སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་ལ་དཔྱད་པ། | 2016/10/10 14:28:00
ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་ལ་དཔྱད་པ། གླིང་བཞི་བསྟན་པའི་འབྱུང་ཁུངས་དང་། རྒྱལ་རབས་བོན་གྱི་ལོ་རྒྱུས་རྩོམ་པ་པོ། ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་གྱི་འཁྲུང་ཡུལ་དང་འཁྲུངས་ལོར་དཔྱད་པ། དང་པོ། འཁྲུངས་ཡུལ་ལ་དཔྱད་པ་ནི། ༼༼་ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༽༽ནག་ཆུ་ས་གནས་སྲིད་གྲོས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་གི་བསྡུ་སྒྲིག་བྱས་པས། ༼་་ཧོར་གྱི་རྒྱལ་རབས་དང་ཁྱུང་པོའི་ལོ་རྒྱུས།་་༽མི་རིགས་དཔེ་སྐྲུན་ཁང་གིས། ༢༠༡༤ལོའི་པར་མ། ཁྱུང་པོའི་རྒྱལ་རབས་དང་ལོ་རྒྱུས། ཞེས་པའི་འཇུག་བྱང་ཤོག་གྲངས་༡༠༨་ལས། ༼་་ཞེས་གདུང་རབས་མེ་ཏོག་ཕྲིང་བ་འདི། ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས། ཁྱུང་རྫོང་ངང་སྐྱའི་རི་ཁྲོད་དུ། སྟོད་སྨད་གྲྭ་པ་མང་པོས་ཞུས་བསྒྲིགས།་་༽ ཞེས་དང་། ཡང་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་གིས། ༢༠༡༠ལོའི་པར་མ་དེབ་དང་པོ་སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར་ལས། གླིང་བཞི་བསྟན་པའི་འབྱུང་ཁུངས་གི་འཇུག་བྱང་། ཤོག་གྲངས་༤༤༧་ལས། ༼་་དེ་ལྟར་གླིང་གཞི་བོན་གྱི་བྱུང་ཚུལ་ཞེས་བྱ་བ་འདི་ནི། གང་ཞིག་ཐེ་ཚོམ་སེལ་ཅིང་ཡིད་ཆེས་སྐྱེ་བར་བྱ་བའི་ཕྱིར་རམ། བསྟན་པ་དང་སེམས་ཅན་གྱི་དོན་ལ་བསམ་ནས། གངས་ཅན་བོད་ཀྱི་ཤར་ཕྱོགས། མདོ་གམ་སྟོད་སྨད་མཚམས་སུ་སྐྱེས་པའི། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་བྱ་བས། ས་མོ་ལུག་གི་ལོ་ལ། གླིང་ཡུལ་གྱེར་མཛོ་གཉེན་པོའི་ལྷོ་ཕྱོགས། སྐུ་བླ་ཁྱུང་འཛོང་ངང་སྐྱ། རྒྱལ་བ་ཐོད་དཀར་གྱི་རི་ཁྲོད་དུ་ལེགས་པར་སྦྱར་བའོ།་་༽ཞེས་དང་ཡང་རྟེན་འགྱུར་སོག་སྤྲུལ་པར་མ། ༼་་གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས་བཞུགས་པ་ལེགས།་་ ༽ཞེས་པའི་འཇུག་བྱང་ལས། ༼་་གཤེན་གཏེར་གྱི་ལོ་དྱུས་མང་ཡང་། ཞུ་གཤེན་གཉིས་ཀྱི་ཡིག་ཆུང་གཙོར་བཞག་ནས། དོན་བཅོས་སླད་མེད་པར་ཚིག་ཕྱོགས་ཅིག་ཏུ་བསྡེབ་ཏེ། མདོ་གམ་ཤར་དུ་སྐྱེས་པའི། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱི་སྦྱར་བ་འདི་ནི། ཤིན་ཏུ་ཁུང་བཙུན་པར་བྱས་ཏེ། དག་པར་གཏུགས་སོ།་་༽ཞེས་དང་། ཡང་རྟེན་འགྱུར་སོག་སྤྲུལ་པར་མ། ཡོངས་རྩེ་ཀློང་ཆེན་གྱི་ ༼་་བཤད་བྱང་འཕྲུལ་གྱིས་ལྡེ་མིག་ཞེས་བྱ་བ་བཞུགས་སོ།་་༽ཞེས་པའི་འཇུག་བྱང་ལས། ༼་་ ཁྱུང་པོ་རུས་ཐོབ་བློ་གྲོས་རྒྱལ་མཚན་བྱ་བས། ལྕགས་མོ་བྱ་ཡི་ལོ་ལ། ཤར་བུ་འབོར་སྒང་གི་རི་ཁྲོད་རྣམས་སུ་ལེགས་པར་སྦྱར་བའོ།་་༽ཞེས་གོང་དུ་གསལ་བའི་ས་གནས་དང་རི་མིང་གླིང་ཡུལ་གྱེར་མཛོ་གཉེན་པོ་དང་། སྐུ་བླ་ཁྱུང་རྫོང་ངང་སྐྱ། རྒྱལ་བ་ཐོད་དཀར་གྱི་རི་ཁྲོད་དང་། ཤར་བུ་འབོར་སྒང་གི་རི་ཁྲོད་ཅེས་པ་འདི་དག་གང་དུ་ཡོད་དམ་སྙམ་ན། སྟོང་རྒྱུང་བརྔན་མོ་ཆེ་ལས། ༼་་སྐྱོག་ཆེན་ལྡོང་ར་ལས་སོགས་ཏེ། འབྲི་ཀླུ་ཉིན་སྲིབ་ས་བདག་ཀླུ་གཉེན་བརྔན། ༼ཟླ་ཁྲ་སྡོམ་ཝ་སྙིང་མེ་འགྱུ་དང་།་་༽རྫ་ཁྲ་སྡོམ་ཝེར་སྙིང་མི་འགྱུར་དང་། གེར་མཛོ་རི་དམར་དབང་ཞུ་དང་། ཁྱུང་རྫོང་ངང་སྐྱ་ལས་སོགས་ཏེ།༼་་ཟླ་ཉིན་སྲིབ་ས་བདག་ཀླུ་གཉེན་བརྔན།་་༽ ཤར་རྫའི་ས་བདག་ཀླུ་གཉེན་བརྔན།་་༽ཞེས་དཔེ་རྒྱུད་གཉིས་དང་། ཡང་སྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད་པའི་བརྔན་ལས། ༼་་འབྲིའི་ཁུ་བྱུག་རིང་བཙུན་དང་། འབྲི་རྒྱལ་འབྲི་ཆེན་ལྡོང་རྡུལ་དང་། ཇོ་བོ་སྐྱོག་ཆེན་ལྡོང་ར་དང་། ཤར་གམ་པོ་གངས་རི་ལས་སོགས་ཏེ། འབྲི་ཀླུའི་ས་བདག་ཀླུ་གཉེན་བརྔན། སྐུ་བླ་གཡུ་རྩེ་ལས་སོགས་ཏེ། བུ་འབོར་སྒོང་གི་གཞི་བདག་བརྔན། རྫ་སྟོད་རིན་ཆེན་འབར་བ་དང་། རྫ་ཁྲ་གདོང་ཝ་སྙིང་མེ་འགྱུ་དང་། སེ་ཕྲོམ་གཉེན་དང་ཞིག་རལ་གཉན། གེ་མཛོ་རི་བོ་དབང་ཞུ་དང་། ལྕམ་མོ་ཀླུ་སྨན་དཀར་མོ་དང་། ཁྱུང་རྫོང་ངང་སྐྱ་ལས་སོགས་ཏེ། ཤར་རྫའི་ས་བདག་ཀླུ་གཉན་བརྔན།་་༽ ཞེས་དང་ཡང་ཤར་རྫ་རིན་པོ་ཆེའི་རྣམ་ཐར་ལས། ༼་་སྒང་རིང་བཞི་ལས། བསྡ་སྒང་རིང་མོའི་སའི་ཆ། ཤར་རྫའི་རི་རྒྱུད་འདི་ལ། བསྡ་སྙི་བསེ་གསུམ་ལས། བསྡ་སྙིང་གཉིས་ཤར་རྫའི་རི་རྒྱུད་ཡིན་ལ། རྨ་ཆུ་རྫ་ཆུ་འབྲི་ཆུ་རྔུལ་ཆུ་སྟེ། ཆུ་བཞི་ལས། རྨ་ཆུ་དང་འབྲི་ཆུ་གཉིས་ཀྱི་བར་དུ་ཆུད་པའི་ཛ་ཧུ་ཞེས་རྫ་ཆུའམ། ཤར་རྫ་ཟླ་བ་ཤེལ་ཀླུང་དུ་འབོད་པའི། བརྡའི་རི་ངོགས་དེར། ཤར་རྫའི་ཡུལ་ཞེས་གྲགས་པ་དེ་ཡོད།་་༽ཅེས་དང་། ཡང་། ༼་་ཤར་རྫ་གཡུང་དྲུང་ལྷུན་པོ་འམ། རྫ་ཁྲ་སྡོམ་ཝེར་སྙིང་མི་འགྱུར་ཞེས།་་༽དང་། ༼་་འབྲི་ཟླའི་སྒང་གི་ནང་ཚན་ཤར་རྫའི་ཡུལ།་་༽ཞེས་པ་སོགས་ལས་གསལ་བར་གསུང་བ་ལྟར་རོ།། །། གཉིས་པ། འཁྲུངས་འདས་ལོ་ཚིག་ལ་དཔྱད་པ། དཔལ་ཚུལ་བསྟན་འབྱུང་ལས། ལ་སྟོད་རི་པ་ཤེར་བློའི་བླ་མ་དང་མཆེད་གྲོགས་གཉིས་ཀ་ཡིན་པ། བྲུ་རྒྱལ་བ་གཡུང་དྲུང་། ལ་སྟོད་རི་པ་ཤེར་བློའི་སློབ་མ། བྲུ་སྟོན་རྣམ་རྒྱལ་ཀ་ར་དང་ཁྱུང་རང་གྲོལ་བླ་མ་རྒྱལ་མཚན།  ༼སྙན་རྒྱུད་ལས། ཁྱུང་རང་གྲོལ་བླ་མ་རྒྱལ་མཚན་དང་ཙོང་ཁ་པ་༼་་མེ་བྱ། ༡༣༥༧་ལོར་འཁྲུངས།་་༽བློ་བཟང་གྲགས་པ་གཉིས་མཇལ་འཕྲད་བྱས་ཚུལ་འཁོད།༽ ཁྱུང་རང་གྲོལ་བླ་མ་རྒྱལ་མཚན་གྱི་སློབ་མ། གར་ཚ་བསོད་བློ་དང་། ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་གཉིས། གར་ཚའི་སློབ་མ། སྤ་བསྟན་རྒྱལ་བཟང་པོ།༼བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་རྩོམ་པ་པོ་བརྩམས་ལོ་ཤིང་བྱི། ༡༤༤༤་་༽ ཡིན་པ་གསལ་བའི་དེ་ལྟར་ན། ལ་སྟོད་རི་པ་ཤེར་བློའི་བླ་མ་དང་མཆེད་གྲོགས་གཉིས་ཀ་ཡིན་པ། བྲུ་རྒྱལ་བ་གཡུང་དྲུང་ནི། རབ་བྱུང་བཞི་པའི་ཆུ་སྟག་ཕྱི་ལོ། ༡༢༤༢་ལོར་འཁྲུངས་ནས། དགུང་ལོ་ཞེ་དགུ་ལྕགས་སྟག་ཕྱི་ལོ། ༡༢༩༠་ལོར་འདས། དེའི་སློབ་མའམ་མཆེད་གྲོགས། ལ་སྟོད་རི་པ་ཤེར་བློས། ཁྱུང་རང་གྲོལ་བླ་མ་རྒྱལ་མཚན་ལ་སྙན་རྒྱུད་རྫོགས་གནང་བ་གསལ་ལ། དཔལ་ཚུལ་བསྟན་འབྱུང་དང་བོན་བརྒྱ་རིན་པོ་ཆེས། ཁྱུང་རང་གྲོལ་བླ་མ་རྒྱལ་མཚན། ཤིང་འབྲུག་ལ་འཁྲུངས་པར་བཞེད་ཀྱང་། ཀུན་མཁྱེན་ཉི་མའི་བཞེད་པ་ལྟར། ས་འབྲུག་ཕྱི་ལོ། ༡༣༢༨་ལོར་འཁྲུངས་ལོ་འདི། ལོ་རྒྱུས་དངོས་དང་མཐུན་ཤས་ཆེ།  ཤོག་འཁྱལས་ཤིག་ལས་ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་རྟ་ལོར་འཁྲུངས། ཕག་ལོར་འདས་ཞེས་པ་སྣང་བའི།  རབ་བྱུང་དྲུག་པ་དང་བདུན་པའི་ནང་བྱོན་ན་མ་སྙམ་སྟེ། ཁོང་གིས་བརྩམས་པའི་གླིང་བཞི་བསྟན་པའི་འབྱུང་ཁུངས་ལས། གཤེན་ཀླུ་དགའི་གཏེར་ཐོན་ལོ། རབ་བྱུང་མ་ཚུགས་གོང་གི་མེ་སྦྲུལ་ཕྱི་ལོ་༡༠༡༧་ནས་རྩིས་པས། མི་ལོ་བཞི་བརྒྱ་ཉི་ཤུ་རྩ་གཅིག་ཐོག་ས་རྟ་ལོར། མདོ་སྟོད་དུ་ཁོང་གི་ཡབ་ཁྱུང་པོ་རིན་པོ་ཆེ། རིན་ཆེན་རྒྱལ་མཚན་འདས། དེའི་ཕྱི་ལོ་ས་ལུག་ཕྱི་ལོ་༡༤༣༩་ལོར། གླིང་གཞི་བསྟན་པའི་འབྱུང་ཁུངས་བརྩམས་ལོ་ཡན། གཤེན་གཏེར་ཐོན་ནས། མི་ལོ་བཞི་བརྒྱ་ཉི་ཤུ་རྩ་གཉིས་སོང་བར། བླ་ཆུང་ཁོང་གིས་གསུང་བའི་ཕྱིར་རོ། དེའི་ཕྱི་ལོ་ལྕགས་བྱ་ལོར། རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་གྱི་ ༼་་བཤད་བྱང་འཕྲུལ་གྱིས་ལྡེ་མིག་་༽ཅེས་པ་བརྩམས་ཞེས་འཁོད་ལ། བླ་མ་འདི་ཁྱུང་རང་གྲོལ་བླ་མ་རྒྱལ་མཚན་གྱི་སློབ་མ་ཡིན་ཚུལ་ནི། ཁོང་གིས་བརྩམས་པའི་རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་གྱི་༼་་བཤད་བྱང་འཕྲུལ་གྱིས་ལྡེ་མིག་ཞེས་བྱ་བ་བཞུགས་སོ།་་༽ཞེས་པ་ལས། ༼་་ཁྱུང་པོའི་རུས་ཐོག་བློ་གྲོས་རྒྱལ་མཚན་བདག །ཤར་འབྲི་ཟླའི་བར་དུ་མི་ལུས་ཐོབ། ལོ་དྲུག་བདུན་འཚམས་ནས་བོན་སྒོར་ཞུག །ལོ་བརྒྱད་དགུར་ལོན་པའི་དུས་ཚོད་ནས། དོན་སྟོང་ཉིད་ཀྱི་གོ་བ་ཕྱོགས་ཙམ་གཅིག །གཏད་མེད་དང་བཅོས་མེད་སང་ངེ་བ། དེ་དོན་དུ་གསལ་ཡང་སྨྲ་མི་ཤེས། གཞན་མདོ་འབུམ་དང་སྔགས་སེམས་གྷ་གྷ་ཞིག །ཚིག་ཐོས་པ་ཙམ་གྱིས་སྤྲོ་དགའ་སྐྱེས། བཅུ་གཅིག་ནས་དབུས་གཙང་གི་གྲྭ་ས་བསྐོར། ཡུལ་སྟོང་ལུང་ཡོག་ཐང་མཐོང་སྨོན་ན། རང་གྲོལ་བླ་མ་རྒྱལ་མཚན་དེ་དང་མཇལ། ལས་སྨོན་ལམ་གྱིས་རྟེན་འབྲེལ་མཚན་ལྟས་བཟང་། བོན་ཡང་རྩེ་ཀློང་ཆེན་གྱི་རྒྱས་བཤད་ཉན། རང་ངེས་ཤེས་སྐྱེ་བའི་བྱིན་རླབས་ཞུགས། དུས་དེ་ནས་ཕྱག་ཕྱིར་ལོ་དགུར་འབྲིངས། དེར་ཁྲིད་ཚར་ལྔ་བཅུ་རྩ་གྲངས་ཐོབ། ཕ་འགྲོ་བའི་མགོན་པོ་དེ་ཉིད་ལ། ཡང་བཀའ་ཐོབ་ཀྱིས་སློབ་མ་མང་ལག་སྟེ། དོན་ཐུགས་རྒྱུད་ཀྱིས་བུ་ཆུང་ཁོ་བོ་ཙམ། སེམས་ཞེ་ཁྲེལ་མེད་པའི་ཞུ་གཏུགས་བྱས། བོན་རྫོགས་ཆེན་གྱིས་བཀའ་རྒྱུད་འཛིན་སླ་སྟེ། ཚུར་བདག་རྒྱུད་ལ་འབྱོར་པ་རྐ་མོ་གདའ། དེ་ཚིག་དོན་གྱིས་སྤྲོས་པ་འགྱོད་མེད་བཅད། ང་སྤྲང་པོ་མི་རྗེས་འཚོ་བ་ཡང་། རྗེ་བླ་མ་དེའི་བཀའ་དྲིན་ཡིན། རང་ཉམས་དགའ་བས་དེ་སྐད་གླེང་། ཕྱིས་འགུ་རུ་ཡོན་ཏན་སེང་གེ་ལ། ཡང་རྫོགས་ཆེན་ཡང་རྩེ་ལ་སོགས་གྷ། ཞུ་གཏུག་ནན་ཏན་དེར་ཡང་བྱས། བཀའ་བཤད་བྱང་འདི་ཡང་བདག་གིས་སྦྱར། ་་༽ཞེས་གསུང་པ་ལས་ཤེས་སོ། ཁྱུང་རབས་གསེར་སྒོམ་མ་ལས། ཁྱུང་ཨ་བླའི་ལྕམ་སྟག་བཟའི་སྲས། བློ་གྲོས་རྒྱལ་མཚན་གྱིས། གླིང་བཞི་བསྟན་པའི་འབྱུང་ཁུངས་སོགས་བརྩམས་པར་འཁོད་པ་ནི། མ་ངེས་ཏེ། ལོ་ཚིག་དང་ཡབ་སོགས་མི་གཅིག་པའི་ཕྱིར་དང་། སྤྱིར་ཁྱུང་རབས་གསེར་སྒོམ་མའི་དཔེ་རྙིང་། ནག་རུ་གྲྭ་བསྟན་འཛིན་ཕུན་ཚོགས་ཀྱིས་ཕྲན་ལ་གཡར་བ་དེ་ནི། མཆན་ཆུང་ཤིན་ཏུ་མང་པོ་ཞིག་འདུག་ལ། ཕྲན་གྱི་དཔེ་བཤུ་སྐབས། མཆན་རྣམས་གུག་རྟགས་ནང་བཞག་པ་ཡིན་ཏེ། ཕྱིས་སུ་བཤུ་འབྲི་སྐབས་གུག་རྟགས་མེད་པ་བཟོས་འདུག་པའི། མ་དཔེ་དངོས་དང་། མཆན་གང་ཡིན་ཆ་མི་ཕྱེད་པར་སྣང་བར་བྱས་འདུག་ལ། ཕྲན་གྱིས་བཤུས་པའི་མ་དཔེ་དེ་ནི། ཁྱུང་ནག་སྤུ་ལ་བླ་མར་གཡར་པོ་ཕུལ་ཏེ། ད་བར་ཚུར་རང་ལག་ཏུ་མ་འབྱོར་ལ། མ་དཔེ་དངོས་ནི་ལྷོ་གཏམ་སྟོད་ཤང་ཁོངས། གནུ་ཁོ་དང་བྲག་ལ་རྒྱུད་ལ་ཡོད་པར་ཐོས་པ་ཙམ་ལས།  ད་ལྟ་མཐོང་ཡུལ་དུ་མ་གྱུར། ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་གྱི་ཡབ་ནི། ཁྱུང་པོ་སྟེང་ཆེན་ཕྱོགས་ནས་ཡིན་ནམ་སྙམ་སྟེ། གླིང་གཞི་བསྟན་པའི་འབྱུང་ཁུངས་ལས། ༼་་འདི་ནི་མདོ་སྟོད་དུ་ཁྱུང་པོ་རིན་པོ་ཆེ། ཕ་རིན་ཆེན་རྒྱལ་མཚན་འདས་པའི་ཕྱི་ལོ་དེ་ལ་བརྩིས་པའོ།་་༽ཞེས་འཁོད་པ་དང་ཁྱུང་རབས་ལས། ༼་་དེ་རྣམས་ཀྱི་དབོན་པོ་རིན་པོ་ཆེ་བསོད་རྒྱལ་ནི། སྐུ་མཚན་དཔེ་དང་ལྡན་པ་། ཐུགས་མངོས་ཤེས་མངའ་བ། ཆེ་བཙུན་བཟང་གསུམ་འཛོམས་པ། བསོད་ནམ་དང་འབྱོར་བ་ཚོགས་པ། བོན་པོ་རྣམས་དང་། བོད་ཁམས་སྤྱིའི་ཕ་རྒན་དུ་བཀུར་བ། མཚན་ཡོངས་སུ་གྲགས་པ་དེ། རབ་སྒང་དུ་བོན་དགོན་གཅིག་ལ་གདན་དྲངས། བུ་འབོར་སྒང་དུ་སླེབས་དུས་གཞི་བདག་ཐམས་ཅད། བསུ་བ་བྱུང་་་༽ཞེས་ཁྱུང་པོ་སྟེང་ཆེན་གྱི་ཁྱུང་བླ་རྣམས། མདོ་སྨད་དུ་ཕེབས་པར་གསལ་བས། ཤར་རྫ་ཁོག་ཏུ་སྲས་པོ་འཁྲུངས་པ་དང་། ཕྱིས་སུ་སྟེང་ཆེན་དུ་ཡབ་འདས་ཀྱང་། བླ་ཆུང་ཁོང་མ་ཡུམ་གྱི་ཡུལ། ངང་སྐྱའི་རི་ཁྲོད་སོགས་སུ་བཞུགས་སམ་སྙམ་མོ།། །།དོག་སློང་ཙམ་དུ་མཐའ་ཞུ་འོད་ཟེར་མཐའ་རྒྱས་པས། ཕྱི་ལོ་༢༠༡༦་ལོའི་ཟླ་༩་འི་ཚེས་༩་ཉིན་བྲིས་པའོ། བཀྲ་ཤིས།

Re:ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་ལ་དཔྱད་པ། | 2016/10/12 10:35:25
སྐུ་མགྲོན་p73Wob(སྐུ་མགྲོན)ཡུལ་སྟོང་ལུང་ཡོག་ཐང་མཐོང་སྨོན་ན། རང་གྲོལ་བླ་མ་རྒྱལ་མཚན་དེ་དང་མཇལ། ཞེས་གསུངས་པའི་་་སྟོང་ལུང་ཡོག་ཐང་མཐོང་སྨོན་་་འདི་ཡུལ་གཅིག་གི་མིང་ཡིན་ནམ། ཡང་ན་ཡུལ་ཁ་ཤས་ཅིག་གི་མིང་ཡིན། གསུངས་རོགས་གནོངས། རྩོམ་ཡིག་ཅིག་ནང་གཡས་རུ་དབེན་ས་ཁ་དེ་ཡོག་ཐང་ཡིན་རབས་ཤིག་བྲིས་འདུག ཡིན་ནའང་དཔེ་ཁུངས་དྲངས་མི་འདུག་པས་བློ་དོག་གི་ངང་དུ་གནས།
རྩོམ་པ་པོ།:སྐུ་མགྲོན་p73Wob(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་ལ་དཔྱད་པ། | 2016/10/12 10:41:41
སྐུ་མགྲོན་p73Wob(སྐུ་མགྲོན)ད་དུང་དཔྱད་རྩོམ་འདི་ཁ་གསལ་ཙམ་དང་རྒྱས་ཙམ་འབྲི་ཐུབ་ན་ཀུན་ལ་ཕན་པའི་རྒྱུ་རུ་འབྱུར་རོ། འདི་ལྟར་རང་གི་གྲུབ་མཐའ་ལ་ཐུགས་སྣང་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། །
རྩོམ་པ་པོ།:སྐུ་མགྲོན་p73Wob(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་ལ་དཔྱད་པ། | 2016/10/25 21:13:07
ཧི་མ་ལ་ཡའི་རྒྱལ་སྲས།(སྐུ་མགྲོན)རིན་པོ་ཆེ་བཀའ་དྲིན་ཆེ། དཔྱད་རྩོམ་དོན་སྙིང་ལྡན་པ་ཞིག་བྲིས་གནང་འདུག ཆོག་མཆན་གནང་རོགས། བོན་གྱི་དྲིས་ལན་དྲ་མཛོད་དུ་འགོད་རྒྱུ་ཡིན།
རྩོམ་པ་པོ།:ཧི་མ་ལ་ཡའི་རྒྱལ་སྲས།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་ལ་དཔྱད་པ། | 2016/10/30 15:21:48
སྐུ་མགྲོན་Joe5Iu(སྐུ་མགྲོན)ཡུལ་(སྟོང་ནོར་)སྟོད་ལུང་ཡོག་ཐང་གར་ཡོད་མ་ཤེས།
རྩོམ་པ་པོ།:སྐུ་མགྲོན་Joe5Iu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་ལ་དཔྱད་པ། | 2016/10/30 15:25:13
སྐུ་མགྲོན་Joe5Iu(སྐུ་མགྲོན)བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ། མཁས་དབང་ཧི་མ་ལའི་རྒྱལ་སྲས་རིན་པོ་ཆེ་ལགས་སོ། བཀའ་དྲིན་ཤིན་ཏུ་ཆེ།
རྩོམ་པ་པོ།:སྐུ་མགྲོན་Joe5Iu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་ལ་དཔྱད་པ། | 2016/11/2 21:05:16
སྐུ་མགྲོན་NSi7MY(སྐུ་མགྲོན)དཀའ་དྲིན་ཆེ། ངས་སྔོན་མ་ཞིག་ལ་དགེ་ལུགས་པའི་དགེ་བཤེས་རྗེ་བཙུན་ཤེས་རབ་རྒྱ་མཚོས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་ཞིག་འདུག་དེ་འགོ་ནས་མར་ཏོག་ཙམ་བཀླགས་མྱངས། རྣམ་ཐར་དེར་འདི་འདྲ་ཞིག་བྲིས་འདུག ཙོང་ཁ་པས་ལྷ་སར་སྨོན་ལམ་ཆེན་མོ་ཐོག་མར་བཙུགས་སྐབས་བོན་གྱི་ཡོག་ཐང་དགོན་པའི་དཔོན་སློབ་མང་པོས་འབུལ་བ་རྒྱ་ཆེར་ཕུལ་བའི་སྐོར་ཞིག་བྲིས་འདུག རྣམ་ཐར་དེ་ལག་ཐོག་ལ་མེད་པས། ཚིག་ཟིན་ཇི་བཞིན་ནི་མ་ངེས། དེ་འདྲ་ཡིན་དུས་བོན་གྱི་ཡོག་ཐང་དགོན་པ་ག་བར་ཡོད་ན་བསམ་བྱུང་ཞུ།
རྩོམ་པ་པོ།:སྐུ་མགྲོན་NSi7MY(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.