སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྗེ་མཉམ་མེད་པའི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་ཟུར་ཙམ་དཔྱད་པ། | 2018/6/14 17:42:00
རྗེ་མཉམ་མེད་པའི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་དཔྱད་ཙམ་བྱས་པ། 
འཁྲུངས་དུས་ལ་དཔྱད་པ། བོན་སྒོར་ཞུགས་དུས་ལ་དཔྱད་པ། མདོ་སྨད་ནས་སྟོད་ཕྱོགས་སུ་བྱོན་དུས་ལ་དཔྱད་པ། ཙོང་ཁ་པ་དང་མཇལ་དུས་ལ་དཔྱད་པ། གྲྭ་ས་གཡས་རུ་དབེན་ས་ཁར་ཞུགས་དུས་ལ་དཔྱད་པ། རོང་སྟོན་མཇལ་དུས་ལ་དཔྱད་པ། སྐུ་གཤེགས་དུས་ལ་དཔྱད་པ། སྐུ་གདུང་བཞུ་དུས་ལ་དཔྱད་པ་བཅས་དོན་ཚན་བརྒྱད་ལ་ཟུར་ཙམ་དཔྱད་འདོད་བྱུང་། 
དེ་ཡང་ད་བཞུགས་མཉམ་མེད་རྣམ་ཐར་ཁག་ལས། ལོ་རྒྱུས་དངོས་དང་ཆེས་ཉེ་ཤོས་དང་ཆེས་རིན་ཐང་ཆེ་ཤོས་ནི། གྲགས་པ་རྒྱལ་མཚན་གྱིས་མཛད་པས་རྣམ་ཐར་འདི་དང་། བྲུ་ཡི་ཨ་ཁྲིད་བླ་རྒྱུད་ནང་གི་རྣམ་ཐར། མཉམ་མེད་རྣམ་ཐར་གནའ་བོའི་ཞལ་ལུང་། མཉམ་མེད་རྣམ་ཐར་ཀུན་མཁྱེན་ཉི་མའི་ཅན་བཅས་ཨེ་ཡིན་སྙམ་ལ། འདི་དག་ལས་གོང་མ་གསུམ་འདི་མཁན་ཆེན་ཉི་མའི་རྣམ་ཐར་འདྲ་མིན་གསུམ་ཞེས་པའང་འདི་གསུམ་ཡིན་ཤས་ཆེ་བའི། འདི་དག་གཞིར་བཞག་ནས་ཅུང་ཙམ་དཔྱད་པར་བྱ་བ་ལ། དང་པོ་འཁྲུངས་དུས་ལ་དཔྱད་པ། མཉམ་མེད་རྒྱལ་རོང་པ་མཆོག་སྐུ་འཁྲུངས་པའི་དུས་ཚོད་ནི། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས། ༼་་ཤར་རྒྱལ་མོ་རོང་རྒྱ་མོ་རྔུལ་ཆུའི་འགྲམ། སྟེག་ཅོག་ཞེས་བྱ་བ་ཡིན་ནོ། རུས་ཆེན་དབྲ། ཡབ་རྒྱུ་ཡི་བོན་བཞི་ལ་མཁས་པ། ཀླུ་རྒྱལ་ཞེས་བྱ་བ་དང་། ཡུམ་དད་མོས་གུས་པ་ཆེར་ལྡན་པ། རིན་ཆེན་སྨན་ཞེས་བྱ་བ་གཉིས་ལ། མེ་ཕོ་སྤྲེའུ་ལོ། དུས་ཁྱད་པར་ཅན་ལ་སྐུ་འཁྲུངས་སོ།་་༽ཞེས་གསལ་ལ། དེ་མིན་རྣམ་ཐར་གཞན་གཉིས་ནང་གསལ་པོ་འཁོད་མི་འདུག་ལ། རྣམ་ཐར་འདི་གཉིས་རྒྱས་བསྡུས་ཙམ་ལས་སྤྱི་ཁོག་གཅིག་པར་སྣང་། མཁན་ཉི་མས་༼་་དཔྱིད་ར་སྟག་ཟླའི་ཚེས་ལྔ་ཉིན།་་༽ཞེས་འཁོད་ཀྱང་ད་རུང་དཔེ་ཆ་གཞན་འགའ་ཤས་ལའང་དཔྱད་དགོས་པར་སྙམ།              གཉིས་པ་བོན་སྒོར་ཞུགས་དུས་ལ་དཔྱད་པ། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས། ༼་་སྔར་ཡང་དཔོན་རྒྱུད་ཡིན་པའི་མཆེད་གསུམ་ཡོད་པའི་བར་པ་ཡིན་ནོ། ཡབ་ཀྱིས་གཡུང་དྲུང་རྒྱལ་དུ་བཏགས་སོ། ཅི་ཞིག་ཡབ་ཀྱི་ཡི་གེ་སློབ་དུ་གཞུག་སྟེ་ཀློག་ལ་མཁས་པ་བྱུང་། ཆུང་ནས་བློ་རྩལ་ཤེས་རབ་དང་ལྡན་ཞིང་། རྒྱུ་ཡི་བོན་བཞི་ལ་མཁས་པར་སྦྱོངས་སོ། གཉིས་པ་ནི། དེ་ནས་འཁོར་བ་དེ་དག་སྡུག་སྔལ་གྱི་རྒྱ་མཚོ་ཆེན་པ་གཟིགས་ཏེ། མཐའ་ཡས་པའི་སེམས་ཅན་དོན་དུ་བྱུང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བཤེས་གཉེན་དམ་པ་ཕྱ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་བྱོན་ནས། དང་པོ་བསྙེན་གནས་དགེ་བསྙེན་གྱི་སྡོམ་པ་བླང་ནས ཅི་རིག་ཙམ་དུ་ཆང་བཅད་པ་ཙམ་བྱས། དེའི་དུས་སུ་ཁྲོ་ཀློང་རྣམ་གསུམ་དང་། ཡར་མེ་བའི་བཀའ་རྟེན་རྣམས་དང་། མཛོད་གབ་པ་རྩ་རྒྱུད་གཞུང་ཆེན་རྣམས་དང་། གཞན་ཡང་འཕྲིན་ལས་ལ་སོགས། བློ་འཛིན་མང་དུ་མཛད་དོ། གསུམ་པ་ཡོངས་འཛིན་བསྟེན་དང་ཐུགས་བཅུད་ཇི་ལྟར་ལོན་པའི་ཚུལ་ནི། གཡུང་དྲུང་རྒྱལ་མཚན་གྱིས་དྲུང་དུ་ཁྱིམ་པའི་རྟགས་དོར་ནས། རབ་ཏུ་བྱུང་བའི་རྟགས་ལེན་པར་མཛད་དོ། གཙང་གཙུག་གི་སྡོམ་པ་ཞུས་ནས་ཚུལ་མིང་ཤེས་རབ་རྒྱལ་མཚན་ཞེས། མཚན་གསོལ་ཞིང་སྲིད་རྒྱལ་དྲིལ་ནག་གི་སྐོར་རྗེས་གནང་དང་བཅས་པ་ཞུས་སོ། དུས་དེ་ནས་བཟུང་སྟེ། ཤ་ཆང་རྒོག་གསུམ་དམ་དུ་མཛད་ནས། ཕྱི་གཏོར་ནང་གཏོར་མ་ཆགས་པར་མཛད་དོ།་་༽ཞེས་ཡབ་ཀྱི་དྲུང་ནས་མོ་གཏོ་སྨན་རྩིས་སྦྱོང་པ་དང་། དེ་ནས། དང་པོ་བསྙེན་གནས། དེ་ནས་དགེ་བསྙེན། དེ་ནས་གཙང་གཙུགབཅས་ཀྱི་སྡོམ་པ་རིམ་གྱིས་བཞེས་པ་དང་། དེ་ནས་བླ་མ་འགའ་ཞིག་གི་དྲུང་ནས་དབང་ལུང་ཁྲིད་གསུམ་ཞུས་ཚུལ་གསལ་བ་ལས། དགུང་ལོ་གང་གི་ཐོག་སྡོམ་པ་བཞེས་པ་དང་། ཡབ་ཡུལ་ནས་ག་དུས་ཁ་བྲལ་ཏེ། སྟོད་ཕྱོགས་སུ་ཕེབས་པ་མི་གསལ། གནའ་བོའི་ཞལ་ལུང་ལས། ཡབ་ཀྱི་དྲུང་ནས་སེལ་གཏོ་ཇུ་་ཐིག་སོགས། རྒྱུ་ཡི་བོན་བཞི་ལ་སྦྱོང་ཟིན་རྗེས། ཡབ་ཡུམ་གྱི་རེ་བ་ལྟར་རྗེས་སུ་ཡབ་ཡུལ་དུ་ལེན་གཅིག་ཕེབས་པར་ཞལ་གྱིས་བཞེས་ཏེ། གྲྭ་སར་བྱོན་ནས་མཚན་ལྡན་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ། གཙང་མ་གཙུག་ཕུད་ཀྱི་ཁྲིམས་བླངས། དེ་ནས་བླ་མ་འགའ་མཇལ་རྗེས་ལྷོ་སྟོད་དུ་མཁན་པོ་ཚུལ་ཁྲིམས་ཡེ་ཤེས་ལ། དག་པ་དྲངས་སྲོང་གི་ཁྲིམས་རྫོགས་པར་ཞུས། ལྷོ་ཚ་བ་སྒང་དུ་མཁས་གྲུབ་རིན་ཆེན་བློ་གྲོས་དང་མཇལ་ནས། ཕྱི་ནང་གསང་བའི་ལུང་རྣམས་ཞུས། ཕྱག་ཕྱིར་འབྲིང་ནས་ཐེ་ཚོམ་གྱིས།། སྒྲོ་འདོག་ལེགས་པར་བཅད་ཞེས་འཁོད། འདི་གཉིས་ལས་དང་པོ་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་མཇལ་ནས་དྲང་སྲོང་གི་ཁྲིམས་ཞུས། དེ་རྗེས་མཁས་གྲུབ་རིན་བློ་མཇལ་ཚུལ་གསལ་བ་འདི་ནི། གོང་འོག་འཕྱུགས་པར་ཐེ་ཚོམ་མེད་དེ། ལྷོ་སྟོད་ཅེས་པ་དབུས་གཙང་ཕྱོགས་སུ་ཡོད་པ་དང་། དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་གཡས་རུ་ཁའི་མཁན་པོ་ཡིན་ཚུལ་གསལ་བ་དང་། སྔ་རབས་པས་གཙང་གཙུག་སྡོམ་པ་ལོ་བཅུ་སོང་རྗེས། དྲང་སྲོང་བསྙེན་རྫོགས་ཞེས། དྲང་སྲོང་ཁྲིམས་གནང་སྲོལ་ཡོད་པ་བཅས་ཀྱི་ཤེས་སོ། ཨ་ཁྲིད་རྣམ་ཐར་ནང་དེ་དང་འདྲ་། མཁན་ཉི་མས། མཉམ་མེད་པ་དགུང་ལོ་བཅུའི་སྟེང་། མི་རྟག་ངེས་འབྱུང་ཤར་ཏེ། ཕྱ་བླ་གཡུང་དྲུང་རྒྱལ་མཚན་དྲུང་ནས། བསྙེན་གནས་དགེ་བསྙེན་དགེ་ཚུལ་རབ་བྱུང་སྡོམ་པ་བཞེས་པ་དང་། དེ་ནས་ཕོ་རྩེ་སོགས་བླ་མ་དེ་དག་སྨད་ཕྱོགས་བླ་མ་ཡིན་པར་གསུང་། དགུང་ལོ་བཅུའི་སྟེང་སྡོམ་པ་བཞེས་ཚུལ་ལོ་རྒྱུས་གཞན་དག་གང་ལས་གསལ་མིན་བརྟགས།       གསུམ་པ་མདོ་སྨད་ནས་སྟོད་ཕྱོགས་སུ་བྱོན་དུས་ལ་དཔྱད་པ། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས། དང་པོ་མཁས་གྲུབ་རིན་ཆེན་བློ་གྲོས་ ༼ཞོར་དུ་མཁས་གྲུབ་རིན་བློ་༡༣༤༤་ཤིང་སྤྲེལ་ལོར་འཁྲུངས། ༡༣༥༤ཤིང་རྟ་ལོར། དགུང་ལོ་བཅུ་སྐབས་སམ། དགུང་ལོ་བཅུ་དྲུག་གི་སྐབས་སློབ་དཔོན་གསལ་བ་ཡེ་ཤེས་དྲུང་དུ། གཙང་གཙུག་སྡོམ་པ་བཞེས་ཏེ་ཐོས་བསམ་སྦྱོང་། ༡༣༦༤ཤིང་འབྲུག་ལོར། དགུང་ལོ་ཉི་ཤུ་སྐབས་སམ། ཉི་ཤུ་རྩ་བཞིའི་སྐབས་སུ་རོང་སྟོན་དྲུང་ནས་མཚན་ཉིད་སྦྱོང་༼དེ་ལྟར་བཤད་ཀྱང་། རོང་སྟོན་སྐབས་དེར་སློབ་སྦྱོང་བྱེད་པས་དུས་ཡིན། ༽ནས་ལོ་གསུམ་བཞུགས། དེ་ནས་གཡས་རུ་དབེན་ས་ཁར་བྱོན། གཡང་དྲུང་ཡེ་ཤེས་དྲུང་ནས་རྫོགས་ཆེན་ཞུས། དེ་ནས་སྟོད་སྨད་གང་སར་བྱོན་ནས་སྒོམ་སྒྲུབ་དང་ཉམས་ལེན་མཚད། སྐུ་ཚེའི་སྨད་དུ་ལོ་བྲག་ཏུ་ལོ་དྲུག་བཞུགས་ནས་ཉམས་ལེན་མཛད། ༡༤༠༧མེ་ཕག་ལོར་དགུང་ལོ་དྲུག་ཅུ་རེ་བཞི་ཐོག་མདོ་གམ་༼ཁྱུང་པོའི་ལྷོ་ལམ་ལྷ་དགོན་ཨེ་ཡིན་ནམ་སྙམ།༽ལྷོ་ལམ་ལྷ་དགོན་དུ་འདས་པར་གསལ།སྤྲང་བཙུན་མུ་ལ་རན་ན། ༼ནམ་མཁའ་རིན་ཆེན་ནམ་སྤྲུལ་སྐུ་བློ་ལྡན་གྱིས་མཛད་པ་ཨེ་ཡིན་ནམ་སྙམ་པའི་དཔྱད།༽ ༽ ཀྱི་དྲུང་ནས། མཉམ་མེད་ཆེན་པོའི་སྐུ་ཚེའི་རིང་ཁྲིད་ལུང་དབང་གསུམ་གང་དག་ཐོབ་ཚུལ་དང་། དེ་ནས་རིམ་བཞིན་དུས་ཚོད་དང་ས་ཆ་ཡུལ་ལུང་བཅས་མ་བཤད་པར། མཉམ་མེད་པས་སྔ་ཕྱིར། བླ་མ་གང་དག་བསྟེན་པ་དང་། སྦྱོང་པ་གང་དག་མཛད་པ། འཆད་རྩོད་ཅི་ལྟར་གནང་བ། སློབ་མ་ག་ཚད་སྐྱོང་བ། བཀའ་རྟེན་གང་དག་རྩོམ་པ་བཅས། སྟབས་གཅིག་ཏུ་བཤད་དེ་ནས།༼་་མེ་ཕོ་སྟག་གི་ལོ་དགུང་ལོ་སུམ་ཅུ་སོ་གཅིག་གི་སྟེང་དུ། ཡུལ་དབུས་གཙང་དག་པའི་ཞིང་དུ་ཆག་ཕེབས་སོ།་་༽ཞེས་གསལ་བ་ནི། གཡས་རུ་དབེན་ས་ཁར་སྒྲིགས་ལ་ཞུགས་པའི་ལོ་དུས་ཡིན་པར་བཤད་པ་ལས། སྟོད་དབུས་གཙང་ཕྱོགས་སུ་ཐོག་མར་ཕེབས་པས་ལོ་དུས་མིན་པར་སེམས། གནའ་བོའི་ཞལ་ལུང་ལས་ཆུང་དུས་ནས། སྟོད་ཕྱོགས་སུ་གྲྭ་སར་ཕེབས་ཚུལ་ཙམ་ལས་གསལ་པོར་མ་འཁོད། དེས་ན་མདོ་སྨད་ནས་སྟོད་དུ་ཕེབས་དུས་ནི།    མཉམ་མེད་པ་དགུང་ལོ་བཅུ་བདུན་སྐབས་སུ་ཨེ་ཡིན་སྙམ།     བཞི་པ། ཙོང་ཁ་པ་དང་མཇལ་དུས་ལ་དཔྱད་པ། རྣམ་ཐར་གཞན་གསུམ་ལས་མ་གསལ་ཡང་། མཁན་ཉི་མས། ཡབ་ཡུམ་གྱི་གནང་བ་ཐོབ་ནས། གྲྭ་སར་བྱོན་པས་ལམ་བར། མཉམ་མེད་པ་དང་ཙོང་ཁ་པ་མཇལ་བ་དང་། བསྟོད་ཚིག་འབུལ་རེས་མཛད་པར་གསལ། འདིའི་སྐོར་ཕྲན་ཆུང་དུས་སྟེང་དགོན་མཚམས་རྒན་བཀྲ་རྒྱལ་རིན་པོ་ཆེས། ཕྲན་ལ་གཏམ་རྒྱུད་སྣ་གཉིས་བཤད་གནང་བ་འདིར་འགོད་ན། དང་པོ་ནི། མཉམ་མེད་པ་དང་། ཙོང་ཁ་པ་གཉིས་གྲྭ་ས་འགྲིམས་སྐབས། སྨད་ནས་མཉམ་དུ་འོང་བ་དང་། འབྲི་ཆུ་ཁར་ཞག་གཅིག་གཟིམས་སྐབས། ཙོང་ཁ་པས་གྱོན་གོས་ཀྱིས་ས་གཞི་ཡོངས་སུ་བཀེབས་ཡོད་པར་དམིགས་དུས། མཉམ་མེད་པས། སྤོས་ཐུར་གྱི་མེ་ཡིས་ཙོང་ཁ་པའི་གྱོན་གོས་གང་ས་གང་ནས། བསྲེགས་ཏེ་བུ་ག་མང་པོ་གཏོད་པར་དམིགས་པའི། ཕྱིས་སུ་དགེ་ལུགས་པའི་བསྟན་པ་ག་ཚད་དར་ན་ཡང་། བོན་བསྟན་ཡང་དེ་བཞིན་གང་ས་གང་ལ་ཏོག་ཙམ་ཏོག་ཙམ་དར་བའི་རྟེན་འབྲེལ་འགྲིགས་ནས། དགེ་ལུགས་ཀྱིས་བོན་བསྟན་བསྣུབས་ཀྱང་། བསྣུབས་མི་ཐུབ་པ་རེད་ཟེར། གཏམ་རྒྱུད་གཅིག་ནི། ཕྱི་ཉིན་ཁོང་རྣམ་གཉིས་ཀྱིས་འབྲི་ཆུ་ཁར་རྩལ་འགྲན་མཛད་སྐབས། ཙོང་ཁ་པས་གཟན་གྱིས་འབྲི་ཆུ་ལ་ཟམ་པ་ལྟར་བཀབས་པའི། མཉམ་མེད་པས་སྡིག་མཛུབ་མཛད་པའི་ཙོང་ཁ་པའི་གཟན་གྱིས་འབྲི་ཆུ་ཚད་བརྒལ་ཙམ་ལས། ཆ་ཚང་འགེབས་མ་ཐུབ་པས། མཉམ་མེད་པས་གཟན་གྱིས་ལྷག་མ་དེ་བཀབས་ནས། ཁོང་རྣམ་གཉིས་དེའི་ཐོག་ནས་ཆུ་ཚུར་ཀར་ཕེབས་རྗེས། ཕན་ཚུན་གསོལ་འདེབས་འབུལ་རེས་མཛད་པ་དང་། ནམ་ཞིག་གཅིག་བསྟན་གཅིག་གིས་ཕན་པར་ཞལ་གྱིས་བཞེས་རེས་མཛད་པ་རེད་ཟེར། ཙོང་ཁ་པ་དགུང་ལོ་བཅུ་དྲུག་སྐབས། མདོ་སྨད་ནས་བྱོན་ཏེ། ལམ་བར་དུ་ཆབ་མདོ་དགོན་པ་ཆགས་ས་དེར། ལྷ་ཞིག་གི་ཞལ་མཇལ་ཚུལ་གསལ་བའི། དེ་སྐབས་ཙོང་ཁ་པ་དགུང་ལོ་བཅུ་དྲུག་ཡིན་ན། ཆུ་བྱི་༡༣༧༢་ལོར། མཉམ་མེད་ཆེན་པོ་དགུང་ལོ་བཅུ་བདུན་བཞེས་ཡོད་པའི། སྐབས་དེར་ཁོང་མདོ་ཁམས་ཁུལ་དུ་བཞུགས་ཡོད་དམ། ཡང་ན་ལོ་དེར་རྒྱལ་རོང་ནས་ཡར་ཚ་བ་སྒང་དུ་བྱོན་པ་དཔྱད་དགོས། ཙོང་ཁ་པ་དགུང་ལོ་བཅུ་བདུན་སྐབས། འབྲི་གུང་དུ་ཕེབས་པར་གསལ་ཞིང་དེ་ནས་མདོ་སྨད་ཕེབས་ཚུལ་མ་མཇལ། ཡང་ན་ཁོང་རྣམ་གཉིས་དབུས་གཙང་ཁུལ་དུ་མཇལ་འཕྲད་བྱུང་ཚུལ་སྐོར་དང་། བསྟོད་པ་འབུལ་རེས་བྱས་པས་ཚུལ་ཡང་། རྣམ་ཐར་ཁག་ལས་མ་མཇལ། ལྔ་པ་གྲྭ་ས་གཡས་རུ་དབེན་ས་ཁར་བསྒྲིགས་ལ་ཞུགས་དུས་ལ་དཔྱད་པ། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས།༼་་མེ་ཕོ་སྟག་གི་ལོ་དགུང་ལོ་སུམ་ཅུ་སོ་གཅིག་གི་སྟེང་དུ། ཡུལ་དབུས་གཙང་དག་པའི་ཞིང་དུ་ཆག་ཕེབས་སོ།་་༽ཞེས་པ་ཙམ་ལས་མ་གསལ་ཀྱང་། མཉམ་མེད་རྣམ་ཐར་གནའ་བོའི་ཞལ་ལུང་ལས། ༼་་དགུང་ལོ་སུམ་ཅུ་རྩ་གཅིག་གི་དུས་སུ། གཡས་རུ་དབེན་ས་ཁར་ཕེབས་སྟེ། དུས་དེ་ཙམ་ན་བོན་གྱི་འདུ་གནས་རྒྱལ་རིགས་བྲུ་ཡི་གདན་ས་ཆེན་པོ། གཡས་རུ་དབེན་ས་ཁ་བྱ་བའི་བོན་སྡེ་ཡོད་སྟེ། དང་པོ་ཐང་སྟོད་དུ་དགོན་པ་དུང་སྐད་ཀྱི་ཁྱབ་ཙམ་བྱུང་། དེ་ནས་ཡར་ལ་རྒྱས་པའི་ཐང་མཐའ་ཡན་ཆད་དུ་དགོན་པ་ཆགས་ཏེ། དེ་ཡང་དུང་སྐད་ཀྱི་ཁྱབ་ཙམ་བྱུང་བ་ལ། གླིང་སྟོད་པ་དང་གླིང་སྨད་པར་གྲགས། ཡང་ཡར་ལ་རྒྱས་ནས། གཡས་ངོས་སུ་དུང་སྐད་ཀྱི་ཁྱབ་ཙམ་ཆགས་པའི་གླིང་ཟུར་པ་ཟེར། དེ་ལ་གྲྭ་ས་ཆེན་པོ་གླིང་གསུམ་དུ་གྲགས་ཏེ། བོན་གྱི་བསྟན་པའི་དར་སོ་ཆེན་པོ་ཡོད་སར། དེ་རུ་བཞུགས་ནས་གདན་ས་རིན་པོ་ཆེ་སྐུ་མདུན་རྣམས་དང་། དགེ་རྒན་དབོན་པོ་རྣམས་ལ་གཏུགས་ནས། དབང་ལུང་ལ་སོགས་བཀའ་རྒྱུད་ནོད། སྡེ་སྣོད་ཕྱི་ནང་ཀུན་ལ་མཁས་པར་སྦྱངས། གྲྭ་སའི་རྣམ་ཐར་དང་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དོ།  དབུས་ཀྱི་ན་ལེན་ཏྲ་རུ་བྱོན་ནས་། རང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ། ཕར་ཕྱིན་མངོན་པ་དབུ་ཚད་སོགས། གཞན་སྡེའི་གཞུང་ལུགས་རབ་འབྱམས་མཁྱེན་པར་མཛད། དེ་ནས་གཡས་རུ་དབེན་ས་ཁར། བོན་གྱི་འཁོར་ལོ་བསྐོར་ནས། གདུལ་བྱ་དཔག་ཏུ་མེད་པ་ཞིག་སྨིན་གྲོལ་ལ་བཀོད། རེ་ཞིག་དུས། དྲིན་ཅན་ཕ་མའི་ཐུགས་དང་མི་འགལ་བའི་ཕྱིར། སྐུ་མདུན་ཁྲི་གོང་ཟུར་གཉིས་དང་སྤྱི་པ་ལ་དགོངས་ཞུས་བྱས་ནས། སློབ་མ་རིན་ཆེན་རྒྱལ་མཚན་ཆགས་ཕྱིར་ཁྲིད་ནས་ཕ་ཡུལ་དུ། ཡབ་ཡུམ་དང་མཇལ་བར་བྱོན།་་༽ཞེས་འཁོད་ཨ་ཁྲིད་རྣམ་ཐར་དུ་དེ་དང་གཅིག་པར་གསུང་། མཁན་ཉི་མ་དང་དཔལ་ཚུལ་གྱིས། ༼་་དགུང་ལོ་སུམ་ཅུ་སོ་གཅིག་སྟེང་། འདུ་གནས་ཆེན་པོ་དབེན་ས་ཁར། སྒྲིག་ཞུགས་མཛད་ནས་ཐོས་བསམ་སྦྱངས།་་༽ཞེས་གསུང་པ་ལྟར་དུ་ངེས་སོ་སྙམ། དྲུག་པ་དྲང་སྲོང་ཁྲིམས་ཆེན་བསྙེན་རྫོགས་སྡོམ་པ་བཞེས་དུས་ལ་དཔྱད་པ། གནའ་བོའི་ཞལ་ལུང་དང་། ཨ་ཁྲིད་རྣམ་ཐར་ལས་ཚ་བ་སྒང་དུ་མཁས་གྲུབ་རིན་བློ་མ་མཇལ་གོང་ནས། ལྷོ་སྟོད་དུ་ཚུལ་ཡེའི་དྲུང་དུ་བསྙེན་རྫོགས་སྡོམ་པ་བཞེས་པར་གསུང་པ་ནི།  མ་ངེས་ཏེ། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས། དགུང་ལོ་སོ་གཅིག་ཐོག་དབུས་གཙང་དུ་ཕེབས་རྗེས། ༼་་ལྷོ་སྟོད་ནས་གཡུང་དྲུང་ཤེས་དངོས་ཀྱི་མཁན་བུ། དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་ཀྱིས་དྲུང་དུ། མཁན་སློབ་དཔང་པོ་ལོ་ཙ་བ་དང་། གཞན་ཡང་བཤེས་གཉེན་དམ་པ་དྲང་སྲོང་བཅུ་ཕྲག་ཙམ་གྱིས་དབུས་སུ། བསྙེན་པ་རྫོགས་པས་སྡོམ་པ་ལེགས་པར་མནོས་སོ།་་༽ཞེས་གསལ་ལ། དེ་བཞིན་མཁན་ཉི་མས་གཡས་རུ་དབེན་ས་ཁར་སྒྲིགས་ལ་ཞུགས་པས་རྗེས་སུ། ཚུལ་ཡེའི་དྲུང་ནས་བསྙེན་པ་རྫོགས་པར་བཞེད་པ་ལྟར་དུ་ངེས་སོ་དྲན། བདུན་པ་རོང་སྟོན་མཇལ་དུས་ལ་དཔྱད་པ། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས། ༼་་རོང་སྟོན་ཆེན་པོའི་དྲུང་དུ་། ཚད་མ་རྣམ་འགྲེལ་ལ་སོགས། བསྟན་བཅོས་མང་དུ་གསན་ཞིང་། ལུགས་དེ་ལ་བསྟན་པའི་ཆོས་ལ་མཁས་པར་མཛད་དོ།་་༽ཞེས་པ་ཙམ་ལས་དུས་ཚོད་དང་ས་གནས་མ་གསལ་ཀྱང་། གནའ་བོའི་ཞལ་ལུང་ལས། གོང་དུ་དྲང་པ་ལྟར། གཡས་རུ་དབེན་ས་ཁར་སྒྲིགས་ལ་ཞུགས་རྗེས་སུ། ན་ལེན་ཏྲར་རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ། ཕར་ཕྱིན་དབུ་ཚད་སོགས། གཞན་སྡེའི་གཞུང་ལུགས་རབ་འབྱམས་མཁྱེན་པར་མཛད། ཅེས་གསལ་ལ། ཨ་ཁྲིད་རྣམ་ཐར་དུ་འང་། དང་པོ་གཡས་རུ་དབེན་ས་ཁར་སྒྲིགས་ལ་ཞུགས་ནས་སློབ་སྦྱངས་གནང་བ་དང་། དེ་ནས་དབུས་ཀྱི་ན་ལེན་ཏྲར་རོང་སྟོན་ཤེས་བྱ་ཀུན་རིག་གི་དྲུང་དུ་གཞན་སྡེའི་ཚད་མ་སོགས་ལ། སློབ་སྦྱངས་གནང་ཚུལ་གསལ་ཡང་། མཁན་ཉི་མས།༼་་དེ་ནས་ཚ་བ་སྒང་སྟོད་དུ། མཁས་གྲུབ་རིན་ཆེན་བློ་གྲོས་མཇལ། རྩེ་གཅིག་མོས་པས་ཕྱག་ཕྱིར་འབྲེང་། ཕྱི་ནང་གསང་བ་ཡང་གསང་གི ལག་ལེན་དབང་ལུང་ཁྲིད་ཐམས་ཅད། བུམ་པ་གང་བྱོའི་ཚུལ་དུ་ཐོབ། དེ་ནས་དབུས་ཀྱི་ན་ལེན་ཏྲར། རོང་སྟོན་ཤེས་བྱ་ཀུན་རིག་མདུན། ཕར་ཚད་འདུལ་མངོན་དབུ་སྡོམ་གྱིས། གཞུང་ལུགས་ཀུན་ལ་ཐོས་བསམ་སྦྱངས། གསང་ཕུ་ལ་སོགས་དབུས་གཙང་གི་ རྩོད་གྲྭ་ཀུན་ལ་དམ་བཅའ་མཛད། སྒྲུབ་དང་སུན་འབྱིན་ཚར་གཅོད་གྱིས། རྒོལ་བའི་ཚོགས་ལས་རྣམ་གསལ་ཏེ། རབ་འབྱམས་ཆེན་པོར་མཚན་བཏག་མཛད། དགུང་ལོ་སུམ་ཅུ་སོ་གཅིག་སྟེང་། འདུ་གནས་ཆེན་པོ་དབེན་ས་ཁར། སྒྲིགས་ཞུགས་མཛད་ནས་་ཐོས་བསམ་སྦྱངས། མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་སོགས། དྲང་སྲོང་རྨ་མེད་བཅུ་ཕྲག་དྲུང་། དྲང་སྲོང་བསྙེན་རྫོགས་སྡོམ་པ་བཞེས།་་༽ཞེས་གསུང་ཡོད་པ་དང་། དཔལ་ཚུལ་བསྟན་འབྱུང་ལས། ༼དེ་ནས་དབུས་ཀྱི་གསང་ཕུ་ནེའུ་ཐོག་ཕེབས། ༼གསང་ཕུ་དགོན་པ་། རྔོག་ལོ་ཙྰ་བ་ལེགས་པའི་ཤེས་རབ་ཀྱི་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་༡༠༧༣ལོར་ཕྱག་བཏབ་པའི་ལྷ་སའི་ཉེ་རྒྱུད་ཀྱི་མཚན་ཉིད་སློབ་གཉེར་བྱེད་པའི་གྲྭ་ས་སྔ་ཤོས་ཡིན། གསང་ཕུ་དགོན་པ་ལ། ནང་གསེས་གླིང་སྟོད་དང་གླིང་སྨད་གཉིས་ལས། གླིང་སྟོད་ཁོངས་སུ་སྦེ་སེར། ཉི་མ་ཐང་། རྣམ་རྒྱལ་གསེར་རྙིང་པ། ར་བ་སྟོད་དང་། ར་བ་སྨད། དྭགས་པོ་གྲྭ་ཚང་བཅས་ལས་གྲུབ་པ་ཡིན། ཞེས་འཁོད། ༽རོང་སྟོན་ཆེན་པོ་ཤེས་བྱ་ཀུན་མཁྱེན་ལས། དབུ་ཚད་ཕར་ཕྱིན་འདུལ་མངོན་བཅས་པ་ཡི། མཚན་ཉིད་གཞུང་ལུགས་ཀུན་ལ་ཐོས་བསམ་སྦྱང་། ལུང་རིགས་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར། དེ་ནས་དགུང་ལོ་སོ་གཅིག་བཞེས་པའི་དུས། གཙང་དུ་བྱོན་ནས་གཡས་རུ་དབེན་ས་ཁའི། སྒྲིགས་ཞུགས་མཁན་པོ་ཚུལ་ཁྲིམས་ཡེ་ཤེས་ལས། དྲང་སྲོང་ཉིས་བརྒྱ་ལྔ་བཅུའི་སྡོམ་ཁྲིམས་བཞེས། འདུལ་ཁྲིམས་བསླབ་པ་མིག་གི་འབྲས་བཞིན་བསྲུང་༽ཅེས་གསུངས། མཉམ་མེད་པ་དགུང་ལོ་སོ་གཅིག་སྔོན་དུ། འཕན་པོ་ན་ལེན་ཏྲ་ཕྱག་བཏབས་མེད་ལ། མཉམ་མེད་པ་གསང་ཕུ་ནེའུ་ཐོག་ཏུ་ལོ་གསུམ་བཞུགས་པས་དབང་དུ་བྱས་ན། ཕེབས་ཕྱི་ཤོས་ལའང་།  ༡༣༨༣ཆུ་ཕག་ལོར། མཉམ་མེད་པ་དགུང་ལོ་ཉེར་བརྒྱད་སྐོར་དུ་ཡིན་དགོས། མཉམ་མེད་པ་དགུང་ལོ་ཉེར་བརྒྱད་སྐབས། གསང་ཕུ་ནེའུ་ཐོག་ཏུ་ཕེབས་ནས། རོང་སྟོན་མཇལ་བའི་དབང་དུ་བྱས་ཀྱང་། སྐབས་དེར་རོང་སྟོན་དགུང་ལོ་བཅུ་བདུན་ལྷག་ཙམ་ལས་ཕེབས་མེད་ལ། རོང་སྟོན་གྱི་དཔེ་ཁྲིད་མཛད་སྔ་ཤོས་ཀྱི་དབང་དུ་བྱས་ནའང་། རོང་སྟོན་དགུང་ལོ་ཉེར་གཉིས་སྐབས་ཏེ། ༡༣༨༩ལོར། དཔེ་ཁྲིད་ཅུང་ཙམ་མཛད་པར་བཤད་ཅིང་། དེའི་ན་མཉམ་མེད་པ་དགུང་ལོ་སོ་གཅིག་མ་ཕེབས་པའི་སྔོན་དུ། གསང་ཕུ་ནེའུ་ཐོག་ཏུ་མཚན་ཉིད་བཤད་གྲྭ་དང་། དཔེ་ཁྲིད་སློབ་དཔོན་གཞན་དག་བཞུགས་ཡོད་པ་མ་གཏོགས།  རོང་སྟོན་དྲུང་དུ་མཚན་ཉིད་སྦྱོང་མེད་པར་ངེས་སོ་སྙམ།
ཕྲན་གྱིས་དཔྱད་པས་མཐའ་བསྡོམ་ལ། དང་པོ་མཁས་གྲུབ་རིན་བློ་སོགས། བན་བོན་བླ་མ་མང་པོ་མཇལ། དེ་ནས་དགུང་ལོ་སོ་གཅིག་ཐོག་གཡས་རུ་དབེན་ས་ཁར་སྒྲིགས་ལ་ཞུགས། དེ་ནས་བསྙེན་རྫོགས་སྡོམ་པ་བཞེས་ཏེ་སློབ་སྦྱོངས་གནང་། སྐབས་དེ་ཤད་དུ་གསང་ཕུ་ནེའུ་ཐོག་སོགས་སུ། རོང་སྟོན་དྲུང་ནས་མཚན་ཉིད་ཕར་ཚད་དབུ་མ་སོགས། མཁས་གྲུབ་རིན་བློ་བཞིན་ལོ་གསུམ་ཙམ་སྦྱོང་། དེའི་སྐོར་སླར་ཡང་རྗེ་ཙོང་ཁ་པ་དང་མཇལ་འཕྲད་བྱུང་། སྐབས་དེར་སྙེ་ཐང་བདེ་བ་ཅན། འབྲས་ཡུལ་སྐྱེད་ཚལ། ར་བ་སྟོད་སོགས་བན་བོན་དགོན་པ་འགའ་ལ། གྲྭ་བསྐོར་ཕེབས་ནས། རྩོད་གྲྭ་འགའ་ལ་དམ་བཅའ་བཞུགས་ཏེ་རྩོད་པ་མཛད།  དེ་ནས་གཡས་རུ་དབེན་ས་ཁར་མཁན་པོའི་འགན་བཞེས་ཏེ། དཔེ་ཁྲིད་མཛད་བཞིན་བཞུགས་ཏེ་སློབ་ཚོགས་བསྐྱངས། དེ་ནས་ཡབ་ཡུལ་དུ་ཕེབས། དེ་ནས་གདན་ས་སྨན་རི་ཆགས་བཏབ་པར་འདོད་དོ།  ༼་་བོན་པོའི་ནང་དུ་རོང་སྟོན་ཤེས་བྱ་ཀུན་མཁྱེན། བན་གྱི་ནང་དུ་རོང་སྟོན་ཤེས་བྱ་ཀུན་རིག། ཡང་ཁ་ཤས་ལ་རོང་སྟོན་ཤེས་བྱ་ཀུན་གཟིགས། ཆེ་བསྟོད་ལ་ཀུན་མཁྱེན་རོང་སྟོན་པ། རོང་སྟོན་སྨྲ་བའི་སེང་གེ་རོང་སྟོན་ཆོས་རྗེ། རོང་སྟོན་ཤྰཀྱ་རྒྱལ་མཚན་བཅས་སུ་གྲགས་པ་ཁོང་ནི། འཁྲུངས་ལོ་གསུམ་ལས། བོན་ལུགས། ཤིང་བྱ་༡༣༤༥དང་། བན་ལུགས་ཡོངས་གྲགས་མེ་ལུག་༡༣༦༧་ལོར། ཡབ་བོན་པོ་གེ་ཁོད་རྒྱལ་པོ་དང་། ཡུམ་རྒྱ་གར་སྨན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུ་ཡབ་ཀྱི་དྲུང་དུ་བོན་ལ་སྦྱོངས། ༡༣༨༤ཤིང་བྱི་ལོར་དགུང་ལོ་བཅོ་བརྒྱད་པར། གསང་ཕུ་གླིང་སྟོད་རིན་ཆེན་རྣམ་རྒྱལ་གྱི་དྲུང་དུ་བྱང་སྡོམ་བཞེས། ཀོང་སྟོན་བློ་གྲོས་དབང་ཕྱུག་གི་དྲུང་དུ། ཕར་ཚད་དབུ་གསུམ་སྦྱོངས། སྐྱོར་མོ་ལུང་གི་མཁན་ཆེན་བཀའ་བཞི་བ་དང་། འཕན་ཡུལ་གྲོ་བའི་མཁས་པ། དམར་སྟོན་པ་ལ་འདུལ་བ། ཐང་ཟག་སྤྲུལ་སྐུ་གཞོན་ནུ་རྒྱལ་མཚན་ལ། དབུ་མ་ཐལ་འགྱུར་ཞུས། ལོ་པ་ཤྰཀྱ་རིན་ཆེན་གྱི་དྲུང་དུ་མངོན་པ་སྦྱངས། ༡༣༨༩ས་སྦྲུལ་ལོར། དགུང་ལོ་ཉི་ཤུ་རྩ་གཉིས་པར་གྲོ་ས་མཁན་ཆེན་ཀུན་དགའ་རྒྱལ་མཚན་དང་། དམར་སྟོན་གྱི་དྲུང་དུ་བསྙེན་པ་རྫོགས། མཚན་ཤྰཀྱ་རྒྱལ་མཚན་གསོལ། ལོ་འདི་ནས་ཚད་མ་རྣམ་ངེས་སོགས། འཆད་པ་དབུ་གཙུག་༡༣༩༣་ཆུ་བྱ་ལོར། དགུང་ལོ་ཉི་ཤུ་རྩ་བདུན་པར། མཁས་ཆེན་གཡག་སྡེ་མཇལ་ཏེ། ས་ལུགས་ཀྱི་མདོ་ཞུས། ཐེག་ཆེན་ཆོས་རྗེ་ལས་གསང་སྔགས་སོགས་ཟབ་དོན་བཞེས། འདིའི་སྐོར་ནས་མཚན་ཉིད་སོགས་དཔེ་ཁྲིད་ནར་མར་བསྐྱངས།  དགུང་ལོ་རེ་དགུ་པ། ཤིང་ཡོས་༡༤༣༥ལོར། འཕན་པོ་ནྰ་ལེན་ཏྲའི་ཆོས་གྲྭ་བཏབ། དགུང་ལོ་བརྒྱད་ཅུ་གྱ་གསུམ་རབ་བྱུང་བརྒྱད་པའི་ས་སྦྲུལ་༡༤༤༩ལོར་འདས། བོན་ལུགས་ཀྱི་མཁས་པ་འགས། རོང་སྟོན་ཤེས་བྱ་ཀུན་མཁྱེན་ཞེས་པ་དང་། རོང་སྟོན་ཤེས་བྱ་ཀུན་རིག་ཅེས་པ་གཉིས་སུ་ཡོད་པ་འདོད་མཁན་སྣང་མོད་ཀྱང་། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་དཔེ་གཟུགས་བྲིས་མ་གཉིས་ལས། ༼་་རོང་སྟོན་ཆེན་པོའི་དྲུང་དུ་ཚད་མ་རྣམ་འགྲེལ་ལ་སོགས། བསྟན་བཅོས་མང་དུ་གསན།་་༽ཞེས་པ་ཙམ་ལས། མི་གསལ་ལ། མཁན་ཉི་མས་མཛད་པའི། མཉམ་མེད་རྣམ་ཐར་མདོར་བསྡུས་པད་མོ་སྟོང་ལྡན། དཔེ་གཟུགས་བྲིས་མ་གཉིས་ལས། ༼་་ དེ་ནས་དབུས་ཀྱི་ན་ལེན་ཏྲར། རོང་སྟོན་ཤེས་བྱ་ཀུན་རིག་མདུན།་་༽ཅེས་གསལ་བས་མ་ཚད། ཨ་ཁྲིད་བླ་རྒྱུད་ཀྱི་རྣམ་ཐར་ནང་གི་མཉམ་མེད་རྣམ་ཐར་ལས། ༼་་དེ་ནས་དབུས་ཀྱི་ན་ལེན་ཏྲར་བྱོན་ཏེ། རོང་སྟོན་པ་ཤེས་བྱ་ཀུན་རིག་གི་དྲུང་དུ། ཕར་ཕྱིན་མངོན་པ་དབུ་ཚད་ལ་སོགས། གཞན་སྡེའི་གཞུང་ལུགས་ལ་མཁྱེན་པར་མཛད།་་༽ཅེས་གསལ་བས། མཉམ་མེད་པས་རོང་སྟོན་ཤེས་བྱ་ཀུན་རིག་དྲུང་ནས་ཕར་ཕྱིན་སོགས། སྦྱོང་ཡོད་པ་མངོན་གསལ་རེད། མཉམ་མེད་རྣམ་ཐར་གནའ་བོའི་ཞལ་ལུང་དེབ་གཟུགས་འགའ་དང་དཔེ་གཟུགས་བྲིས་མ་གཉིས་ལས།༼་་དབུས་ཀྱི་ན་ལེན་ཏྲ་རུ་བྱོན་ནས། རང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ། ཕར་ཕྱིན་མངོན་པ་དབུ་ཚད་སོགས། གཞན་སྡེའི་གཞུང་ལུགས་རབ་འབྱམས་མཁྱེན་པར་མཛད།་་༽ཅེས་རོང་སྟོན་ཤེས་བྱ་ཀུན་མཁྱེན། མཉམ་མེད་པས་དབུས་ཀྱི་ན་ལེན་ཏྲ་རུ་མཇལ་བར་བཤད་མོད། བན་ཀྱི་ན་ལེན་ཏྲའི་ལོ་རྒྱུས་སོགས་ལས།  རོང་སྟོན་ཤྰཀྱ་རྒྱལ་མཚན་ནམ། རོང་སྟོན་ཤེས་བྱ་ཀུན་རིག་ཅེས་པ་ཞིག་ལས། རོང་སྟོན་ཤེས་བྱ་ཀུན་མཁྱེན་ཞེས་པ་ཞིག་རྙེད་དུ་མེད་ལ། མཁན་ཉི་མས་མཛད་པའི་མཉམ་མེད་རྣམ་ཐར་མདོར་བསྡུས། པད་མོ་སྟོང་ལྡན་སོགས་ལས། སྐབས་རེ་རོང་སྟོན་ཤེས་བྱ་ཀུན་མཁྱེན་དང་། སྐབས་རེ་རོང་སྟོན་ཤེས་བྱ་ཀུན་རིག་ཅེས་བྲིས་པ་ལས་ཀྱང་། དེ་གཉིས་གང་ཟག་གཅིག་གི་མིང་ཡིན་པར་ཤེས་པས། རོང་སྟོན་ཤེས་བྱ་ཀུན་མཁྱེན་ནི། རོང་སྟོན་ཤེས་བྱ་ཀུན་རིག་གི་མཚན་གྱི་རྣམ་གྲངས་ཙམ་ལས། མི་གཅིག་ཡིན་པར་ངེས་ཏེ། རོང་སྟོན་ཤེས་བྱ་ཀུན་རིག་ལ། བན་དྷེའི་ཀྱང་ཀུན་མཁྱེན་ཞེས་འདོགས་ཏེ། ཀུན་མཁྱེན་རོང་སྟོན་པའི་གསུང་འབུམ་ཞེས་པ་ལྟ་བུའོ། མཉམ་མེད་རྣམ་ཐར་ཁག་ལས་ཀུན་མཁྱེན་དང་། ཀུན་རིག་གི་ཁྱད་པར་ཙམ་ལས། ན་ལེན་ཏྲ་ཟེར་བ་དང་། རོང་སྟོན་ཟེར་བ་དང་། སྦྱོང་བྱའི་ཆོས་ཚན་སོགས་གཅིག་པར་འབྱུང་བ་ལས་སོགས། བརྟགས་ཤིང་གཞིགས་ན། གང་ཟག་གཅིག་ཡིན་པར་ཤེས་ངེས་དང་། གང་ཟག་གཉིས་ཡིན་པའི་ཐེ་ཚོམ་སེལ་ནུས་སོ། ཕྱིས་སུ་རྣམ་ཐར་བརྩམས་སྐབས། རོང་སྟོན་པས་ཕྱག་བཏབས་པའི་དགོན་པ་ན་ལེན་ཏྲ་ཡིན་པའི་དོན་གྱི། མཉམ་མེད་པ་ན་ལེན་ཏྲ་རུ། རོང་སྟོན་དྲུང་དུ་ཚད་མ་སོགས་སྦྱོང་པར་བཤད་པ་ཙམ་ལས། དོན་དུ་ ཙོང་ཁ་པ་སོགས་དང་ལྷན་དུ། གསང་ཕུ་ནེའུ་ཐོག་དང་། སྙེ་ཐང་བདེ་བ་ཅན། འབྲས་ཡུལ་སྐྱེད་ཚལ། ར་བ་སྟོད་དང་བཅས་སུ་མཚན་ཉིད་སྦྱོང་དུ་གང་སར་བྱོན་ཡོད་པར་སེམས་སོ།། 
བརྒྱད་པ་གདན་ས་སྨན་རི་ཕྱག་བཏབ་དུས་ལ་དཔྱད་པ། དང་པོ་སྡེ་པ་རིན་སྤུངས་པའི་སྐོར། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས།༼དེ་ཡང་འདི་ལྟར་སྤྱིར་ཡང་དབུས་གཙང་ཁམས་གསུམ་ཀུན་ནས་སྡེ་པ་མང་པོས། དགོན་སྡེ་རྣམས་སུ་བཞུགས་པར་ཞུས་པ་དང་། སའི་དམིགས་རེ་ཕུལ་ནས་དགོན་པ་འདེབས་པའི་ཞུ་བ་མང་དུ་ཕུལ་ཡང་ཐུགས་མ་བཞེད།༽ཅེས་དང་ཡང་དེར་ལས། ༼དགོན་པ་རྣམས་ལ་ཀ་བར་གཉིས་པའི་ས་དང་། གཉིས་ཐོག་མཛད་པར་ཞུས་ཀྱང་མ་བཞེད། ང་རང་སྡེ་པའི་ལུགས་སུ་མི་བྱེད། བདེ་བདེ་སྐྱིད་སྐྱིད་འདྲ་བ་ཁོ་ན་མི་འོང་། བྱ་བྲལ་གྱི་འཆད་ཉན་ཡིན་པས། སློབ་གཉེར་བ་ཁོ་ན་གཅིག་ལ་གཉིས་པ་ཙམ་གྱི་ཁང་ཆུང་ཙམ་གྱིས་ཆོག་གསུངས། གཞིས་ཀ་རིན་སྤུངས་པ་ལྟ་བུ་ཡོན་བདག་བྱེད་པར་འདུག་ཀྱང་མི་དགོས་གསུངས་སོ། ༽ཞེས་དང་། མཁན་ཉི་མས།༼ཁྱད་པར་བསྟན་འགྲོའི་དོན་ཆེད་དུ། རི་ཁྲོད་དགོན་སྡེ་བཏབ་པར་དགོངས། རིན་སྤུངས་རྒྱལ་རྩེའི་ཆོས་རྒྱལ་སོགས། རྒྱལ་ཕྲན་སྦྱིན་བདག་ཚོགས་རྣམས་ཀྱིས། ས་ཡི་མིང་སྟེར་ཕུལ་ནས་ཀྱང་། དགེ་སྡོང་བྱེད་པར་ཁས་བླངས་ནས། དགོན་པ་འདེབས་པའི་ཞུ་ཕུལ་ཀྱང་། ཞལ་གྱིས་མ་བཞེས་མཁའ་འགྲོ་ཡིས། ལུང་བསྟན་ཇི་བཞིན་མཛད་པར་དགོངས།༽ཞེས་སྡེ་པ་རིན་སྤུངས་པ་དང་འབྲེལ་བ་ཡོད་པར་གསལ་མོད། ཐོག་མར་སྡེ་པ་རིན་སྤུངས་པའམ། སྒེར་ནམ་མཁའ་རྒྱལ་མཚན་ནི། ས་བྱི་ཕྱི་ལོ་༡༤༠༨་ལོར། ཕག་གྲུའི་སྡེ་སྲིད་གྲགས་པ་རྒྱལ་མཚན་གྱི་མཐོང་ཆེན་ཐོབ་ནས། རིན་སྤུངས་དུ་ཡོང་། ཕྱི་ལོ་ས་གླང་༡༤༠༩་ལོར། ཕག་གྲུའི་སྡེ་སྲིད་གྲགས་པ་རྒྱལ་མཚན་གྱིས། སྒེར་ནམ་མཁའ་རྒྱལ་མཚན་རིན་སྤུངས་རྫོང་གི་རྫོང་དཔོན་དང་། གཙང་ཆུ་མིག་རིང་མོའི་ཁྲི་དཔོན། ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་གཉེར་བཅས། རིམ་པའི་བསྐོ་བཞག་གནང་བ་ནས་བཟུང་། སྒེར་གདུང་རྒྱུད་རིམ་བྱོན་ལ། རིན་སྤུངས་པ་ཞེས་མིང་་ཐོགས་པར་གྱུར། རིན་སྤུངས་ནི་ས་མིང་སྟེ། སྔར་བོད་རྫོང་ཆེན་བཅུ་གསུམ་གྱི་ནང་ཚན། དེང་གི་རིན་སྤུངས་རྫོང་ཁུལ་འདི་ཡིན། རིན་སྤུངས་པའི་སྲིང་མོ་ཞིག་ཕག་གྲུའི་སྡེ་སྲིད་ལྔ་པར་རྗེ་མོ་ཕུལ། ཕྱི་ལོ་༡༤༣༢་ལོར། རིན་སྤུངས་པའི་སྲིང་མོ་ཀུན་དགའ་དཔལ་འཛོམས་ལ། ཕག་གྲུའི་སྡེ་སྲིད་དྲུག་པ། གྲགས་པ་འབྱུང་གནས་འཁྲུངས་པ་ནས་བཟུང་། སྡེ་པ་རིན་སྤུངས་པ་དབང་ཤུགས་དར་བའི་འགོ་ཚུགས་པར་གསལ། དེས་ན་སྒེར་པ་ནམ་མཁའ་རྒྱལ་མཚན་ལ། སྡེ་པ་རིན་སྤུངས་པ་ཞེས་མིང་མ་ཐོགས་གོང་ནས། རྗེ་མཉམ་མེད་པར་ས་མིག་འབུལ་རྒྱུ་ཡོད་མི་སྲིད་དེ། སྒེར་པ་ནམ་མཁའ་རྒྱལ་མཚན་དང་ཐོག་ལྷོ་ཁའི་སྣེ་གདོང་ཕྱོགས་སུ་ཡོད་པར་གསལ་བའི་ནའོ། དེའི་ན་འདི་ཡང་དཔྱད་གཞི་ཆེའོ་སྙམ།       གཉིས་པ་སྨན་རི་དངོས་སུ་ཕྱག་དུས་སྐོར། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས།༼་་དེ་ནས་རྗེ་ཉིད་དགུང་ལོ་ལྔ་བཅུའི་སྟེང་དུ། སྨན་རི་བཏབ་ནས་ལོ་སྐོར་གཅིག་ཙམ་བར་དུ། གནས་དེ་ཉིད་དུ་ཞབས་བརྟེན་པར་བཞུགས་སོ།་་༽ཞེས་སམ། ཡང་ན་༼་་དེ་ནས་རྗེ་ཉིད་དགུང་ལོ་ལྔ་བཅུའི་སྟེང་དུ། སྨན་རི་བཏབ་ནས་ལོ་སྐོར་བཅུ་གཅིག་ཙམ་བར་དུ། གནས་དེ་ཉིད་དུ་ཞབས་བརྟེན་པར་བཞུགས་སོ།་་༽ཞེས་རྣམ་་ཐར་གཅིག་ལ་དཔེ་མི་འདྲ་བ་ལས། ལོ་སྐོར་གཅིག་ཙམ་དང་། ལོ་སྐོར་བཅུ་གཅིག་ཙམ་ཟེར་བ་མི་འདྲ་བར་འབྱུང་མོད། དོན་ལ་གོང་མ་ལྟར་ན། ལོ་བསྐོར་གཅིག་སྟེ་ལོ་བཅུ་གཉིས་དང་། འོག་མ་ལྟར་ན་ལོ་བཅུ་གཅིག་ཙམ་ལ། གར་ཡང་མ་ཕེབས་པར་སྨན་རི་རང་དུ་བཞུགས་པར་བསྟན་སྙམ་པས། དེས་ན་ལོ་དགུང་ལོ་དྲུག་ཅུར་འདས་ན། སྨན་དགོན་ཕྱག་བཏབས་ནས་ལོ་བཅུ་སོང་མཚམས་འདས་པར་བཤད་པ་དང་འགལ་འདུ་འབྱུང་ངོ་།  དགུང་ལོ་ལྔ་བཅུ་ཤིང་མོ་བྱ་ཡི་ལོ་ལ་བཀྲ་ཤིས་སྨན་རི་ཆགས་བཏབ་པར། རྣམ་ཐར་ཁག་མང་ཆེ་བ་གཅིག་འགྱུར་ཡིན། དགུ་པ། མཉམ་མེད་པ་སྐུ་གཤེགས་དུས་ལ་དཔྱད་པ། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས། ༼་་རྗེ་རིན་པོ་ཆེ་མེ་ཕོ་སྤྲེའུ་ལོ་ཡིན་པའི། དགུང་ལོ་དྲུག་ཅུའི་སྟེང་དུ། ཤིང་མོ་ལུག་གི་ལོ་དབྱར་ཟླ་འབྲིང་པོའི་མར་ངོ་ལ། བླ་བྲང་དུ་བསྒྲུབ་པ་མཛད། ཐ་ཆུང་གི་དཀར་ངོའི་ཚེས་གཅིག་ནས། རྗེ་ཉིད་ཀྱིས། ཆུ་འགོ་ན་འགྲོ་དགོས་གསུང་ནས། སློབ་མ་འགའ་ལ། སྙན་རྒྱུད་ཀྱི་ཐུན་གཙུག་ཏེ། གཟིམ་ཐེར་ཕུག་ནས་བཞུགས་སོ།་་༽ཞེས་གསུང་པ་ལྟར། དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་བར་དུ། རྫོགས་ཆེན་ཞང་ཞུང་སྙན་རྒྱུད་ཀྱིས་ཁྲིད་ཀ་གནང་། ཚེས་བརྒྱད་ཀྱི་ཉི་ཤར་ལ་སྐུ་གཤེགས་པར། རྣམ་ཐར་ཁག་གཅིག་འགྱུར་ཡིན། བཅུ་པ། སྐུ་གདུང་བཞུ་དུས་ལ་དཔྱད་པ། གྲགས་པ་རྒྱལ་མཚན་ཅན་རྣམ་ཐར་པད་མོའི་ཕྲིང་བ་ལས། ༼་་དེ་ནས་དགོངས་ཞག་བཞི་བཅུའི་བར་དུ། ཉིན་རེ་བཞིན་དུ། མང་ཇ་གསུམ་རེ་ཙམ་དང་། མཆོད་པའི་བྱེ་བྲག་མང་དུ་ཕུལ་ལོ། ཕྱིར་བྱ་ལོ་ལ་སྤུར་བཞུས་ཏེ། རྟེན་རིང་སྲིལ་མང་དུ་བྱོན་ནོ།་་༽ཞེས་གསུང་ལ། མེ་ཕོ་སྤྲེའུ་ལོ། དུས་ཁྱད་པར་ཅན་ལ་སྐུ་འཁྲུངས་སོ།་་༽ མཁན་ཉི་མས། ༼་་དེ་ནས་དགུ་ཟླ་གསུམ་གྱི་བར། ཕྱག་བསྐོར་མཆོད་པ་གྲངས་མེད་ཕུལ། ཧོར་ཟླ་དང་པོའི་ཚེས་ལྔ་འམ། འདུལ་རྩིས་ཚེས་པ་བརྒྱད་ཀྱི་ཉིན། གདུང་བསྲེགས་ལས་བཞི་རྒྱུན་ལྔ་དང་།་ ཀློང་རྒྱས་དཀྱིར་འཁོར་ཞལ་ཕྱེས་ཏེ། སྐུ་གདུང་ཞུགས་ལ་བཞེན་ཙམ་ན།་་༽ཞེས་གསུང་པར་དཔྱད་ན། སྐུ་གཤེགས་པའི་དུས་ཚོད་དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ནས་བརྩིས་པས། དགུན་ཟླ་གསུམ་མཚམས་ཧོར་ཟླ་དང་པོ་འཁེལ་་ཐབས་མེད་པའི། སྐུ་གཤེགས་པས་དུས་ཀྱི་དབྱར་ཟླ་ཐ་ཆུང་དེ། འདུལ་རྩིས་ལྟར་ན། དབྱར་ཟླ་ཐ་ཆུང་ཡིན་པའི་ཧོར་ཟླ་བདུན་པའི་ཚེས་བརྒྱད་ལ་སྐུ་གཤེགས་པ་དང་། དེ་ནས་ཞག་གསུམ་དྲོས་བཞི་ཚེས་བཅུ་གཅིག་ཉིན་ནས་དགུང་ཞག་ཞེ་དགུ་རྩིས་ན། ཧོར་ཟླ་དགུ་པའི་ཚེས་གཅིག་ཉིན། ཞེ་དགུ་ཚང་། དེ་ནས་དགུན་ཟླ་གསུམ་རྩིས་ན། ཧོར་ཟླ་བཅུ་གཉིས་ཚེས་གཅིག་ཉིན་ཟླ་བ་གསུམ་ཚང་ནས། སྟོན་པ་གཤེན་རབ་སྐུ་འཁྲུངས་པའི་དུས་ཆེན་དང་བསྟུན་ནས། ཚེས་བཅོ་ལྔ་ཉིན་སྐུ་གདུང་བཞུས་ཡོད་དམ་སྙམ། འདི་དག་ནི་ཕྲན་གྱི་བསམ་ཚུལ་ཙམ་ཞུས་པ་ལགས་སོ། དྲྭ་གྲོགས་འགས། རོང་སྟོན་ཤེས་བྱ་ཀུན་རིག་དང་། རོང་སྟན་ཤེས་བྱ་ཀུན་མཁྱེན་ཟེར་བ་གཉིས་ཡོད་མེད་སྐོར་དྲི་བ་ཐེངས་མང་བྱུང་བ་མ་ཟད། ༢༠༡༧མེ་བྱ་ལོའི་བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། སྐད་ཕྲིན་མཉམ་མེད་བགྲོ་གླིང་ཅེས་པའི་ཚོགས་གཙོས། བགྲོ་གླིང་གི་ཆ་ཤས་ལེན་ནས། སྐད་ཆ་བཤད་དགོས་ཞེས་པས། བཀའ་མངག་ལྟར། ཞར་ཞོར་དཔེ་ཆ་འགའ་ལ། བལྟ་ཙམ་བྱས་ཏེ། ཚེས་ཉི་ཤུ་དྲུག་ཉིན་གློག་ཡིག་ཐོག་ཏུ་བྲིས་ཏེ་སྤེལ་བའོ། 
མཉམ་མེད་རྣམ་ཐར་མ་དཔེ་ཁག་གཅིག་གི་དཔེ་བསྡུར་སྐོར། དཔེ་གཟུགས་བྲིས་མ་དྲུག་དང་། དེབ་གཟུགས་འགའ་ཤས་མཇལ་བ་ལས། དཔེ་གཟུགས་དང་དེབ་གཟུགས་གཉིས་ལས། དེབ་གཟུགས་ཀྱི་མ་དཔེ་ཁག་ལ་ཚིག་མང་པོ་ཞིག་ཕྱིས་སུ། གསར་དུ་སྣོན་ཡོད་ས་རེད་བསམ་པ་འགའ་ཙམ་མཐོང་བ་ལས། དང་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི། མཉམ་མེད་རྣམ་ཐར་ལ། དཔེ་གཟུགས་གཉིས་ལ། ༼་་མེ་ཕོ་སྤྲེའུ་ལོ། དུས་ཁྱད་པར་ཅན་ལ་སྐུ་འཁྲུངས་སོ།་༽ཞེས་པ་ལས་མི་འདུག་ཀྱང་ དེབ་གཟུགས་ལ། ༼་་མེ་ཕོ་སྤྲེའུ་ལོ། དུས་ཁྱད་པར་ཅན་དཔྱིད་ར་སྟག་ཟླའི་ཚེས་ལྔ་ལ་སྐུ་འཁྲུངས་སོ།་༽ཞེས་གསལ། སྤྱིར་ཚིག་མང་པོ་ཞིག་མི་འདྲ་བ་ལྷག་མ་འདུག་ཀྱང་འདིར་འབྲི་འཁྱོངས་མི་འདུག་པའི། གནད་ཆེན་འགའ་ཞིག་འདིར་བཀོད་ན། ཡང་དཔེ་གཟུགས་གཉིས་ལ། ༼་་རོང་སྟོན་ཆེན་པོའི་དྲུང་དུ།་་༽ཞེས་པ་དེར་དེབ་གཟུགས་ལ།༼་་རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ།་་༽ཞེས་ལྷག་མ་འགའ་ཤས་འདུག ་ཡང་དཔེ་གཟུགས་གཉིས་ལ། ༼་་དེའི་ཚེ་རྒོལ་བ་གཞན་གྱིས་སྤོབས་པ་འཕྲོགས་པ། དེའི་ཚེ་རྒྱལ་བའི་ཚད་དུ་འཇོག་པ་ཡིན་པས།་་༽ཞེས་པ་དེར་དེབ་གཟུགས་ལ།༼་་དེའི་ཚེ་རྒོལ་བ་གཞན་གྱིས་སྤོབས་པ་འཕྲོགས་པ་དེའི་ཚེ་སྙེ་ཐང་བདེ་བ་ཅན་དང་། འབྲས་ཡུལ་སྐྱེད་ཚལ། ར་བ་སྟོད་དང་། ན་ལེན་ཏྲ་ལ་སོགས་སུ་རྩོད་སྐོར་བྱོན་པས་རྒྱལ་བའི་ཚད་དུ་འཇོག་པ་ཡིན་པས།་་༽ཞེས་པ་འདུག  ཡང་དཔེ་གཟུགས་གཉིས་ལ།༼་་དེ་ནས་རྗེ་ཉིད་དགུང་ལོ་ལྔ་བཅུའི་སྟེང་དུ་སྨན་རི་བཏབས་ནས་། ལོ་སྐོར་གཅིག་ཙམ་བར་དུ།་་༽ ཞེས་པ་དེར་དེབ་གཟུགས་ལ། ༼་་དེ་ནས་རྗེ་ཉིད་དགུང་ལོ་ལྔ་བཅུ་ཤིང་བྱ་ལོའི་སྟེང་དུ་སྨན་རི་བཏབས་ནས་། ལོ་སྐོར་བཅུ་གཅིག་ཙམ་བར་དུ།་་༽ ཞེས་ལྷག་མ་འགའ་ཤས་འདུག།  ཡང་དཔེ་གཟུགས་གཉིས་ལ།༼་་ཕྱིས་བྱ་ལོ་ལ་སྤུར་བཞུས་ཏེ།་་༽ ཞེས་པ་དེར་དེབ་གཟུགས་ལ། ༼་་ཕྱིས་བྱ་ལོ་དང་པོའི་ཚེས་ལྔ་༼བརྒྱད་༽ལ་སྤུར་བཞུས་ཏེ།་་༽ ཞེས་ལྷག་མ་འགའ་ཤས་འདུག། མཁན་ཉི་མས་ཅན་མཉམ་མེད་རྣམ་ཐར་མདོར་བསྡུས་ལའང་མི་འདྲ་བ་འགའ་ཤས་འདུག་པ་དེ་ཡང་། ཡང་དཔེ་གཟུགས་གཉིས་ལ། ༼་་དེ་ནས་དབུས་ཀྱི་ན་ལེན་ཏྲར། རོང་སྟོན་ཤེས་བྱ་ཀུན་རིག་མདུན།་་༽ཞེས་པ་དེར་དེབ་གཟུགས་ལ། ༼་་དེ་ནས་དབུས་ཀྱི་ན་ལེན་ཏྲར། རོང་སྟོན་ཤེས་བྱ་ཀུན་མཁྱེན་མདུན།་་༽ ཞེས་མི་འདྲ་བ་འགའ་ཤས་འདུག།  ཡང་དཔེ་གཟུགས་གཉིས་ལ། ༼་་ཧོར་ཟླ་དང་པོའི་ཚེས་ལྔ་འམ། འདུལ་རྩིས་ཚེས་པ་བརྒྱད་ཀྱི་ཉིན།་་༽ཞེས་པ་དེར་དེབ་གཟུགས་ལ། ༼་་ཧོར་ཟླ་དང་པོའི་ཚེས་ལྔ་ལ། དབུ་བརྩམས་ཚེས་པ་བརྒྱད་ཀྱི་ཉིན།་་༽ ཞེས་མི་འདྲ་བ་འགའ་ཤས་འདུག་ཀྱང་ཡང་དག་པ་གང་ཡིན་དང་། བཅོས་མ་གང་ཡིན་ནི་ཕྲན་གྱིས་ཞུ་མ་ཤེས་མོད། ལྷག་མ་འདི་རྣམས་བྲིས་པས་ཐོག་མར། རྣམ་ཐར་འདྲ་མིན་ལ་འདྲ་བསྡུར་བྱས་པ་དང་།  སྐབས་དེ་དུས་མཆན་བུ་བཏགས་པ་རྣམས། རྗེས་སུ་རིམ་བཞིན་མ་དཔེ་རུ་གྱུར་རམ་སྙམ་ཞིང་། མཆན་བུ་མ་དཔེར་གྱུར་པ་དེ་འདྲ། འགྱུར་དང་འགྱུར་བཞིན་པ་མཐོང་ཆོས་སུ་ཡོད་པ་བཞིན་ནོ།། 
༢༠༡༧༑༤༑༡༧་ཉིན་ཟླ་དགོན་རི་ཁྲོད་དུ་ཞུ་འོད་རྒྱས་པས་བྲིས་པ་དགེའོ།། །། 


Re:རྗེ་མཉམ་མེད་པའི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་ཟུར་ཙམ་དཔྱད་པ། | 2018/6/14 17:54:21
TXLMདེ་རེད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.