར་སྐད་དུ་ཏི་རི་བྷི་ཁེ་ཊག༼༡༤༽ཅེས་འབོད་ལ་དད་མོས་ཀྱི་ཤུགས་རྐྱེན་དེ་ལ་བརྟེན་ནས་འབོར་ཡོང་བ་ཞིག་ཡིན་པ་རིགས་པས་དཔྱད་ནུས་པ་ཞིག་རེད། ཞང་ཞུང་གི་སྐོར་ཤིན་ཏུ་ཉུང་བསྡུས་ཤིག་འདི་ཙམ་ཡིན་ལ་དེའི་སྐད་ཡིག་སོགས་ཀྱི་གནས་ཚུལ་ཞིབ་པ་མང་པོ་ཞིག་བདག་གི་རྩོམ་ཡིག༼དུས་རབས་བདུན་པ་ནས་བརྒྱད་པའི་བར་སྤུ་རྒྱལ་བཙན་པོའི་མངའ་འོག་ཏུ་བཙུད་པའི་ཞང་ཞུང་དང་བཙན་མོ་སད་མར་ཀར་གྱི་མགུར་གླུའི་སྐོར་ལ་བསྐྱར་དུ་དཔྱད་པ༽ཞེས་པར་གསལ་ཡོད། 

མཆན།

༡གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་ཉི་མའི་རིགས་ཀྱི་རྒྱལ་རབས་བྱ་བ་ལག་བྲིས་མར་གསལ།

༢རོང་ཆེན་ཀི་རྟིའི་འཁྲུངས་རབས་དཔག་བསམ་ལྗོན་པ་བྱ་བར་གསལ།

༣གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་ཉི་མའི་རིགས་ཀྱི་རྒྱལ་རབས་བྱ་བ་ལག་བྲིས་མར་གསལ།

༤ཏུན་ཧོང་ཡིག་རྙིང་གི་ཁྲོད་ཀྱི་བཙན་མོ་སད་མར་ཀར་གྱི་མགུར་ན་མུ་སུ་ནི་གཞན་ན་རེ་ཞེས་སོགས་གསལ་ཡོད་ལ་དཔལ་དོན་གྲུབ་རྒྱལ་གྱིས་མཚོན་པའི་ཡིག་རྙིང་ཞིབ་འཇུག་པ་དག་

གིས་མུ་སུ་ནི་ཞང་ཞུང་གི་རུས་རྒྱུད་ཅིག་ཡིན་པ་མ་གོ་ནས་ཧ་ལས་པའི་འགྲེལ་ལོག་མང་པོ་བརྒྱབ་ཡོད།

༥སྙ་ཤུར་ལ་ཁྭ་གེད་རྩེ་ནི་ཏུན་ཧོང་ཡིག་རྙིང་སོགས་སུ་ལིག་མི་ཧྱ་རུ་འབོད་པ་དེ་ཡིན་ལ་སྤྱིར་

བཏང་ལིག་མི་རྐྱ་ནི་ཐམས་ཅད་དབང་བསྒྱུར་བའི་སྲིད་པའི་རྒྱལ་བོ་ཞེས་པའི་དོན་དུ་བོན་གྱི་མཁས་པའི་དབང་བོ་བསྟན་འཛིན་རྣམ་དག་མཆོག་གིས་འགྲེལ་བར་འཐད་ལ་ལར་ཡང་ལིག་

མི་རྐྱ་ཞེས་པ་ནི་སྤྱི་མིང་ཞིག་ལས་སྒོས་ཀྱི་གང་ཟག་བྱེ་བྲག་པའི་མིང་ཞིག་ཏུ་མི་སེམས་ལ་དེ་ལྟར་འདོད་ན་གནོད་བྱེད་མཐའ་ཡས་པ་འབབ་པར་བདག་གིས་འདོད་པས་དཔྱད་གཞི།

༦ཇོ་བོ་ལྕེ་ཡི་གདུང་རབས་བཞུགས་པ་དགེ་ལེགས་སོ་ཞེས་པའི་དཔེ་རྙིང་བྲིས་མར་གསལ་ཡོད།

༧རྒྱའི་བཙུན་པ་ཝེ་ཁྲོའམ་ཤེས་རབ་འཕགས་པས་དུས་རབས་བརྒྱད་པར་བྲིས་པའི་རྒྱ་གར་འཕགས་པའི་གནས་ཆེན་ཁག་ལྔར་བསྐྱོད་པའི་ལམ་ཡིག་བྱ་བར་གསལ།

༨ཏུན་ཧོང་ཡིག་རྙིང་ན་གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉི་དྭགས་པོ་ཀུན་ཡང་ལོག་ཅེས་གསལ་ཡོད།

༩ གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་ཉི་མའི་རིགས་ཀྱི་རྒྱལ་རབས་བྱ་བ་ལག་བྲིས་མར་གསལ།

༡༠ཞང་ཞུང་སྙན་རྒྱུད་བོན་མ་ནུབ་པའི་གཏན་ཚིགས་བྱ་བར་གསལ།

༡༡གྲུབ་ཆེན་ཨུ་རྒྱན་པ་ཆུང་བས་མཛད་པའི་ཨུ་རྒྱན་ལམ་ཡིག་ན་གསལ།

༡༢བླ་མ་རྨོག་ལྕོག་པའི་གསང་བའི་རྣམ་ཐར་ན་གསལ།

༡༣ཞང་ཞུང་མཆེད་ལྔ་ནི་མང་ཝེར་ཨོད་ཚང་སྭ་གེད་རྩེ།  མོལ་ཝེར།  སྐྱིན་ཝེར་སྡོང་གྱེད་ཚ། ཧྲུགས་ཝེར་སྤྲུད་གཞེར་སྟོང་གེད་རྩ། རུམ་ཝེར་ཤ་ཞེར་རྩེ་དང་ལྔ་ཡིན་ལ་འདིའི་དུས་སུ་རུ་པ་ཏི་བོད་དུ་ཡོང་ཞེས་ཆོས་འབྱུང་ཁ་ཅིག་གིས་གསུང་ལ་གང་ལྟར་འདི་དག་གི་དུས་སུ་རྒྱ་གར་གྱི་མི་རྒྱུད་ཕོན་ཆེན་བོད་ཀྱི་ཞང་ཞུང་དུ་འདྲེས་ཤིང་དད་མོས་ཀྱི་ལྷ་ནི་གེ་ཁོད་སུམ་བརྒྱ་དྲུག་ཅུའི་ནང་གི་སྟོབས་ཆེ་བ་དག་བསྟེན་སྲོལ་བཤད་ཡོད།

༼སྐབས་འདིའི་མི་རྒྱུད་ནི་རྒྱ་གར་གྱིཨརྱཎའི་མི་རྒྱུད་དང་དེང་སང་བལ་ཡུལ་གྱི་ནཱ་ཞང་བ་སྟེ་སྔོན་མར་ང་ཞང་བ་ཡིན་ཞེས་པའི་སྒྲ་ཟུར་ཆག་པ་སྟེ་གངས་ཏི་སེའི་རི་རྒྱུད་ནས་ཕར་བལ་པོར་སླེབས་པར་ཁོ་ཚོ་རང་ནས་བཤད་པ་སོགས་གང་ཡིན་གུང་བསྒྲིགས་ནས་དཔྱད་དགོས་པ་མང་མོད་དུས་ཚོད་མེད་པས་བཞག་གོ།

༡༤རྒྱ་གར་སྐད་དུ་ཏི་རི་བྷི་ཁེ་ཊག་ཅེས་པ་ནི་བོད་སྐད་དུ་སུམ་ཅུ་རྩ་གསུམ་གྱི་མིང་ཡིན་པར་ཛེ་སྨད་པས་ཟེར་ལ་གང་ལྟར་དབྱིན་ཇུའི་སྐད་དོད་ཐེའུ་བྷེ་ཁྲི་དང་རྒྱའི་གནའ་སྐད་ཐུའུ་བྷོ། བོད་རང་གི་སྤུ་རྒྱལ་སོགས་ཀྱི་ཐ་སྙད་དག་འདི་ལས་ཟུར་ཆགས་པ་ཡིན་མིན་ལ་དཔྱད་དགོས་པ་ཞིག་འདུག

 
 
Re:ཞང་ཞུང་སྐོར་གྱི་དྲིས་ལན།
[ 2017/1/4 12:36:27 | By: གངས་མི།(སྐུ་མགྲོན) ]
 
གངས་མི།(སྐུ་མགྲོན)ཤིན་ཏུ་ཡག་པོ་གསུངས་འདུག
 
 
Re:ཞང་ཞུང་སྐོར་གྱི་དྲིས་ལན།
[ 2013/3/20 17:48:18 | By: Yzzx ]
 
Yzzxཤིན་ཏུ་ལེགས།
 
 
Re:ཞང་ཞུང་སྐོར་གྱི་དྲིས་ལན།
[ 2012/10/17 20:51:14 | By: སྐུ་མགྲོན་Nri7LY(སྐུ་མགྲོན) ]
 
སྐུ་མགྲོན་Nri7LY(སྐུ་མགྲོན)བན་ཤུ་ལགས་བཀའ་དྲིན་ཞུ་ཞུ།།།།།།།།།
 
 
Re:ཞང་ཞུང་སྐོར་གྱི་དྲིས་ལན།
[ 2012/10/13 14:36:41 | By: སྐུ་མགྲོན་w06Euh(སྐུ་མགྲོན) ]
 
སྐུ་མགྲོན་w06Euh(སྐུ་མགྲོན)ལེགས་པོར་མཐོང་སོང་།
 
 
Re:ཞང་ཞུང་སྐོར་གྱི་དྲིས་ལན།
[ 2012/10/13 13:22:59 | By: txlm ]
 
txlmLeg So Leg So Leg So Leg So Leg So Leg So Leg So Leg So
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.