ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ངས་སྐྱག་རྫུན་བཤད་པ་མིན། | 2016/11/29 16:05:00

ངས་སྐྱག་རྫུན་བཤད་པ་མིན། 

རྫ་ཚེ་དབང་བསྟན་འཛིན། 

    སྤྱིར་འཇིག་རྟེན་འདིར་ལོ་ངོ་ས་ཡ་གསུམ་ལ་ཉེ་བའི་ལོ་རྒྱུས་ཡོད་པའི་མི་ཞེས་པའི་འགྲོ་བ་བྱུང་བ་ནས་བཟུང་སོ་སོའི་དུས་རབས་དང་བསྟུན་པའི་འཚོ་བའི་གནས་སྟངས།   བསམ་པའི་དཔལ་ཡོན་སོགས་མང་པོ་ཞིག་དར་ཡོད་ཚོད་འདུག  དེ་མཚུངས་སུ་འཛམ་གླིང་ཡང་རྩེའི་སྐམ་ས་ཆེན་པོར་ཆགས་པའི་མདོ་དབུས་ཁམས་གསུམ་གྱི་རི་ལུང་ཐང་གསུམ་ཀུན་ལ་འཚོ་གནས་བཅས་པའི་གདོད་མའི་བོད་མི་ཚོར་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བའི་ཉམས་མྱོང་གི་གཞི་རྩ་ནས་བྱུང་བའི་ཤེས་ཡོན་སྣ་ཚོགས་ཤིག་གྲུབ་ཡོད་པ་མ་ཟད།  རང་ཉིད་ཀྱི་འཚོ་བའི་གནས་སྟངས།  ལུས་ཀྱི་ཀུན་སྤྱོད།  བསམ་བློའི་གཞི་རྒྱ།  ལས་ཀའི་བྱ་ཐབས་སོགས་བྱ་ཐབས་སྣ་ཚོགས་ཤིག་མི་རིགས་གཞན་ལས་གོང་དུ་འཕགས་པ་ཞིག་ཤེས་ཡོད་པ་ནི་དཔེར་ན་གཟའ་སྐར་ལ་བརྟགས་ནས་ལོ་ལ་ལེགས་ཉེས་འབྱུང་མིན་དང་།  ནད་ཀྱི་གཉན་པོ་རྩ་སྨན་ངོས་འཛིན་བྱེད་སྟངས་སོགས་རིམ་བཞིན་རྒྱ་ཆེར་ཤེས་ཡོད་པ་རེད།  ཡ་ཐོག་མས་པོ་ཚོས་ཤུལ་བཞག་རིག་གནས་ཀྱི་གྲུབ་ཆ་མང་པོ་ཞིག་ལས་ད་ལྟའི་འཛམ་གླིང་ན་ཆེས་གཟི་བརྗིད་ཆེ་ཞིང་རིན་ཐང་མཐོ་བའི་ང་ཚོའི་ད་ལྟའི་ཤེས་རིག་འདི་ཡོད་པ་རེད། 

     དཔེར་ན་ང་ཚོའི་གསོ་བ་རིག་པ་ལྟ་བུའི་རིག་གནས་ཆ་གཅིག་གི་ངོས་ནས་བཤད་ན།  ང་ཚོ་གངས་ཅན་པ་ཚོས་མི་ལོ་ཁྲི་སྟོང་མང་པོའི་རིང་ནས་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་འཚོ་བ་དངོས་ཀྱི་ཁྲོད་ནས་སྐྱེས་དངོས་རྩི་ཤིང་དང་།  གཅན་གཟན་དང་རི་དྭགས་འདབ་ཆགས་སོགས་དང་།  རྡོ་རྫས་དང་ས་རྫས་ཆུ་རྫས་སོགས་ཀྱིས་ནད་བཅོས་ཐབས་ཀྱི་རིག་པ་གང་མང་ཞིག་ཤེས་ཚོར་བྱུང་།  དེ་ནས་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་སྐུ་དུས་སུ་ཉམས་མྱོང་གི་ཤེས་རིག་དེ་དག་ཕྱོགས་སྡོམས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐོག་མ་སྨན་འབུམ་དཀར་ནག་ཁྲ་གསུམ་མཛད་པ་འདུག     དེ་བཞིན་དུ་སྟོན་པ་གཤེན་རབ་ཀྱིས་རིག་གནས་བཅུའི་ལག་ལེན་དངོས་སུ་མཛད་ཡོད་པ་ནི་ད་ལྟ་ཁོང་གི་བཀའ་གཞུང་དུ་མཐོང་བ་མངོན་གྱུར་རེད། 

  འོན་ཀྱང་གནའ་དུས་ནས་ང་ཚོའི་ཤེས་རིག་དང་ཞང་ཞུང་ཤེས་རིག་རྒྱ་གར་ནག་གི་ཤེས་རིག་སོགས་ལ་འབྲེལ་བ་ཟབ་མོ་ཡོད་ཚོད་འདུག  ཨ་ལགས་དུང་དཀར་ཚང་གིས་བཤད་རྒྱུར།  བོད་མི་རིགས་ཀྱི་གནའ་བོའི་རིག་གནས་ཁག་གཅིག་ཞུང་ཞུང་རིག་གནས་ལས་བྱུང་བ་དང་།  ཁག་གཅིག་ཞང་ཞུང་རིག་གནས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་ཞེས་དང་།  མཁས་དབང་དགེ་ཆོས་ཀྱིས་ཀྱང་།  མདོ་སྨད་ནས་བཏོན་པའི་གཏེར་རྫས་འཁྲུལ་མེད་ཀྱི་སྐུ་བརྙན་འགའ་རེ་སྔོན་མཐོང་བ་ཕྱིས་སུ་རྒྱ་གར་གྱི་སྐུ་བརྙན་མང་པོ་མཐོང་ཚེ་དེའི་སྲོལ་དུ་འདུག་ཅེས་གསུང་ཡོད་མོད།  རྒྱུ་མཚན་དེར་བལྟས་ན་ང་ཚོ་བོད་ཡང་རྒྱལ་ཁབ་གཞན་གྱི་ཤེས་རིག་དང་གོམས་གཤིས་ལ་འབྲེལ་བ་ཡོད་ས་མང་རྒྱུ་རེད།  འོན་ཀྱང་འབྲེལ་བ་ཡོད་པ་ཙམ་གྱིས་ང་ཚོའི་ཤེས་རིག་དང་གོམས་གཤིས་ཀྱི་ཁུངས་རྒྱལ་ཁབ་དང་མི་རིགས་གཞན་པ་ཞིག་ལ་གཏུགས་ཅི་ཐུབ་བྱེད་པ་ནི་ནོར་འཁྲུལ་རེད། 

  ལྷག་པར་དུ་སྐབས་ཤིག་ལ་རང་རེའི་བོད་མི་ཚོས་རིག་གནས་དང་ལོ་རྒྱུས་སོགས་མང་པོ་ཞིག་གི་ཁུངས་རྒྱ་གར་ལ་གཏུགས་ཀྱིན་འདུག  འདིའི་རིགས་ལ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་རྒྱུར་རིག་གནས་མཐའ་དག་གི་རྩ་བ་རྒྱ་གར་ལ་གཏུགས་དགོས་པའི་འདོད་ཚུལ་ཞིག་ད་དུང་ཨ་ན་ཨུ་ཚུགས་ཀྱིས་འཆང་གི་ཡོད།  དེ་ལྟར་བྱས་པའི་འབྲས་བུར་བོད་མི་རིགས་རང་ཉིད་ལ་རང་རྐྱ་འཕེལ་བའི་ཤེས་རིག་ཅི་ཡང་མེད་པ་ཞིག་ལ་མ་ཆགས་རང་ཆགས་སུ་བྱུང་ཞེས་བཤད་པ་ནི་ངོ་མ་བདེན་དོན་དང་གནས་ལུགས་ཡོད་པའི་སྙིང་གཏམ་ཞིག་ཏུ་སྣང་།  ད་དུང་དཔལ་དོན་འགྲུབ་རྒྱལ་གྱིས་ཀྱང་།  རང་རེ་མཁས་པ་རྣམས་ལ་ཞན་ཆ་ཞིག་ཡོད་པ་ནི།  རིག་གནས་དང་ལོ་རྒྱུས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱེད་པ་དེ་རེད་དེ་ཙམ་ལ་ངོ་རྒོལ་བྱེད་མ་ཐུབ་པ་ནི་ང་ཚོ་གཞོན་ནུ་རྣམས་ཀྱི་ངོ་ཚ་ཡིན་པར་མ་ཟད།  ང་ཚོ་མི་རིགས་འདིའི་ངོ་ཚ་ཞིག་ཀྱང་རེད་ཅེས་བཤད་ཡོད།  ལྷག་པར་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོ་སྟེ་བྱ་ཁྲི་བཙན་པོའམ་པུ་དེ་གུང་རྒྱལ་གྱི་སྐུ་དུས་སུ།  རང་རེ་བོད་པ་ནི་ལྕགས་ཆས་ཀྱི་དུས་རབས་སུ་སླེབས་ནས་གཏེར་རྡོ་སྣ་ཚོགས་བཞུས་ཏེ་གསེར་དང་།  དངུལ་ཟངས་སོགས་ལྕགས་རིགས་སྣ་ཚོགས་བཏོན་པའི་རིག་པ་གསར་དུ་རྙེད་པ་དེས་ང་ཚོ་གངས་ཅན་པ་ལ་སྔ་མོ་ནས་ལག་རྩལ་གྱི་འཕེལ་རྒྱས་ཚད་ངེས་ཅན་ཞིག་ལ་ཐོན་ཡོད་པ་མཚོན་ཐུབ། 

 མདོར་ན་གཟི་བརྗིད་བླ་ལྷག་ཏུ་མཐོ་བའི་ང་ཚོ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་།  རྩོམ་གཞུང་རིག་གནས།  སྒྱུ་རྩལ་རིག་གནས་སོགས་རིག་གཞུང་ཕལ་ཆེར་གྱི་ཁུངས་ནི་མེས་པོ་སྐུ་དྲིན་ཅན་ཚོའི་རྣམ་དཔྱོད་ཀྱི་རྩལ་ཤུགས་ལས་གྲུབ་པ་ཤ་སྟག་ཡིན་པ་ནི་དེང་དུས་རྒྱལ་སྤྱིའི་མཁས་དབང་མང་པོ་ཞིག་གིས་ཀྱང་འདོད་ཀི་ཡོད་པ་ལས་ངས་སྐྱག་རྫུན་བཤད་པ་མིན། 

Re:ངས་སྐྱག་རྫུན་བཤད་པ་མིན། | 2016/12/9 13:24:11
སྐུ་མགྲོན་0EUg83(སྐུ་མགྲོན)བཀའ་དྲིན་ཆེ
རྩོམ་པ་པོ།:སྐུ་མགྲོན་0EUg83(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.