སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྟག་སླག་ཅན་ལ་ཟུར་ཙམ་དཔྱད་པ་སྨད་ཆའོ། | 2017/9/2 19:33:00
༡༨༥༨་ས་རྟ་ལོར་སྟག་སླག་ཅན་དགུང་ལོ་ཉེར་དྲུག་བཞེས་སྐབས། ཁྱུང་ཡུལ་དུ་བདེ་ཆེན་གླིང་པ་དང་། མཇལ་འཕྲད་དུ་ཕེབས་པར་གསལ་ཏེ། བདེ་གླིང་རྣམ་ཐར་རྒྱས་པ་ལས། བདེ་གླིང་རང་ལོ་ཉེར་དྲུག་སྐབས། བྱང་ལམ་རྒྱུད་དེ་ལྷ་སར་ཕེབས་སྐབས། གསེར་རྩ་ནས་ཡར་ཕེབས་ལམ་འཁེལ་བས། ༼་སྒར་ཁང་དུ་སོང་ནས། བེ་ཧུ་བཙན་རྒྱལ་གྲགས་པ་སོགས། ཁོང་རྣམས་ལ་དབང་ལུང་གི་རེ་འདོད་ཐམས་ཅད་བསྐངས། ཕྱི་ཉིན་སྙན་རྒྱུད་སྐུ་ཞབས་ཀྱང་། མགྱོགས་ཕེབས་ཡོང་བའི་ཕོ་ཉ་བྱུང་བས། མཇལ་འཛོམས་ཤིག་བྱུང་ན་དགའ་སྙམ་པ། དེར་ཞབས་བཅག་པ་མཇལ་ནས་། བཀའ་ལུང་གི་འབྲེལ་ཟབ་བྱུང་ཞིང་ལྷག་པར་དད་པ་སྐྱེས་ནས། ལུང་བསྟན་ཞུ་ཚིག་ཕུལ་བ།༼་བུ་ཁྱོད་ཡོད་ཁམས་འགྱངས་རིང་མི་འཐད་སེམས། སླར་ཡང་རྒྱལ་མོ་ཚ་བ་རོང་དུ་འདོངས། སྒོ་གསུམ་བཅད་རྒྱར་གནས་ན་དེ་ཡི་འཕྲོ། མཁའ་འགྲོ་འདུ་བའི་གནས་སུ་ལུང་ཞུས་ལ། ༽ཞེས་སོགས་ཚ་བ་རོང་དྲག་པོ་རྫོང་དུ་ཕེབས་ན་ལེགས་པའི་ལུང་བསྟན་ཕུལ་བར་གྲགས། དེ་ནས་སྟག་སླག་ཅན་གྱིས་ཀྱང་བདེ་གླིང་ལ་ལུང་བསྟན་ཞུ་ཡིག་ཕུལ་རྗེས། བདེ་གླིང་རྨ་ལ་བཞི་དང་སྤ་ཟླ་བ་ཆེན་སོགས་བརྒྱུད་དེ་ལྷ་སར་ཕེབས། སྟག་སླག་ཅན་གྱིས། དེ་སྐབས་སྒར་ཁང་དུ་ཨ་བསེ་བྲག་བཙན་གྱི་ཚོགས་འཁོར་འདི་བརྩམས་གནང་བ་གསལ་ཏེ། དེའི་འཇུགས་བྱང་ལས། ༼་་ས་ཕོ་རྟ་ལོའི་ཟླ་༧་པའི་ཚེས་༡༣་ཉིན། ཁྱུང་སེར་སྒར་ཆེན་ཕོ་བྲང་། མི་འཇིགས་རྣམ་རྒྱལ་རྫོང་དུ་བགྱིས། ༽ཞེས་གསལ། ༡༨༥༩་ས་ལུག་ལོར་དགུང་ལོ་༢༧་ཐོག་ སྟག་སླག་ཅན་གྱི་ཡབ། སངས་གླིང་པད་མ་གར་དབང་གཤེགས་པའི། རྩེ་དྲུག་ཏུ་དགུང་ཞག་བཞུགས་ཤིང་། གདུང་བསྲེགས་རྒྱས་པར་གནང་སྟེ། སྐུ་གདུངས་ཞུགས་ལ་ཕུལ། ༡༨༦༠་ལྕགས་སྤྲེལ་ལོར། སྟག་སླག་ཅན་དགུང་ལོ་༢༨་ཐོག་རྩེ་དྲུག་ཏུ་བཞུགས་ནས། རང་དོན་དུ་བསྙེན་སྒྲུབ་ཉམས་ལེན་དང་། གཞན་དོན་དུ་འདུས་པའི་འཁོར་ལ། དབང་ལུང་ཁྲིད་གསུམ་གནང་སྟེ། ལོ་འཇུག་ཏུ་ཚ་བ་རོང་དུ་ཕེབས། ༡༨༦༡ལྕགས་བྱ་ལོར། སྟག་སླག་ཅན་དགུང་ལོ་༢༩་ཐོག་མཁའ་འགྲོ་རྨེའུ་སྲས་མོ་སྐལ་བཟང་ལྷ་མོར། ཁྱུང་སྤྲུལ་གཡུང་དྲུང་བསྟན་འཛིན་འཁྲུངས། སྟག་སླག་ཅན་དགུང་ལོ་སུམ་ཅུ་དང་སོ་གཅིག་བཅས་སུ། ཚ་རོང་དབྱིབ་དྲག་པོ་རྫོང་དུ་བཞུགས་པར་མཛད། ༡༨༦༤་ཤིང་བྱི་ལོར། སྟག་སླག་ཅན་རང་ལོ་༣༢་སྐབས་ཚ་བ་རོང་དུ་བཞུགས་ཡོད་པ་གསལ་ཏེ། བདེ་གླིང་རྣམ་ཐར་བསྡུས་པ་ལས།༼་་སུམ་ཅུ་རྩ་གཉིས་ཀྱི་ལྐག་ལས་གྲོལ་བའི་ལྟས་བྱུང་། རིམ་བཞིན་དབྱིབ་དྲག་པོ་རྫོང་དུ་འབྱོར་ནས་དབལ་འབར་སྟག་སླག་ཅན་དང་། ཐུན་མོངས་མ་ཡིན་པའི་ཐུགས་ཡིད་གཅིག་ཏུ་འདྲེས། དབང་དང་ལུང་གི་དམ་བསྲེ་ཤིན་ཏུ་ཞིབ་པར་བྱས་ཤིང་། སེལ་ཆེན་མི་བཞི་འཛོམས་པའི་ཕྱིར་དུ། དྲག་པོ་རྫོང་གི་ལྷོ་ཕྱོགས་ཨ་མི་ཐང་དུ། དབལ་འབར་སྟག་སླག་ཅན་དང་། རང་ཉིད་བཅས་ཏེ་མནན་པ་ཤིན་ཏུ་ཟབ་པར་རྒྱབ་ནས། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན། ཁང་བརྩེགས་བཞི་ཙམ་ཡོད་པ་བཞེངས་ཏེ། རབ་གནས་བརྟེན་བཞུགས་དང་བཅས་པ་མཐར་ཕྱིན་པར་བྱས། ༽ཞེས་དང་རྣམ་ཐར་རྒྱས་པ་ལས། ༼་རང་ལོ་སོ་གཉིས་༡༨༦༤་ཤིང་བྱི་ལོར། ཚ་བ་མཛོ་སྒང་གི་ཉེ་ཆར་བྲག་དཀར་སུམ་མདོར་སླེབས།༽ཞེས་དང་ཡང་དེ་ལས ༼་ པད་མ་འབུམ་རྫོང་གི་ལྟེ་བ་དབྱིབ་དྲག་པོ་རྫོང་དུ། སྟག་སླག་ཅན་ནམ། བདུད་འདུལ་ཐོག་མེད་རྩལ་བཞུགས་པའི་མདུན་དུ། རང་འདོད་ཀྱི་བྱ་བ་དང་བྲལ་བའི་རྟེན་འབྲེལ་ལུང་ལྟར་དུ་གཞིར་བཞག་ནས། ཞུ་ཡིག་དུས་ཀྱི་བརྡ་སྦྱར་ཁུ་བྱུག་དགྱེས་པའི་ཚངས་དབྱངས་ཕུལ་བར་བྱས་སོ།་༽ཞེས་དང་། ཡང་༼་དབྱིབ་དྲག་པོ་རྫོང་ནས་བསུ་མི་བང་ཆེན་གཉིས་དང་། བདུད་འདུལ་ཐོག་མེད་རྩལ་གྱི་བཀའ་གསུང་གསང་ཕུར་དམར་པོའི་རྒྱ་ཅན་འབྱོར་ནས་རྔུལ་རྒྱུད་དུ་སོང་། ༽ཞེས་དང་ཡང་། ༼་ཅི་ལ་ནས་དྲག་པོ་རྫོང་སོགས་མཇལ། ༽ཞེས་དང་ཡང་༼་་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ལ་འཕགས་སྤུ་བླ་བྲང་དུ་སླེབས་ཅིང་། བདུད་འདུལ་ཐོག་མེད་རྩལ་དང་མཇལ། ༽ ཞེས་དང་། ༡༨༦༥་ཤིང་གླང་ལོར། སྟག་སླག་ཅན་དགུང་ལོ་སོ་གསུམ་ཐོག་ཚ་བ་རོང་དུ་བཞུགས་ཡོད་པར་ག་སལ་ཏེ། བདེ་གླིང་རང་རྣམ་ལས། ༼་་བདེ་གླིང་རང་ལོ་སོ་གསུམ་པ་ཁྲོ་བོ་ཞེས་པའི་ཤིང་མོ་གླང་གི་ལོ་སར་ལ། ས་བབས་ཀྱི་རྟེན་མཆོག་ཞིག་བཞེངས་དགོས་པ་དེ་ཡང་། དྲག་པོ་རྫོང་གི་གནས་ཀྱི་ཕྱོགས་བཞིར་ཨུ་ལུ་ཞེས་པའི། ས་གནད་བཞི་ཡོད་པ་ཨུ་མི་ཞེས་པའི་གནས་སུ་བཞེངས་དགོས་ཀྱི། དང་པོ་དབལ་འབར་སྟག་སླག་ཅན། བདུད་འདུལ་ཐོག་མེད་རྩལ་ནས་དབལ་ཕུར་དང་། རང་གི་ཀྱང་ཡི་དམ་ལྷ་ཡི་སྒོ་ནས་མནན་པ་རྒྱབ། ༽༼་རྟེན་མཆོག་བཞེངས་པས་ལས་ཆ་པ་སོགས་དང་། རབ་གནས་མཁན་མཆོག་གཟིགས་གྲུབ་ཐོབ་ཆེན་པོ། བདུད་འདུལ་ཐོག་མེད་རྩལ་བཅས་ཏེ། ངེད་རྣམས་ཆོས་དང་འཇིག་རྟེན་གྱི་དགའ་སྟོན་རྒྱ་ཆེན་པོར་བྱས་ནས་གྲུབ་པར་བྱས་སོ།༽ ཞེས་དང་ཡང་། ༼་ཟླ་དེའི་ཚེས་༡༧་ནས། དབལ་འབར་སྟག་སླག་མདུན་ནས། གྱད་ཕུར་གསང་བ་ཐུགས་ཀྱི་ལུང་དང་། རྩལ་དབང་འཐོབ་༽ཅེས་དང་། ཡང་ཧོར་ཟླ་༢་པར། རྔུལ་སྟོད་རབ་ཚང་དཔོན་པད་མ་ཞེས་པ་དད་འབྱོར་སྟོབས་ཀྱིས་ཕྱུག་པ་ཞིག་ཡོད་པ་དེས། སྔོན་ལ་དབྱིལ་གྲུབ་ཐོབ་ཀྱི་གདན་སའི་དགོན་པ་ཉམས་གསོས་རྩོལ་བ་ལྷུར་ལེན་བྱས་པས། རབ་ཕུན་ཚོགས་དགོན་ཞེས་པ་དེར། མཆོག་གཟིགས་གྲུབ་ཐོབ་ཆེན་པོ་དང་། ངེད་གཉིས་ཀ་གདན་དྲངས་ཞུས་བྱུང་བ་དེར་བསྐྱོད། ༽ཞེས་དང་ཡང་༼་གྲུབ་ཐོབ་ཆེན་པོ་དཔའ་བོ་ལ་ཧེ་ནེ་རམ་གྱི་ཆས་སུ་ཞུགས་ཤིང་། ཕྲན་བུས་ཀྱང་སློབ་དཔོན་པྲ་ཧ་རིའི་ཆ་ལུགས་སུ་བྱས་ནས་། དེ་ཡི་སེར་སྐྱ་འདུས་པ་རྒྱ་མཚོ་ལ་དབང་བསྐུར་བོན་བཤད་རྒྱ་ཆེན་པོ་སོ་སོར་བློ་ཡིད་ཚིམ་པར་བྱས། ༽ཞེས་དང་ཡང་༼དབྱིབས་ནས་ཀ་རྨ་ཆོས་སྒྲོན་ཐུ་མོར་བསྙུན་ཡོད་པ་འཕྲལ་དུ་ཕྱིར་ཡོང་དགོས་པའི་བང་མི་འབྱོར་བས། རིམ་པར་ཕྱིར་དབྱིབ་དྲག་པོ་རྫོང་དུ་སླེབས་ནས། ནད་མ་ཡང་སྐུ་རིམ་གྱི་གྲོལ་ནས། གྲུབ་ཐོབ་སྟག་སླག་ཅན་གདན་སར་ཆགས་ཕེམས་བྱུང་བས། དམ་པ་རིན་པོ་ཆེའི་མདུན་ནས་འོད་ལྡན་འབར་མའི་ལུང་དོན་ལྟར། ཕུར་པ་སྡེ་སྐོར་དོན་གསུམ་ཡོངས་རྫོགས་ཀྱི་དབང་ལུང་ཞུས་ནས། བུམ་པ་གང་བྱོས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པ་བྱུང་། ཉིད་ཀྱི་མགུལ་ཕུར་འབར་བ་ཚད་མཆོག་གི་མགུལ་དུ་དར་མཐིང་ནག་ཁ་གང་བཏགས་ནས གཏེར་སར་ཡོངས་སྙིང་འདུས་པའི་དབང་ལུང་གནང་དགོས་ཀྱི་བཀའ་ཕེབས་པས། དབང་ལུང་རྒྱ་ཆེར་ཕུལ། ༽ཞེས་དང་༡༨༦༥༑ ཤིང་གླང་ལོར་སྟག་སླག་ཅན་ད། གུང་ལོ་༣༣་ཐོག་ཚ་རོང་དབྱིབས་དྲག་པོ་རྫོང་དུ་བཞུགས་ཡོད་པ་དང་། ལོ་དེའི་ཧོར་ཟླ་བདུན་པར། ཁྱུང་ཡུལ་དུ་ཡར་ཕེབས་ཡོད་པར་གསལ་ཏེ། བདེ་གླིང་རྣམ་ཐར་ལས།༼་དེ་ནས་ཧོར་ཟླ་བདུན་པའི་ནང་སྐུ་ཞབས་དབལ་འབར་ཚང་ཁྱུང་པོར་གདུལ་བྱར་ཕེབས་པའི། ཐུགས་འདྲིས་ཟབ་མོའི་ཆོས་དང་འཇིག་རྟེན་མཐར་ཐུག་གི་བསླབ་བྱ་སྤྱི་དང་། ཁྱད་པར་སེམས་ཁོང་གི་རྣམ་པར། མན་ངག་ཚང་མ་བདག་ལ་གསུངས་པས། ངེས་ཤེས་ལྷག་ཏུ་སྐྱེས་ཏེ། མ་ཚད་ཉིད་ཀྱི་སྐུ་ཚེ་དང་ཕྲིན་ལས་ལ་རྟེན་འབྲེལ་བརྟགས་དགོས་ཕེབས་པས། ༽་ཚོགས་འཁོར་ཕུལ་ནས་རྟེན་འབྲེལ་བརྟགས། ༼་དེ་ནས་ལུང་བསྟན་གྱི་གནས་ཚུལ་དང་འགྲོ་དོན་སྐྱོང་ལུགས་ཐམས་ཅད་ཞིབ་ཏུ་ཞུས་ནས། ཁོང་ཡང་ཁྱུང་པོར་ཕེབས་པས་འགྲོ་དོན་ཟླ་ངོ་གསུམ་ཙམ་གྱི་རགས་བསྡུས་སུ་གྲུབ་ནས། སླར་མགྱོགས་པར་ཚ་བ་རོང་དུ་ཕེབས་པའི་ཆད་བགོས། བདག་ཀྱང་དེ་བར་འཕྲིན་ལས་ཐམས་ཅད་སྦས་པའི་ཚུལ་དུ་གནས་སྙམ་དུ་སེམས་ཚེ། ཟླ་ངོ་གསུམ་ཙམ་མཚམས་སུ། ཁྱུང་ཡུལ་དུ་སྐུ་ཞབས་རིན་ཆེ་ལོ་གསུམ་ཚུན་ཆད་དུ། ཕྱིར་ཕེབས་མི་ཐུབ་པའི་བཀའ་རྒྱ་འབྱོར། ༽ཞེས་དང་། སྟག་སླག་ཅན་ཁྱུང་ཡུལ་དུ་ཕེབས་པས་ལོ་དེར། སྟག་སླག་ཅན་གྱི་གསང་ཡུམ་དབྱིབ་དྲག་པོ་རྫོང་གི་སྲས་མོ་སྐལ་བཟང་ལྷ་མོའི་་སྲས་ཆུང་བ་གཅིག་འདས་སོང་བ་གསལ་ཏེ། བདེ་གླིང་རྣམ་ཐར་ལས། བདེ་གླིང་རང་ལོ་སོ་གསུམ་ཤིང་གླང་ལོར།༼་ཧོར་ཟླ་༡༠་པའི་ནང། དབྱིབ་ནས་མཁའ་འགྲོ་སྐལ་བཟང་ལྷ་མོའི་སྲས་ཆུང་བ་དེ་ཡང་ཞིང་ཁམས་གཞན་དུ་གཤེགས་པའི་དགོངས་རྫོགས་གྲུབ།༽ཅེས་དང་། ཡང་དེའི་ཕྱི་ལོའི་༼་ཧོར་ཟླ་བཞི་པའི་ནུབ་གཅིག་རྨིས་སྣང་ལ་མཆོག་སྤྲུལ་སངས་རྒྱས་གླིང་པའི་གདན་ས། དབྱིབ་དྲག་པོ་རྫོང་གསང་སྔགས་ཕོ་བྲང་གི་གཟིམས་སྤྱིལ་དུ་ཡོད་སྣང་ལ།༽ཞེས་དང་ཡང་། ༼་ དེ་ནས་ཧོར་ཟླ་༦་པའི་ནང་དུ་འཕགས་སྤུ་བླ་བྲང་ལ་རང་གི་ལྕམ་སྲིང་མ། མཁའ་འགྲོ་སྐལ་བཟང་ལྷ་མོ་དཔོན་གཡོག་གིས་འབུལ་བཀུར་གྱ་ནོམ་པའི། ངེད་གཞི་བྱེས་རྣམས་དགའ་སྟོན་རྒྱ་ཆེར་བགྱིས།༽ཞེས་དང་དེ་ནས་བདེ་གླིང་ཡང་བདེར་དགེར་ཕེབས་པར་གསལ་ཏེ། རྣམ་ཐར་ལས། ༼ལམ་བར་ལྕམ་མོ་སྐལ་བཟང་ལྷ་མོ་སྲས་ཡུམ་གྱིས་བསྐྱལ་བ་སླར་རྫོངས་ཤིང་། གདུང་ཚིག་མ་བུ་སྐད་འདྲེས་སོགས། མགུར་ནས་རྒྱལ་སྲས་བཙན་རྒྱས་དབང་དྲག་དེ། ལུང་ཟིན་དུ་ཡིན་འདུག་པར་མཚམས་སྦྱར། ༽ཞེས་སྟག་སླག་ཅན་གྱི་སྲས་པོ་དེ་སྤྲུལ་སྐུ་ལུང་ཟིན་ཞིག་ཡིན་པ་ངོས་འཛིན་མཛད་ཡོད་དམ་སྙམ། ཡང་རང་རྣམ་ལས། ༼་བདག་ཀྱང་ད་དབལ་འབར་སྟག་སླག་ཅན། ཕྱིར་ཕེབས་མ་ཐུབ་ན། རྟེན་འབྲེལ་སྦྱོར་བའི་གྲོགས་མོ་ཀ་རྨའི་མཚན་ཅན། རྟེན་འབྲེལ་བརྡ་རུ་བརྟེན་པ་ཡིན། ༽ཞེས་གསུངས། སྟག་སླག་ཅན་དགུང་ལོ་སོ་གསུམ་ཤིང་གླང་ཧོར་ཟླ་བདུན་པ་ནས། ཁྱུང་ཡུལ་དུ་ཕེབས། རྩེ་དགོན་དུ་བླ་མ་གཡུང་དྲུང་སོགས་ལ། སྙན་རྒྱུད་ཀྱི་དབང་ལུང་སྤེལ་བར་མཛད། དུས་རྒྱུན་ཁྱུང་ནག་རྫོང་དུ་ཁྱུང་ནག་སྲས་མོ་སར་བཞུགས་པ་རེད་ཟེར་སྲོལ་སྣང་། ༡༨༦༦་མེ་སྟག་ལོར། སྟག་སླག་ཅན་དགུང་ལོ་སོ་བཞི་བཞེས་སྐབས། རྩེ་དྲུག་དང་། གདལ་གཤིས། མན་ཌལ་རི་ཁྲོད་ཁྱུང་ནག་རྫོང་བཅས་སུ་བཞུགས།༡༨༦༧་མེ་ཡོས་ལོར། སྟག་སླག་ཅན་དགུང་ལོ་སོ་ལྔ་བཞེས་སྐབས། གཙང་སྨན་རི་དང་གྲྭ་ས་གཡུང་དྲུང་གླིང་བཅས་སུ་ཕེབས། རྒྱལ་ཆེན་གྲགས་སེང་གི་ཚོགས་དང་བསྐང་བ་བསྐུལ་པ་བཅས་བརྩམས། ༡༨༦༨་ས་འབྲུག་ལོར། སྟག་སླག་ཅན་དགུང་ལོ་སོ་དྲུག་བཞེས་སྐབས། ཁྱུང་ནག་རྫོང་དུ་བཞུགས་ཡོད་པ་གསལ་ཏེ། བདེ་གླིང་རང་རྣམ་ལས། བདེ་གླིང་དགུང་ལོ་སོ་དྲུག་ཐོག་་༡༨༦༩་ས་འབྲུག་ལོར། ཁྱུང་ཡུལ་དུ་ཕེབས་ནས། ཁྱུང་ནག་རྫོང་དུ་བྱོན་སྐབས། སྟག་སླག་ཅན་དེར་བཞུགས་ཡོད་འདུག་སྟེ། བདེ་གླིང་རང་རྣམ་ལས།༼་ཧོར་ཟླ་༨་པའི་ནང་སྟེང་རྫོང་ནས་ཕྱིར་ཡོང་བའི་ས་སྔོན་གདོང་ལ་སྒར་བས། ༼་ས་སྔོན་གདོང་ཞེས་ཁྱུང་ནག་ཝ་རྫོང་གི་རི་གཤམ་དུ་ཟེར་ཞིང་ད་ལྟའང་ས་སྔོན་སྒས་ཟེར།༽ཕྱི་ཉིན་གྲུབ་ཐོབ་དབལ་འབར་རིན་པོ་ཆེ་དེར་ཕེབས་བྱུང་ཚེ། མགོན་པོ་ཚེ་དཔག་མེད་དང་། བྲག་བཙན་གཡུང་དྲུང་དགྲ་འདུལ་སོགས་བཀའ་གཏད་ཞུས་ནས། ཟང་ཟིང་གི་འབུལ་བཀུར་བྱས་ཤིང་། གྲུབ་ཐོབ་རིན་པོ་ཆེ་ཁོང་གི་རྟེན་འབྲེལ་བྱ་བ་གང་དང་གང་དགའ། མ་ཚད་ཚ་རོང་ཁྱུང་པོ་སོགས་སྡོད་ཡུལ་ཅི་དགའ། མཁའ་འགྲོ་སྐལ་བཟང་ལྷ་མོའི་མཐུན་སྒྲུབ་ཅི་འཐད། སོགས་ཀྱི་རྟེན་འབྲེལ་བརྟགས་པ། ཞིབ་པར་དམིགས་བསལ་ཞིག་དགོས་བཀའ་ཕེབས་པས། ཁོ་བོས་ཕྱི་ཉིན་སྲིད་རྒྱལ་ཡང་སྙིང་འདུས་པའི་ཚོགས་འཁོར་ཕུལ་ནས། གྲུབ་ཐོབ་རིན་པོ་ཆེའི་ཐུགས་བཞེད་ལྟར། རྟེན་འབྲེལ་དམིགས་བསལ་བརྟགས་པས། དེ་ནུབ་དཔའ་བོ་སྟག་བརྒྱན་ལྡན་པ་ཞིག་གིས་ཞལ་ནས།༽ གསུང་སྣང་འཆར་བ་ལྟར། སྟག་སླག་ཅན་གྱི་སྐྱེས་རབས་ཞིག་དང་། གསང་ཡུམ་དབྱིབས་དྲག་པོ་རྫོང་གི་སྲས་མོ་སྐལ་བཟང་ལྷ་མོ་དང་། བོན་བསྟན་སྤེལ་ས་དབྱིབ་དྲག་པོ་རྫོང་ལ་ཡིན་པ་སོགས། ལུང་བསྟན་པ་བཞིན་སྟག་སླག་ཅན་ལ་ཡི་གེ་ཕུལ་བར་མཛད་པ་སྟེ། བདེ་གླིང་རྣམ་ཐར་ལས། ༼་་ཚ་བ་དྲག་པོ་བཀོད་དུ་འགྱུར།། ད་ནས་ཡོད་ཁམས་ཕྱོགས་སུ་བཟང་།། ལར་ཡང་སྐུ་ཚེའི་གསང་གྲོགས་དང་། བརྒྱུད་འཛིན་སྐྱེ་བ་བཞེས་ཚུལ་དང་། ༽ཞེས་དང་ཡང་༼་་སྦྱོར་ཡུམ་མཚོ་རྒྱལ་ཐུགས་སྤྲུལ་མ།། སྐལ་བཟང་མིང་ཅན་རིགས་ཀྱི་མ།། རྒྱལ་བའི་རྣམ་སྤྲུལ་སྐུ་སྲས་གསུམ།། འཁྲུངས་ནས་སངས་རྒྱས་བསྟན་པ་འཚོ།། ༽ཞེས་དང་ཡང་དེ་ལས། ༼་ས་གནད་གསུམ་ལ་དམ་སྲི་མནན།། དྲག་པོ་བཀོད་དུ་བོན་རྣམས་སྤེལ།། ཡོད་ཁམས་གནས་སུ་དབེན་ཁྲོད་ཟུངས།། ལུང་བཞིན་རྟེན་འབྲེལ་མ་འཆུག་ན། སྐུ་ཚེ་དྲུག་ཅུ་རྩ་ལྔ་བརྟན།། འོན་ཀྱང་བསྟན་འཛིན་དབང་རྒྱལ་འདི། ༽ཞེས་སོགས་གསུངས་ཏེ། དབྱིངས་སུ་གཤེགས་ནས་སྣང་ཆ་དེ་ཡལ་ལོ། ཕྱི་ཉིན་དེ་ལྟར་བྲིས་ཤིང་། ཉེ་གནས་གཡུང་དྲུང་ཚུལ་ཁྲིམས་ཀྱི་སྤྱི་བོར་ཅོན་པན་བཅིང་ཏེ་བཏང་།༽ཞེས་དང་། ཕྱི་ཉིན་ཁྱུང་ནག་རྫོང་དུ་འབོད་པས་སོང་སྟེ། མ་ཡུམ་དང་བཙུན་མོ་༼་ཁྱུང་ནག་སྲས་མོ།༽ཆབ་མདོ་ཏ་ཁང་མཁན་པོའི་སྐུ་ཚ་མ། དཔོན་མོ་སྒྲོལ་མའི་མིང་ཅན་སོགས་ཀྱིས་། ཐུགས་དགོངས་རྫོགས་པར་བྱས་ཤིང་འབུལ་བཀུར་བཅས་སྒར་དུ་འབྱོར།༽ཞེས་དང་། བཤད་སྲོལ་ལ། སྟག་སླག་ཅན་གཞོན་ནུའི་སྐབས་ནས། ཁྱུང་ནག་རྫོང་གི་སྲས་མོ་དང་འདྲིས་ཟབ་ཆེ་ན་ཡང་། རྗེས་སུ་ཚ་བ་རོང་དུ་ཕེབས་སྐབས། དབྱིབས་འཕགས་སྤུ་སྲས་མོ་མཁའ་འགྲོ་སྐལ་བཟང་ལྷ་མོ་དང་མཇལ་འཕྲད་ཀྱི་ཡུན་རིང་བཞུགས་པས། ཐུགས་འདྲིས་ཟབ་མོ་བྱུང་བ་དང་། མག་པའི་ཚུལ་མཛད་ནས། སྲས་ཡང་འགའ་ཞིག་འཁྲུངས་པ་དང་། དེར་སངས་གླིང་གདན་ས་དབྱིབས་དྲག་པོ་རྫོང་གི་གདན་ས་འཛིན་མཁན། རྨེའུ་ཚང་ལ་སྲས་པོ་མེད་པའི། བདེ་གླིང་གིས་སྟག་སླག་ཅན། དེར་བཞུགས་ནས་གདན་ས་བཟུངས་དགོས་ཚུལ་གྱི་ལུང་བསྟན་ཕུལ་བ་ལྟར། སྟག་སླག་ཅན། དབྱིབ་དྲག་པོ་རྫོང་དུ་ཡང་བསྐྱར་ཕེབས་སོང་བར་རྟེན། ཁྱུང་ནག་རྫོང་གི་དཔོན་ཡབ་ཡུམ་རྣམས། བདེ་གླིང་ལ་དད་ལོག་ཤོར་ནས་སྐུར་འདེམས་བྱས་པ་དང་། དེའི་རྐྱེན་ལས་ཁྱུང་ནག་རྫོང་གི་སྲས་པོ་རྣམས། སྔ་རྗེས་སུ་རིམ་བཞིན་འདས་སོང་བའི། དབལ་འབར་སྟག་སླག་ཅན། ཚ་བ་རོང་ནས་ཁྱུང་ནག་རྫོང་དུ་གདན་དྲངས་སྟེ། ཁྱུང་ནག་རྫོང་དུ་ལོ་ངོ་བཞི་ཙམ་བཞུགས་ཤིང་། དེ་ནས་ཁྱུང་ནག་རྫོང་གི་བེ་ཧུའི་སྲས་མོའི་གོ་མག་བཞུགས་རྩིས་སྐབས། ལོ་དེའི་དཔྱིད་ཀར། ཁྱུང་ནག་རྫོང་གི་བེ་ཧུ་ཡབ་ཚེ་དབང་བསྟན་འཛིན་འདས་ནས། ཁྱུང་ནག་དཔོན་གྱི་གདུངས་རྒྱུད་ཆད་དེ། ཁྱུང་ནག་སྲས་མོས་ནག་རུའི་དཔོན་ཚབ་བྱས་ནས། དུས་རྒྱུན་སྟེང་ཆེན་ཁར་བཞུགས་པ་དང་། སྟག་སླག་ཅན་ལ་དེ་ཙམ་བརྩེ་བ་མེད་པར་བཤད་སྲོལ་དང་། སྐབས་དེར་སླར་ཡང་བདེ་གླིང་གི་ལུང་བསྟན་ཕུལ་བ་ལྟར། སྟག་སླག་ཅན་ཡང་བསྐྱར་ཚ་བ་རོང་དུ་ཕེབས་ནས། དེར་བདེ་གླིང་གི་རྨེའུ་རུས་རྒྱུད་ལྕམ་སྲིང་མ། དབྱིབ་དྲག་པོ་རྫོང་གི་སྲས་མོ་སྐལ་བཟང་ལྷ་མོའི་གོ་མག་མཛད་དེ། དབྱིབས་དྲག་པོ་རྫོང་གི་གདན་སར། བཞུགས་བསྡད་པ་རེད་ཅེས། བཤད་སྲོལ་ཡོད་པ་རྒན་རབས་འགས་ངག་ལས་ཐོས་སོ། ས་འབྲུག་ལོ་འདིར་བདེ་གླིང་རྩེ་དྲུག་ཏུ་བཞུགས་པ་གསལ་ཏེ། བདེ་གླིང་རྣམ་ཐར་ལས། ༼་ཧོར་ཟླ་༩་པ་ནས་ཧོར་ཟླ་༡༢་བར། ཤེལ་བྲག་ཚལ་དུ་མཚམས་ཤིན་ཏུ་དམ་པར་བྱས། ༽ཞེས་དང་། ཡང་༼་སྐབས་འདིར་གྲུབ་ཐོབ་རིན་པོ་ཆེ ༼་སྟག་སླག་ཅན། ༽ཚ་རོང་གི་ཡོན་བདག་སོགས་ཀྱིས་བཀུགས་པས། རང་དབང་མེད་པར་ཚ་རོང་དུ་མི་ཕེབས་ཀ་མེད་བྱས་ནས། ཕེབས་ལམ་དུ་ཤེལ་བྲག་ཚལ་དུ་ཞབས་བཅགས་བྱུང་བས། ཞུ་གླེང་ཐམས་ཅད་གྲུབ་ཅིང་། ཁྲོ་རྒྱལ་རག་ཤ་སྤྱི་འདུལ་ཀྱི་དབང་ལུང་ཞུས་ནས་བསྙེན་བཀུར་དང་། སྨོན་ལམ་ཤིས་བརྗོད་བཅས་ཚ་བ་རོང་གི་ཕྱོགས་སུ་གཤེགས་སོ། ༽ཞེས་པ་ལྟར། ༡༨༦༨་ས་འབྲུག་ལོར་སྟག་སླག་ཅན་དགུང་ལོ་སོ་དྲུག་ཐོག་ཚ་བ་རོང་དུ་ཕེབས་དེ་བཟུང་དབྱིབ་དྲག་པོ་རྫོང་གི་གདན་ས་བཟུང་ནས་བཞུགས་སོ།། ༡༨༦༩་ས་སྦྲུལ་ལོར། དབལ་འབར་སྟག་སླག་ཅན་དགུང་ལོ་སོ་དགུ་ཐོག་མཁའ་འགྲོ་སྐལ་བཟང་ལྷ་མོར། སངས་གླིང་སྤྲུལ་སྐུ་བསོད་ནམ་བློ་གྲོས་འཁྲུངས་སོ། སྟག་སླག་ཅན་གྱིས་དམིགས་གསལ་མཛད་ཕྲིན་དག་ནི། གཡུང་དྲུང་དཔལ་རི་ལ། ཁོང་གི་སྲས་ཁྱུང་སྤྲུལ་གཡུང་དྲུང་བསྟན་འཛིན་ཁྲི་བསྐོས་མཛད་དེ། འབྲུ་ཞིག་གདན་ས་ཡང་རྫོང་དགོན་དང་། མཐའ་ཞུའི་གདན་ས། རྒོ་ཐི་དགོན་གཉིས། གཅིག་ཏུ་སྤམ་ནས། གཡུང་དྲུང་དཔལ་རི་གཙང་དགོན་དུ་བསྒྱུར་བ་དང་། ཁོང་གི་སྲས་ཆུང་བ་སངས་གླིང་སྤྲུལ་སྐུ་བསོད་ནམ་བློ་གྲོས་རྩེ་དྲུག་ཏུ་ཁྲི་བསྐོས་དང་འབྲེལ། རྩེ་་དྲུག་དགོན་ལ། གཟིགས་སྐྱོང་ཤུགས་ཆེན་གནང་ཡོད་པ་དང་། དེ་བཞིན་དགོན་སྡེ་མང་པོར་ཐུགས་ཁུར་དང་། རྒྱབ་སྐྱོར་གནང་ཡོད་པར་གསལ། ཁོང་གི་ཡི་དམ་དབལ་གསས་དང་ཕུར་པ་གཙོ་བོར་བརྟེན་པ་དང་། སྲུང་མ་དྲིལ་ནག་དང་ཨ་བསེ་བྲག་བཙན་གཙོར་བོར་བརྟེན་པར་མཛད་ཅེས་བཤད་སྲོལ་སྣང་། ཁོང་ཡབ་ཡུམ་གཉིས་ལ། སྲས་ལྕམ་དྲལ་དྲུག་ཡོད་པ་ལས། ཆེ་བ་བཙན་རྒྱལ་གྲགས་པ། དེ་འོག་སྲས་མོ་ཁྲོ་རྒྱལ་གཡང་མཛེས། དེ་འོག་སྲས་པོ་ཞིག་ཆུང་ནས་འདས། དེ་འོག་ཁྱུང་སྤྲུལ་གཡུང་དྲུང་བསྟན་འཛིན། དེ་འོག་སངས་གླིང་བསོད་ནམ་བློ་གྲོས། དེ་འོག་སྲས་མོ་སྐལ་བཟང་སྒྲོན་མ་བཅས་སོ། ༡༩༠༨་ས་སྤྲེལ་ལོར་སྟག་སླག་ཅན་དགུང་ལོ་དོན་དྲུག་བཞེས་སྐབས། ཚ་བ་རོང་དུ་ལྷ་རྒོད་སྒྲུབ་གཞུང་དང་ཆ་ལག་སོགས། མང་ཕལ་ཆེར་ཕབ་གྲུབ་དུས། ཧོར་ཟླ་༡༢་པའི་ཚེས་༣༠་ཉིན་ཞིང་ལ་ཕེབས་སོ།། ལྷ་རྒོད་ཕབ་འཕྲོ་དེ་ཕྱིས་སུ་རྩེ་དྲུག་ཁྱུང་དཀར་བླ་མ་གཡུང་དྲུང་གིས། ག་ཤེལ་ཁྲི་ཆེན་ལ་ཕུལ་ནས། གཏན་ལ་ཕོབས་རོགས་ཞུས་པ་ལྟར། ག་ཤེལ་ཁྲི་ཆེན་གྱིས་བསྐང་བ་སོགས་དང་སྲུང་བཟློགས་བཅས་འགའ་ཞིག་འཇུག་སྐྱོང་བར་མཛད། ཁོང་གིས་བཀའ་གཏེར་སྙན་རྒྱུད་གསུང་བརྩམས་བཅས། ཐོ་འཁོད་པའི་གྲལ་ལས། ཡབ་སྲས་ཐུགས་སྒྲུབ། སྲུང་བཟློག་བསད་པ་སྦྱིན་བསྲེགས་དབང་བཅས་ཆ་ཚང་གི་སྒྲུབ་སྐོར་དཔོད་གཅིག། རྩ་གསུམ་ཀུན་འདུས་དྲེགས་པ་སྤྱི་འདུལ་སྒྲུབ་སྐོར།། དྲག་སྔགས་དབལ་མོའི་སྒྲུབ་སྐོར།། ལྷ་རྒོད་སྒྲུབ་སྐོར།། སྟག་ལ་མེ་དཔུངས་དམར་ནག་དང་དྲན་པ་ཐུགས་སྒྲུབ་སྦྲག་མ་སྒྲུབ་སྐོར།། སྟག་ལ་ཕུར་བུ་རྩེ་མེད་སྒྲུབ་སྐོར།། དབལ་ཕུར་འབར་ནག་གི་སྒྲུབ་སྐོར།། སྙན་ཕུར་རམ་དབལ་ཕུར་ནག་པོ་གསང་བ་ཐུགས་ཀྱི་བརྣགས་པའི་སྒྲུབ་སྐོར།། ཕུར་པ་ལྷ་རྒྱན་གཅིག་པ། བྱ་ར་མ་གསུམ་སྒྲུབ་གཞུང་། སྲིད་རྒྱལ་དྲིལ་ནག་གི་སྲོག་སྒྲུབ་སྒྲུབ་སྐོར། སྒྲ་བླའི་རྒྱལ་མོའི་སྒྲུབ་གཞུང་། ནག་མོའི་ཐུགས་སྒྲུབ། སྒྲ་བླ་སྤྱང་ཞོན་ནག་མོའི་གཞུང་དང་ཆ་ལག་བྲག་བཙན་སྒྲུབ་གཞུང་། དྲག་སེང་སྒྲུབ་གཞུང་། དེ་མིན་བསྐང་ཆུང་དང་བསྟོད་བསྐུལ་གསོལ་འདེབས། སོགས་གྲངས་ལས་འདས་པ་བཞུགས། བྱ་ར་མ་གསུམ་གྱི་གནས་དབལ་མོ་འབྲོང་རིའི་དཀར་ཆག་དེ་མིན་ཁོང་གི་བཀའ་འགའ་ཞིག་མཇལ་མྱོང་ན་ཡང་ཡིད་ཡུལ་དུ་མི་འདུག་པའི། རྗེས་སུ་རིམ་བཞིན་བཀོད་ཆོག་པ་ཞུ། ༢༠༡༧་མེ་བྱ་ལོའི་ཕྱི་ཟླ་༨་པའི་ཚེས་༡༧་ཉིན། སྟེང་ཆེན་དགོན་པའི་སྒྲུབ་གྲྭ་དང་སྒོམ་གྲྭ་ལས་ཐོན་ཞིང་རྟོགས་ལྡན་རྣལ་འབྱོར་བ། གཟི་ཀིས་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་ནས་འདི་ལྟར་བྲིས་ཤིགས་པས། བསྐུལ་བ་བཞིན་ཞུ་འོད་ཟེར་མཐར་རྒྱས་པས། ཟླ་དགོན་རི་ཁྲོད་ཀྱི་རང་ཤག་ཏུ་༢༠༡༧་ལོའི་༨་པའི་ཚེས་༢༨་ཉིན་འཇུགས་གྲུབ་པར་བྲིས་ཏེ་ཕུལ་བ་དགེའོ། 
Re:སྟག་སླག་ཅན་ལ་ཟུར་ཙམ་དཔྱད་པ་སྨད་ཆའོ། | 2017/9/3 13:42:22
KhYungཡག་པོ་རེད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.