སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་དཔེ་བཀའ་གཏེར་སྙན་གསུམ། | 2017/12/29 16:56:00
བོན་སྡེར་དབྱེ་ན། ཁྱབ་ཆེ་བའི་དབང་དུ་བྱས་བཀའ་གཏེར་སྙན་གསུ་གྱི་མ་ཁྱབ་པ་མེད་ལ། དེའང་།སྤྱིར་སྟོན་པ་རྫོགས་པའི་སངས་རྒྱས། གཤེན་རབ་མི་བོས་བསྟན་པའི་གཡུང་དྲུང་བོན་ལ། རྒྱལ་བའི་བཀའ་ཞེས་ཟེར་ལ། ཕྱིས་སུ་དེ་ལ་རྟེན་ནས བརྩམས་པས་གཡུང་དྲུང་བོན་ལ། བཀའ་རྟེན་ཞེས་སུ་གྲགས། དེའི་ན་གཡུང་དྲུང་བོན་ལ་བཀའ་དང་བཀའ་རྟེན་གཉིས་སུ་ངེས། དེའང་སེམས་ཅན་གྱི་བློ་ཡི་མོས་ཕྱོགས་དང་། དད་པ་དགོས་མཁོ། ཉོན་མོངས་བཅས་ལ་བསྟུན་པས་བོན་ལ། རྒྱས་པར་ཕྱེས་ན། བོན་སྒོ་བརྒྱད་ཁྲི་བཞི་སྟོང་། ཐེག་པ་བརྒྱ་དང་བརྒྱད། ཐེག་པ་རིམ་དགུ་བཅས་དང་། འབྲིང་དུ་ཕྱེས་ན། བོན་སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། བསྡུས་པར་བྱས་ན། བདེན་པ་གཉིས་དྲང་ངེས་གཉིས། ཐིག་ལེ་ཉག་གཅིག་བཅས་ལ་མ་འདུས་པ་མེད། ལོ་རྒྱུས་ཀྱི་བགྲང་བྱ་རིང་མོའི་ཁྲོད། ནང་རྐྱེན་དང་ཕྱི་རྐྱེན། རང་རྐྱེན་དང་གཞན་རྐྱེན་མང་པོས་དབང་གི་ཕྱི་ནང་གིས་འཁྲུགས་འཛིངས་མང་པོ་དང་། དུས་འགྱུར་གྱིས་རིག་གནས་དམག་འཁྲུགས་དབང་གི། བོན་སྒོ་དེ་དག་ལས་མང་ཕལ་ཆེར་རྩ་སྟོང་དུ་སོང་ནས། བོན་སྒོ་འགའ་ཤས་ནི་མིང་མེད་དུ་བརླགས་ཟིན་ལ། བོན་སྒོ་འགའ་ཤས་ནི་མིང་ཙམ་ལས་ལྷག་མེད། ད་ལྟ་བཞུགས་ཡོད་པའི་བོན་སྒོ་འདི་དག་ལས། བོན་སྒོ་ཁག་གཅིག་སྟོན་པ་གཤེན་རབ་ཀྱི་སྐུ་དུས་ནས་དུས་ད་ལྟའི་བར་དུ། མི་རབས་ནས་མི་རབས་རྒྱུད་དེ། བོན་འཆད་ཉན་སྒོམ་སྒྲུབ་ཀྱི་ཉམས་ལེན་བྱེད་མཁན། བར་ཆད་པར་བྱུང་ནས། དབང་ལུང་ཁྲིད་གསུམ་གྱི་རྒྱུད་པ་ཆད་མ་མྱོང་བའི་བོན་སྒོ། དེ་དག་ལ་བོན་བཀའ་མ་ཟེར། བོན་སྒོ་ཁག་གཅིག་ནི། དུས་འགྱུར་གྱི་རིག་གནས་དམག་འཁྲུགས་སྐབས་ཏེ། བོད་རྒྱལ་གྲི་གུམ་དང་ཁྲི་སྲོང་སྐབས། བོན་གཤེན་རིག་འཛིན་འགས། དཀའ་བ་སྲོག་དང་བསྡོས་ཏེ། བོན་དཔེ་འགའ་ཞིག་ལྐོག་ཏུ་སྦས་སྐུང་བྱས་ཏེ། བྲག་ཕུག་སོགས་ལ་སྦས་ནས། ཕྱིས་སུ་དར་བའི་སྨོན་ལམ་བཏབས་པ། དེ་དག་རྗེས་སུ་སྨོན་ལམ་དབང་གི་ལས་ཅན་སོ་སོས། བྲག་ཕུག་སོགས་ལས་རྙེད་ནས། མོས་པ་ཅན་ལ་བསྟན་པས་བོན་སྒོ་དེ་དག་ལ་བོན་གཏེར་མ་ཞེས་སུ་གྲགས། བོན་སྒོ་དེ་དག་ནི། གཏེར་སྟོན་དང་སློབ་མ་སོགས་ཚང་མས། གཏེར་བོན་ཡི་གེ་དེ་དག་མིག་གིས་མཐོང་རྒྱུ་ཡོད་པ་དང་། གཏེ་དཔེ་ཡིག་རྙིང་མ་ཡིག་ལས། སློབ་མ་ཚོས་དངོས་སུ་བུ་དཔེ་བཤུ་རྒྱུ་ཡོད་པ་ཞིག་ཡིན་ལ། གཏེར་དཔེ་འགའ་ཞིག་དུས་ཕྱིས་རིག་གསར་བར་དུ། མི་ཚང་མས་མཇལ་ཡུལ་དུ་བཞུགས་ཡོད་པ་ཡིན་པས། དེ་དག་ལ་གཏེར་དཔེ་ཡིན་མིན་གྱི་ཐེ་ཚོམ་དང་སེམས་ཉི་བྱེད་མཁན། ད་བར་སུ་ཡང་བྱུང་མྱོང་མེད་པ་རེད་ལ། བོན་དཔེ་དེ་དག་ནི། གཏེར་ནས་སྟོན་ཞེས་མིང་བཏགས་པ་ཙམ་ལས། དོན་དུ་གྲི་གུམ་དང་ཁྲི་སྲོང་སྐབས། བོན་དཔེ་རྩ་ཆེན་འགའ་ཤས་བྲག་ཕུག་སོགས་སུ། སྐུང་བཞགས་པ་ཕྱིས་སུ་རྙེད་པ་རེད། དཔེར་ན་ཏུང་ཧོང་ཡིག་རྙིང་དང་མདའ་ཚང་དཔེ་རྙིང་། དགའ་ཐང་བུམ་པ་ཆེ་ལས་ཐོན་པའི་དཔེ་རྙིང་དང་གཅིག་པ་རེད། བློ་གཟུ་བོས་བརྟགས་ན། བོན་དཔེ་དེ་དག་ལོ་རྒྱུས་ཀྱི་གཞི་འཛིན་ས་དང་དཔྱད་གཞི་འོས་ཤིང་འཚམས་པ་ཡིན། ཡང་བོན་སྒོ་འགའ་ཤས་བོན་གཤེན་རིག་འཛིན་མཁའ་འགྲོ་སོགས་ཀྱིས། སྤྲུལ་སྐུའམ་ལས་འཕྲོ་ཅན་གྱི་གཤེན་པོར། མི་མངོན་དབྱིངས་ནས་བཤད་དེ། རྣ་བར་བརྒྱུད་པ་དེ་དག་ལ་སྙན་རྒྱུད་ཀྱི་བོན་སྡེ་ཞེས་སུ་གྲགས་པ་ཡིན། ཡང་ཕྱིས་སུ། ཤོག་སེར་ཞེས་ཤོག་བུ་ལྡེབ་མ་རེ་ཙམ་གཏེར་ལས་སྟོན་རྗེས། བརྡ་ཐབས་རྟེན་འབྲེལ་གྱི་ཤོག་སེར་ལ་རྟེན་ནས། བོན་པོ་ཏི་རེ་ཙམ་ཕབ་རྒྱུ་ཡོད་པ་དེ་དག་ལ། གཏེར་གསར་ཞེས་སུ་གྲགས་པ་དེ་དག་ནི། གཏེར་སྟོན་རང་ཉིད་དང་གཏེར་གྲོགས་མཁའ་འགྲོ་ལས། གཞན་གྱི་གཏེར་དཔེ་ལས། བུ་དཔེ་ཡི་གེ་བཤུ་འབྲི་བྱེད་མི་ཤེས་པ་ཞིག་ཡིན་ཞིང་། དེ་དག་ནི་བོན་གསར་མ་དང་བན་དེ་རྙིང་མ་ལ་ཁྱབ་ཆེ་བར་དར་ཡོད། བཀའ་གཏེར་སྙན་གསུམ་ལས། བོན་བཀའ་མ་ད་ལྟ་དངོས་སུ་བཞུགས་པའི་གྲས་ལ། ཞང་ཞུང་མེ་རི་སྔགས་དང་རྫོགས་ཆེན་གཉིས། འདུལ་བ་རྒྱུད་དྲུག་རམ་རོལ་འབུམ་གསུམ་སོགས་འགའ་ཞིག་ལས་མེད་པར་ཐོས་ལ། དེ་དག་ལས་ཞང་ཞུང་མེ་རིའི་སྔགས་རྫོགས་གཉིས། སྟོན་པ་གཤེན་རབ་ནས་ཞང་ཞུང་སྣང་བཞེད་ལོད་པོའི་བར་དུ། མངལ་སྐྱེས་སྟོན་པ་གཤེན་རབ་ཀྱིས། ལྷ་བོན་ཡོངས་སུ་དག་པ་ནས། ཚེ་སྤུངས་ཟླ་བ་རྒྱལ་མཚན་བར། འཇའ་ལུས་འཕོ་ཆེན་ཉེར་བཞི་ལ་རིམ་གྱིས་རྒྱུད། ཟླ་བ་རྒྱལ་མཚན་གྱིས་ཏ་པུ་ཧྲི་ཙ་ལ་རྒྱུད། དེས་སྣང་གཞེར་ལོད་པོ་ལ་རྒྱུད། སྣང་གཞེར་ལོད་པོས་་ཡིག་གེར་བཏབས་ནས། ཞང་ཞུང་གི་གྲུབ་ཐོབ་དྲུག་ སྟོད་རྒྱུད་རིག་འཛིན་དྲུག་སོགས་ལ་རིམ་གྱིས་རྒྱུད་དེ། ད་ལྟ་སྨན་རིའི་ཡོངས་འཛིན་སློབ་དཔོན། སྐྱབས་རྗེ་བསྟན་འཛིན་རྣམ་དག་བར་དུ། སྒོམ་སྒྲུུབ་ཉམས་ལེན་གནང་མཁན་བར་མ་ཆད་པར་བྱུང་བས། ཁྲིད་དབང་ལུང་མན་ངག་གི་རྒྱུད་པ་མ་ཆད་པར་བཞུགས་པ་ཡིན་ནོ། དེའང་སྣང་གཞེར་ལོད་པོ་དུས་རབས་ག་དུས་ཙམ་བྱོན་ནམ་ཞེ་ན། ཕལ་ཆེར་དུས་རབས་དྲུག་པའི་སྐབས་སུ་བྱོན་པ་ཞིག་ཡིན་ནམ་དྲན། སྐབས་དེར་མཁས་པ་མི་བཞི་སོགས་བཞུགས་པར་གསལ་བས་ཕྱིར་རོ། གཏེར་ལ་སྔ་ཤོས་གཏེར་སྟོན་ཨ་ཙ་ར་མི་གསུམ་ཡིན་ཞིང་། དེའི་ག་ཏེར་ཐོན་ལུགས་ལ། ༼སྒ་སྟོན་གཏེར་གྱི་ཁ་བྱང་༽ལས།༼དེ་ནས་གཏེར་སྒོ་དབྱེ་ལུགས་ནི། དྲན་པ་ནམ་མཁའི་སྨོན་ལམ་བཙན་པས། ལྷ་བལ་ཨ་ཙ་ར་གསུམ་གྱི་སྙན་དུ། བོད་ཡུལ་ན་གསེར་ཅི་ཙམ་སླང་དུ་ཐོབ་པར་ཐོས་ནས། བོད་དུ་འོང་པས་ལ་སྟོད་དུ་རྟོལ་ནས། གསེར་ཨ་ཡང་རྩེ་གཅིག་ཀྱང་མེད། བྲག་དམར་བསམ་ཡས་བྱ་བ་ན། གསེར་མང་པོ་ཡོད་བྱ་བ་ཐོས་ནས། བསམ་ཡས་སུ་འོང་ནས་ནུབ་མོ་བསྐོར་བ་བྱས་པས། བཀོད་གཉེར་ན་རེ། ཁྱེད་ལྷོ་བལ་གྱི་མི་དད་པ་ཅན་འདུག་པས། མོས་གུས་གྱིས་ཟེར་ནས། ཨ་ཙ་ར་ནང་དུ་བཞག་ནས། སྒོ་བཅད་ནས་སོང་སྐད། དེར་སྒྲོམ་གཅིག་ལ་ཁྲོ་ཆུས་རྒྱ་བཏབ་པ་ཞིག་འདུག་ནས། བཏེག་པས་ལྗིད་ནས་མ་ཐེག་གསེར་ཡོད་སྙམ་ནས། ཁྲོ་ཆུ་དང་གསེར་ཆུ་ཁོལ་མའི་རྒྱ་བཅག་ནས་སྒྲོམ་བུ་ཁ་ཕྱེས་པས། སྒྲོ་བ་གསུམ་བྱུང་། སྟག་སྒྲོ་གཟིག་སྒྲོ། དོམ་སྒྲོམ་གསུམ་ཁྱེར་ནས་ནུབ་མོ་བྲོས། ཉིན་མོ་ནགས་མའི་གསེབ་ཏུ་གབ། ལམ་བར་ལུང་པ་སྲི་བྱ་བར། སྒྲོ་བ་ཁ་ཕྱེས་ནས་བལྟས་པས། བོན་དུ་འདུག་སྐད། རྒྱགས་ཆད་ནས་སྒྲོ་བ་དང་མི་གཅིག་རི་ལ་བཞག་ནས། གཉིས་ཀྱིས་རྒྱགས་ཚོལ་དུ་འོང་པས། གྲོང་གཅིག་ན་རྔ་ཏིང་ཏིང་འདུག་སྐད། ཅི་བྱེད་པ་ཡིན་དྲིས་པས། མཐའ་བཞི་འཕྲུལ་གསས་བྱ་བས་བོན་བྱེད་པ་ཡིན་ཟེར། དེར་མཐའ་བཞི་ལ་སྒོར་མཇལ་བྱས་པས་བྱོན་ནོ། ངེད་ལ་བོན་ཡོད་པས་ཉིད་ལ་སྦྱིན ཉིད་ཀྱིས་རྒྱགས་ལམ་ཟས་འདྲ་བ་སླང་བྱས་པས། ནས་ཁལ་གཅིག་དང་ཟན་ཆང་དང་ཤ་གཟུགས་གཅིག་བྱིན། མཐའ་བཞི་ཁྲིད་ནས་འདེམས་དུ་མི་འཇུག་གང་འབྲི་པ་ཞིག་བྲིས་བྱས་པས། ཆེ་བ་སྟག་སྒྲོ་ཆེ། སྙིང་དུ་གཟིག་སྒྲོ་སྡུག་སྟེ། དོམ་སྒྲོ་ནས་འདོད་ཟེར་ནས་པོ་ཏི་གཅིག་བཏོན་པས། ནག་པོ་རྒྱུད་གསུམ་གྱི་བོན་བྱོན་ནོ། དབལ་གྱི་ཕུར་པ་ནག་པོའི་སྒྲུབ་ཐབས། རྩ་བའི་འགྲེལ་པ། སྟ་བོན་མ་མོའི་ཉི་ཤུ། ཁྲ་སྤྱང་། ས་བདག་གི་སྒྲུབ་ཆུང་། དཀྱིལ་འཁོར་དཔེའུ་ཆུང་ཡང་ལེག་ཤིང་ན་འདུག གཞན་ཡང་རྫུ་འཕྲུལ་མང་དུ་བྱོན། མཐའ་བཞི་ལ་འུ་ཡུལ་གི་རྒྱ་བན་གྱིས་ཞུས། དེ་ལ་ཟུག་ར་ཕན་དང་རྟ་སྟོན་ཀླུ་བཙན་གྱིས་ཞུས། རྟ་སྟོན་ར་འཕན་གྱིས་ཞུས། དེ་ལ་སྨད་མཐའ་བཞིའི་བརྒྱུད་པའོ། དེ་ནས་ཨ་ཙ་ར་གསུམ་གྱིས། སྟོད་ལུང་ནས་ཡར་དོན་ནས། བྱང་གི་གོང་ནས་ཡར་སྟོད་དུ་བྱོན། སྟོད་ཀྱི་འདར་བན་ཤག་ཀྱ་མུ་ནེ། འཆིམས་ཤག་ཀྱ་བྲ་མ། འོ་མ་བྱང་ཆུབ་བདེ་གསུམ་གྱིས་རྟ་དང་ཆས་ནས་བྱོན། བྱང་འབྲོང་བུ་རུ་ཐོག་ཏུ་འཕྲད། ཨ་ཙ་ར་ན་རེ། ཁྱོད་གར་འགྲོ་བྱས། ངེད་བསམ་ཡས་སུ་ཆོས་གཏེར་འདོན་དུ་འགྲོ། ཁལ་འདི་ཀུན་ལྡེ་མིག་པ་ལ་བརྔན་པ་སྟེར་བ་ཡིན་ཟེར་རོ། ཨ་ཙ་རས་ཆོས་ངེད་ཀྱིས་ཐོན་ཡོད། ཁལ་ངེད་ལ་སླང་ཟེར། གཏེར་སྒྲོ་ཁྱེར་གྱིས་བྱས། སྒྲོ་བ་གཅིག་པོ་ཏི་དམ་མེ་འདུག་ སྒྲོ་བ་འོད་དང་མེ་སྟག་འཕྲོ་ཡིན་འདུག་ཆོས་ཟབ་མོ་ཡོད་སྙམ་སྟེ། ནོར་ཨ་ཙ་ར་ལ་བྱིན། སྒྲོ་བ་བན་དྷེ་མི་གསུམ་གྱིས་ཁྱེར་ནས་འོང་། ལམ་དུ་ཁ་ཕྱེས་ཆོ་འཕྲུལ་མང་པོ་བྱུང་། ཁུར་ནས་ལ་སྟོད་མདོག་གི་སྨད་སྒང་དུ། གཟེ་བན་ཤེས་རབ་རྒྱལ་མཚན་གྱི་ཁྱིམ་དུ་བཏོལ་ཏེ། ནས་དཀར་མོ་འབྲུལ་བདུན་གྱི་མཆོད་གསོལ་བ་བཏབ་ནས། སྒྲོ་བ་ཁ་ཕྱེས་བོན་དུ་སོང་ནས། བན་དྷེ་གཉིས་ཀྱིས་བསྣུབས་པར་བྱས་པས། ཆོ་འཕྲུལ་མང་པོ་བྱུང་། འདར་བན་གྱིས་གཟེ་སྒུར་གྱིས་ཡོད་བྱད་ཚད་པར་འདུག་བོན་པོའི་ནོར་འབུལ་ཡོང་བས། འདི་ལ་བྱིན་ཟེར་ནས་གཟེ་བན་ལ་བྱིན། གཟེ་བན་གྱིས་བལྟས་པས། དོམ་སྒྲོ་ནས་དབལ་ཕུར་ནག་པོའི་སྡེ་རྣམས་བྱུང་། ཕུར་པ་འདི་གཏེར་སྲུང་རང་ཆས་ཡིན་པས། འཇིག་རྟེན་པའི་བསྟན་སྲུང་མེད། བཀའ་བྱང་གཏེར་འདི་སུས་སྤྱད་ཀྱང་། བཀྲ་ཤིས་པ་ཡིན་ནོ། མཐུ་ཆེ་བའོ། དེའི་ནང་ནང་གསང་སྔགས་ཀྱི་བོན་རྣམས་བྱུང་། སྒྲོ་བི་ཞབས་ནས་ནས་བྲེ་གང་བྱུང་། ས་བོན་ཤག་མུག་པའི་གཏན་ཚིགས་དེ་ནས་བྱུང་། སྟག་སྒྲོའི་ནང་ནས་འདུལ་བའི་བོན་སྡེ་རྣམས་བྱུང་། གཟིག་སྒྲོ་ནང་ནས་མངོན་པ་སྡེ་རྣམས་བྱུང་། གཟེ་བན་ལ་སློབ་མ་བཀའ་བ་ཆེན་པོ་གསང་བ་ཆེན་པོ་གཅིག་དང་ལྔ་བྱུང་། སྙི་འབྱེད་ཀྱིས་ཁྱད་པར་ཕུར་པ་ཞུས། སྙི་འབྱེད་ཀྱིས་བསམ་པར་ལ། ངའི་སློབ་དཔོན་གཟེ་སྒུར་འདི་ཆོས་པ་ཡིན། བོན་མི་དགོས་ལས་ཆེ་བསམ་སྟེ། ཆང་མང་པོ་བཙོས་ཏེ། གཟེ་སྒུར་སྤྱན་དྲངས་ནས། བསྙེན་བཀུར་བྱས་པས། གཟེ་བན་ར་བཟི། མཁར་བ་དང་འཕྲེང་བ་ཁྱེར་ནས། ཇོ་མོའི་སར་ཕྱིན། ང་ལ་སྒྲོ་བསྐུར་བྱས་ཇོ་མོས་མཁར་བ་དང་། འཕྲེང་བ་རྣམས་མཐོང་ནས་སྒྲོ་བ་རྣམས་བསྐུར་བས། སྙི་བྱེད་ཀྱིས་སློབ་དཔོན་ལ་ནོར་ཕུལ་ནས། བོན་འདི་རྣམས་བདག་ལ་ཞུ་བྱས་པས། གཟེ་སྒུར་གྱི་ཞལ་ནས། ཁྱོད་རང་འབྲི་ན་བྲིས། རྩ་བ་ནས་མི་གཏེར་གསུངས། སྙི་བྱེད་ཀྱིས་དཔེ་འདམས། སློབ་དཔོན་མ་དགྱེས་སྐད།༽ཞེས་དང་ཡང་དེར་ལས། ༼་ཨ་ཙ་རས་ཐོན་ནས་བྱང་སྟོད་དུ་དར་བས།༼་གཏེར་ཐོན་ལོ། ༩༡༣་༽ བྱང་གཏེར་དུ་གྲགས་པ་འདི་ལ་༽ཞེས་སོ། འདི་གཏེར་གྱི་ཐོག་མ་ཡིན་ལ་དེ་རྗེས་བན་དེ་མི་གཉིས་སོགས་དང་གཏེར་སྟོན་འགའ་ཞིག་བྱོན་མོད། གཏེར་སྟོན་བརྒྱ་རྩའི་གཙོ་བོར་གྲགས་པ། གཤེན་ཆེན་ཀླུ་དགའི་གཏེར་ཐོན་ལོ།༡༠༡༧་ཡིན་ལ་དེའི་གཏེར་ཐོན་ཚུལ་ནི། སྒ་སྟོན་གཏེར་གྱི་ཁ་བྱང་ལས། ༼་ནང་པར་གར་ཕུད་ཀྱིས་མཆོད་ནས་བཙལ་བས། སོལ་བ་མང་པོ་བྱུང་། དེ་ནས་སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས། རྡོ་ལ་བཟོས་བྱས་པའི་རེ་བཞི་སྒོ་ན་འདུག སྒོ་དེ་ཕྱེས་ནས་ཕྱིན་པས་མཛོད་ཅིག་གི་བཟའ་ན། དཀྱིལ་འཁོར་ཞིག་གི་སྟེང་ན། འདིའི་འོག་ན་གཏེར་ཡོད་པ་དང་། ལོ་སྐོར་གཅིག་དུ་གསོངས་ཤིག་བྱ་བའི་ཁ་བྱང་དུ་འདུག དེའི་འོག་ན་བོན་གཏེར་བྱུང་སྟེ། ཤིང་གླ་པའི་སྒམ་བཅུ་བདུན་འདུག་པ་ལ། སྒམ་དོ་ལས་ཕྱེད། སྒམ་གང་ནས་ཁམས་ཆེན་བྱུང་། སྒམ་གང་ནས་སྔགས་ཙོ་དང་སེམས་དོན་བྱུང་། སེམས་ཕྱོགས་སེམས་སྨད་སྡེ་དགུ་བྱུང་བ་ལ། གབ་པ་དགུ་སྐོར་།༽སོགས་བོན་དཔེ་མང་དུ་བྱུང་ཞེས་སོ། ཀླུ་དགའི་གཏེར་མ་ཁྲོ་བོ་དབང་ཆེན་གྱི་དབུ་ལས།་འདུ་གནས་སོ་བདུན་སོགས་སྒྲུབ་པའི་གནས་དང་། མཁས་པ་མི་བཞི། གདུང་རྒྱུད་བཅུ་གསུམ་སོགས་སྒྲུབ་གཤེན་གྱི་ལོ་རྒྱུསབསྟན་མཚམས། ༼་དེ་ནས་གཤེན་སྒོམ་གྱིས་སྦྲུལ་གྱི་ལོ་དགུན་ཟླ་འབྲིང་པོ་ཉི་ཤུ་བཞི་མི་གདུག་ལ་གཏེར་སྒོ་ཕྱེས་པ་ལགས་སོ། དེ་ནས་གདུང་རབས་རིམ་པར་བརྒྱུད་ནས་ཞུ་སྒོམ་ཁྲོག་པོས། གཤེན་རྒུར་གྱི་བླ་དཔེ་རྙིང་པ་ཇི་བཞིན་བྲིས་པ་ལགས་སོ། ༽ཞེས་དང་། ཡང་དེའི་ཕོ་ཉ་ལས། ༼དབལ་གྱི་སྤར་མ་དགུ་སྐོར་སྫོགས་སོ། དཔེ་རྙིང་མ་ནོར་བ་བྲིས་སོ། ༑ཁྲོ་བོ་གཞུང་ཆེན་རྒྱས་པ་འདི། གཤེན་ཀླུ་དགའ་ལ། སྲིད་པ་རྒྱལ་མོའི་ལུང་བསྟན་ནས། མཐའ་ཀ་རུ་ནས་་ཐོན་པའི། ཁྲོ་བོ་དབང་ཆེན་མི་ཚིག་གིས་ལྷད་མ་ཞུགས་པ། གཏེར་དཔེ་ཅི་བཞིན་བྲིས་པའོ། ༽ཞེས་པ་སོགས་འཁོད་ལ། གཞན་ཡང་གཤེན་གཏེར་བོན་དཔེ་མང་པོ་ཞིག་ལས། བོན་དཔེ་བཀའ་བབས་སློབ་མ་ཚོས་གཏེར་དཔེ་ཇི་བཞིན་བྲིས་མང་དུ་འབྱུང་ངོ་། ཡང་གཏེར་སྟོན་གུ་རུ་རྣོན་རྩེ།༼༡༡༣༦་མེ་འབྲུག་ལོར་འཁྲུངས།༽་མཆོག་གིས་གཏེར་ཐོན་པ་མ་རྒྱུདཀྱི་བོན། གཞི་ཡེ་སངས་རྒྱས་པ། ལམ་མངོན་སངས་རྒྱས་པ། འབྲས་བུ་རྫོགས་སངས་རྒྱས་པ་ཞེས་གཞི་ལམ་འབྲས་གསུམ་གྱི་བོན་སྡེའི་འབྲས་བུ་རྫོགས་སངས་རྒྱས་པའི་འཇུག་བྱང་ལས། ༼་ཉེ་རྒྱུད་ནི། རྒྱལ་གཤེན་མི་ལུས་བསམ་ལེགས། ཕུགས་པའི་སྣང་བ་མདོག་ཅན། བར་པའི་ཨ་ནུ་འཕྲག་ཐག སྒོ་པའི་སད་ནེ་གའུ། དེས་ལམ་གྱི་བྱ་ར་མ་དྲུག་ལ་གཏད་དེ། གཏེར་དུ་སྦས། ཕྱིས་གཏེར་སྟོན་གུ་རུ་རྣོན་རྩེས་བཏོན་པའི་དར་དངོས་ལས། བཙུན་པ་གཞིན་གྱིས་ཞུས་ནས་དག་པར་བྲིས། དེ་ལ་སྒོམ་པ་གགཡུང་དྲུང་སྐྱབས་ཀྱིས་ཞུས། དེས་སྒོམ་པ་རིན་ཆེན་དཔལ་ལ་བརྒྱུད། དེས་བཀའ་གདམ་ཡེ་ཤེས་རྒྱལ་མཚན་ལ་གནང་། དེ་ལ་སྐམ་ནང་སོ་བསྟན་པའི་རྒྱལ་མཚན་གྱིས་ཞུས་ཏེ་དག་པར་གཏུགས་པའོ། ༽ཞེས་དང་ཡང་བསྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་འཇུག་བྱང་ལས། ༼་་བླ་མ་རྣོན་རྩེའི་དར་དཀར་ཡུག་གཅིག་བཟུང་ནས། ངས་ད་མ་རྒྱུད་ཀྱི་དཔེ་མང་པོ་བྲིས་པས་དམུས། མི་ལས་འཕོས་པའི་སྐྱེ་བ་བློ་ཡང་སྤུན་ཆད། འོལ་ཡང་མང་། དར་ཡུག་འདི་ཁྱོད་ཁྱོད་ཀྱི་བྲིས་སྐལ་དུ་སྣང་བ། ཁྱོད་ལྷ་ལས་འཕོས་པས་བློ་གཙང་ཞིང་དལ་ཆེ་བས། སུས་མ་མཐོང་པར་ཁྱོད་རང་གིས་བྲིས་ཤིག་གསུངས་པས། ཞང་བོད་འདྲེས་མ་ལ། བོད་ཡིག་མང་བར་འདུག་ཞང་ཡིག་ཀྱང་ཀ་ཁ་སྣང་བ་ལ་ལེགས་པར་བརྟགས་པས་མི་ཁྲོལ་བ་མ་བྱུང་། དེ་ལ་ལོགས་གཅིག་ལ་སངས་རྒྱས་རྒྱུད་གསུམ། འགྲེལ་བ་ཉི་མའི་དཀྱིལ་འཁོར། ཉི་མའི་སྙིང་པོ། སྒྲུབ་པ་གཞུང་ཕྲན་དང་བཅས་པ་སྣང་བ་ལེགས་པར་བྲིས་ནས། གཅིག་གཏུགས་སུ་བྱས། དེ་ནས་རྒྱབ་ལོགས་ལ་འཆད་འགྲེལ་ཉི་མའི་འོད་ཟེར་གདའ་བ་བྲི་ཆིས་བྱས་ཛ། གར་བྱུང་ཆ་མེད་པར། བླ་མ་བྱོན་ནས་བྱུང་ནས། མཁའ་འགྲོ་གཉན་དར་དཀར་ཁྱེར་ལ་ཤོག དུང་ཕོར་དུ་སྟག་མོ་ཁ་ཡན་ལྔ་འགྲོལ་ཐལ་བ་ཨེ་མཐོང་གསུངས་ནས་ཁྱེར་ནས་ཐལ། ཕྱིས་དེ་ཡང་འབྲི་བར་ཞུས་པས། ཅི་བྱེད་ཅི་འབྱུང་དེ་ཡང་བྱེད་པ་དཀོན། བུ་ཅི་རྣལ་འབྱོར་ཁྱེད་གཉིས་ལ་་མཁོ་སྟེ། ཁོ་ནི་མ་བྱུང་། ཁྱོད་རང་ཉམས་སུ་ལོངས། དཔེ་ཡང་སྦས་སོ། ད་ང་ལ་མེད། ༽ཅེས་དང་ཡང་གྲོལ་ལམ་འཕུར་རྐྱེན་གྱི་འཇུག་བྱང་ལས། ༼་སྤྲུལ་སྐུ་འགུ་རུ་རིན་པོ་ཆེ་ལ། བདག་བཙུན་པ་གཞོན་གྱིས་ཞུས་ནས། དར་དཀར་དངོས་ལ་བྲིས། མ་དཔེ་ལ་ཞང་ཞུང་དྲག་ཡིག་འདི་འདྲ་དང་། བོད་ཡིག་འདི་འདྲེས་མར་སྣང་ངོ་། དག་པར་བྲིས་སོ། མ་རྒྱུད་གཞན་རྣམ་ཁ་བྱང་ཙམ་དུ་སྣང་ངོ་། ༽ཞེས་དཔེ་མཚོན་ཙམ་ཞུས་པའོ། རྒྱས་པར་ལོ་རྒྱུས་མང་པོ་ལས་འབྱུང་བའི་་དེར་གཟིགས་ཤིག བཀའ་གཏེར་སྙན་རྒྱུད་ཀྱི་བོན་སྡེ། དེ་ཚོ་གྲི་གུམ་དང་ཁྲི་སྲོང་སྐབས་མང་ཤོས་རྩ་མེད་སོང་བ་དང་། ཡང་དཔེ་ཆ་འགའ་ཤས་ཕྱིས་སུ་རིམ་བཞིན་དུས་དབང་གིས་རྩ་མེད་དུ་སོང་ཡོད་ལ། བོན་དགོན་བན་ལ་བསྒྱུར་བ་དང་ལྷན། བོན་འབངས་བན་ལ་འགྱུར་ཡོད་པ་རེད། དེའང་ལྷ་བླ་མ་ཡབ་སྲས་སྐབས་སུ་མངའ་རིས་སུ་བོན་དཔེ་དང་བོན་པོ་རྩ་མེད་བཟོས་པ་དང་། སོག་པོའི་དམག་གིས་བོད་ཁམས་ཡོངས་སུ་གཏོར་སྐབས་ཀྱང་བོན་དགོན་མང་པོ་གཏོར་བཤིགས་དང་། བོན་པོ་མང་པོ་བསད་བཅོམ་བྱས། དེ་ནས་ས་སྐྱ་དང་ཕག་གྲུའི་སྲིད་དབང་བཟུངས་སྐབས་ནས། དགེ་ལུགས་པའི་སྲིད་དབང་མ་ཐོབ་བར་དུ། བོད་ཁམས་དབུས་གཙང་རུ་བཞིའི་ཁྲི་སྐོར་བཅུ་གསུམ་ཁོངས་སུ། ཞི་དྲག་གཉིས་ཐོག་ནས་བོན་དགོན་བན་ལ་ཞྭ་བསྒྱུར། བོན་འབངས་བན་ལ་བསྒྱུར་བས་འགོ་ཚུགས་ཡོད་ལ། དེ་རྗེས་དགེ་ལུགས་པས་སྲིད་དབང་བཟུངས་པའི་ཐོག་མ་དེ། རྒྱལ་དབང་ལྔ་པ་ནས་འགོ་གཙུགས་སྟེ། དྲག་པོས་དམག་གི་སྟོབས་ཤུགས་ལ་རྟེན་ནས། བོད་མདོ་དབུས་ཁམས་གསུམ་གྱི་བོན་བསྟན་འཛིན་པའི་ས་གནས་དཔོན་པོ་དང་་། བླ་གྲྭ་སྔགས་གསུམ་དམར་གསོད་དང་། བོན་དགོན་བཙན་གྱིས་དགེ་ལུགས་པར་བསྒྱུར་བ། ཞི་དྲག་གང་ལ་གང་འཚམས་ཀྱི་ཐབས་ལམ་འདྲ་མིན་ལ་རྟེན་ནས། བོན་འབངས་མང་ཕལ་ཆེར་བན་ལ་བསྒྱུར་སྐབས། ཤེས་ཡོན་ལྡན་པ་དམར་གསོད་དང་། དགོན་པ་དང་དཔེ་ཆ་མེར་བསྲེགས་པ་གཙོ་བོའི་ནང་གི་གཙོ་བོར་བྱས་ཏེ། ཁྲི་སྲོང་ནས་འགོ་གཙུགས་ཏེ། བོད་ཀྱི་དམག་སྲིད་དབང་འཛིན་རིམ་བྱོན་གྱིས། བོན་གྱི་རིག་གཞུང་དཔེ་ཆ་སོགས། མེ་ལ་བསྲེགས། ཆུ་ལ་བསྐུར། ས་ལ་མནན་ཏེ་མེད་པ་བྱས་པ། ང་དགུ་ལོ་བར་མཚམས་བཞག་མྱོང་མེད་ལ་། བོན་ནང་ཁུལ་དུ་སྡེ་པ་ནང་འཁྲུགས་ཤོར་སྐབས་ཀྱང་། གཙོ་བོར་དགོན་སྡེ་དང་མཁར་རྫོང་སོགས། མེ་ལ་བསྲེགས་ནས། གནའ་རྫས་རིག་དངོས་གཏོར་བརླགས་བྱས་ཚུལ་ཡང་གསལ་ཡོད། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ནས་དུས་ད་ལྟའི་བར་དུ། བོན་གཤེན་བླ་སྤྲུལ་མཁན་སློབ་དང་། གྲྭ་བཙུན་སྔགས་གསུམ་གྱིས། ཆོས་ལུགས་རིས་མེད་དང་། ཚང་མར་དག་སྣང་སྒོམ་དགོས་པའི་བསླབས་བྱ་གཙོ་བོར་བྱས་པས། བློ་ཁ་བརྟན་པོ་མེད་པའི་གྲྭ་བཙུན་སྔགས་འགའ་ཤས་གསུམ་གཙོས། བོན་འབངས་མང་པོ་ཞིག་ བན་ལ་འགྱུར་དང་འགྱུར་བཞིན་ཡོད་དོ།། །། ཞེས་༢༠༡༧༑༡༢༑༢༨༑སྐད་ཕྲིན་ཚོགས་པ་ཞིག་དུ། བགྲོ་གླེང་ཅིག་གིས་རྐྱེན་བྱས་ཏེ། ༡༢༑༢༩་ཉིན། ཟླ་དགོན་རི་ཁྲོད་དུ་ཞུ་འོད་རྒྱས་པས་བྲིས་པ་དགེའོ། 

Re:བོད་དཔེ་བཀའ་གཏེར་སྙན་གསུམ། | 2017/12/30 12:02:59
TXLMབོད་ཅེས་པ་འབྲི་ནོར་རེད། བོན་དཔེ་བཀའ་གཏེར་སྙན་གསུམ་ཞེས་བཅོས་རོགས། མ་གཞི་ཆད་ལྷག་ནོར་གསུམ་མང་པོ་ཤོར་སོང་གདའ།
དགོངས་དག་
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.