སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྲིད་པའི་མཛོད་ཕུག་དང་ཆོས་མངོན་པ་མཛོད་བར་དཔྱད་
[ 2015/9/26 18:22:00 | By: lodoe ]
 

བརྒྱད་པ། ཉི་ཟླའི་འཆར་ཚད་སྐོར།

མཛོད་ལུགས་ཀྱི་ཉི་ཟླའི་ཚད་དབྱིབས་དང་། ཉི་ཟླའི་མཐོ་ཚད་གང་ནས་འཆར་བ། དབྱར་དགུན་ཉིན་མཚན་རིང་ཐུང་ཇི་ལྟར་འབྱུང་ཚུལ་རྣམས་སོ་སོར་བཤད་སྐབས་མཛོད་དཔེ་གཉིས་ཀྱི་ཚིག་དོན་འདྲ་མཚུངས་འདི་ལྟར་འབྱུང་སྟེ། མཛོད་ཕུགས་༢༦ལས{31}། ༼ཉི་རི་ཟླ་རི་རྭང་ཝེར་འཁོར། ཉི་ཟླ་རི་རྒྱལ་ཕྱེད་ནས་འཆར། གེ་དྷིལ་དྷེར་གྱིན་ང་དྲུག་ཅུ། དཔག་ཚད་དག་ནི་ལྔ་བཅུ་དང་། ང་ཅུ་ཏིག་ཏི་དེ་ཙུ་ནི། ལྔ་བཅུ་གཅིག་ཏུ་ཡོད་པར་སྟོན། ཉི་རི་ཏི་ཕྱེ་མུ་ཁ་ཕྱེ། ཉི་མ་ཕྱེད་དང་ནམ་ཕྱེད་དང་། ཁོར་ཞི་ནུང་༼ཞུང་༽ནི་ཏི་ནོ་ཏིག འཆར་དང་ནུབ་པའི་དུས་ནི་གཅིག དུན་ཚོགས་ཤི་པི་ད་རི་ནི། སྟོན་དང་དགུན་གྱི་ར་བ་ཡི། དེ་ཙེ་གུ་དུན་གུ་ཚོགས་ཅི། ཚེས་ནི་དགུ་དགུ་དུས་བཟུང་སྟེ། ཁི་ལད་ཁི་ཁར་སྣིས་ཅུ་གྱིན། ཉིན་མཚན་རིང་ཐུང་ཟློག་པར་འགྱུར། ཉིན་མཚན་བར་ཞག་ཐང་གིས་བསྒྱུར། ཉི་མ་ལྷོ་བྱང་འགྲོ་བ་ལ། རིང་དང་ཐུང་དུ་སྣང་བ་ཡིན། དབྱར་གྱི་སླུངས་སུ་ཚུད་པ་ནི། ཀུ་བྱེ་མང་ཀེ་ཀུ་ཧྲང་འཚོ། དགུན་གྱི་སླུངས་སུ་ཚུད་པ་ནི། གེ་ཕག་ཡོ་ལྡེ་ཙེ་ཟེ་འཚོ། ཟླ་རི་ཐུང་ཞི་ཙེ་ཏོག་ནི། ཟླ་བ་ཉ་དང་ཚེས་སྟོང་པ། ཧ་ཏང་མུ་ཡུ་ངི་ཅུ་སྣི། ཐང་དང་ཡུད་ཀྱིས་འགྲོས་བསྣོལ་བས། ཉི་རི་ཟླ་རི་ཤི་ཁར་ནུམ། ཉི་དང་ཉེ་བས་མདོག་ཤོར་ཡིན། ༽ཞེས་དང་། མངོན་པ་མཛོད་༢༦ལས{32}། ༼ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། ནམ་ཕྱེད་ཉི་མ་ནུབ་པ་དང་། ཉི་མ་ཕྱེད་དང་འཆར་དུས་གཅིག དབྱར་གྱི་ཟླ་བ་གཉིས་པ་ཡི། ཐ་མའི་ཚེས་དགུ་ནས་མཚན་རིང་། དགུན་རྣམས་ཀྱི་ནི་བཞི་པ་ལ། ཐུང་ངུར་འགྱུར་རོ་ཉིན་མོ་བཟློག ཉིན་མཚན་རིང་བ་ཐང་གཅིག་གོ །ཉི་མ་ལྷོ་བྱང་འགྲོ་ཚེའོ། །ཉི་མ་དང་ནི་ཉེ་བ་ལ། རང་གི་གྲིབ་མས་འགྲིབ་པར་འགྱུར། ༽ཞེས་གསལ་ཡོད།

དེའི་གོ་དོན་ནི་ཉི་མ་དང་ཟླ་བ་ནི་རི་རྒྱལ་ལྷུན་པོའི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་ཐད་ནས་འཆར་བ་དང་། ཤར་གླིང་དུ་ཉིན་ཕྱེད་སྐབས་སུ་ནུབ་གླིང་དུ་མཚན་ཕྱེད་དང་། ལྷོ་གླིང་དུ་ཉི་མ་འཆར་བ་དང་བྱང་གླིང་དུ་ཉི་མ་ནུབ་པའི་དུས་ནི་གཅིག་ཅེས་པ། ཉིན་མཚན་མཉམ་པའི་དུས་ལ་གཞིགས་ནས་གསུང་པ་ལས། གཞན་ལ་ངེས་པ་མེད་པར་གསལ། དེ་ཡང་ཚེས་ནི་དགུ་དགུ་དུས་བཟུང་སྟེ། ཉིན་མཚན་རིང་ཐུང་ལྡོག་པར་འགྱུར། ཞེས་པ། སྟོན་ར་བའི་ཚེས་བརྒྱད་ལ་ཉིན་མོ་རིང་ཤོས་ཡུད་བཅོ་བརྒྱད་དང་། མཚན་མོ་ཐུང་ཤོས་ཡུད་བཅུ་གཉིས་ཡོད། །ཚེས་དགུ་ལ་རིང་ཐུང་གཉིས་ཕི་རྗེས་ལྡོག་པ་སྟེ། ཉིན་མོ་ཡུད་བཅོ་བརྒྱད་ལ་ཐང་གཅིག་མ་གིས་མ་ཚང་ལ། མཚན་མོ་ཡུད་བཅུ་གཉིས་ལ་ཐང་གཅིག་གིས་ལྷག་པས་ཉིན་རིང་ཤོས་ལས་ཐུང་དུ་སོང་བ་དང་། མཚན་ཐུང་ཤོས་ལས་རིང་དུ་སོང་བས་ཉིན་རེར་ཐང་རེས་འཕར་འགྲིབ་བྱེད་པའོ། །

དེ་བཞིན་དགུན་ཟླ་ར་བའི་ཚེས་བརྒྱད་ལ་ཉིན་མཚན་མཉམ་པས་ཡུད་བཅོ་ལྔ་རེ། ཚེས་དགུ་ལ་ཉིན་མཚན་མཉམ་པ་ལས་ལྡོག་ཏེ། །ཉིན་མོ་ཡུད་བཅོ་ལྔ་ལ་ཐང་གཅིག་གིས་མ་ཚང་། མཚན་མོ་ཡུད་བཅོ་ལྔ་ལ་ཐང་གཅིག་གིས་ལྷག་གོ། དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་ཉིན་མོ་ཐུང་ཤོས་ཡུད་བཅུ་གཉིས་དང་། མཚན་མོ་རིང་ཤོས་ཡུད་བཅོ་བརྒྱད། ཚེ་དགུན་ལ་རིང་ཐུང་གཉིས་པོ་ཕི་རྗེས་ལྡོག་པ་སྟེ། ཉིན་ཐུང་ཤོས་ལས་ཡུད་བཅུ་གཉིས་ལ་ཐང་གཅིག་གིས་ལྷག མཚན་རིང་ཤོས་ལ་ཡུད་བཅོ་བརྒྱད་ལས་ཐང་གཅིག་གིས་མ་ཚང་བས་རིང་ཐུང་ལྡོག་ཡིན་ནོ། ། ཡང་དབྱར་ར་བའི་ཚེས་བརྒྱད་ལ་ཉིན་མཚན་མཉམ་པ་སྟེ་ཡུད་བཅོ་ལྔ་རེའོ། །ཚེས་དགུ་ལ་མཉམ་པ་ལས་ལྡོག་པ་སྟེ། ཉིན་མོར་ཡུད་བཅོ་ལྔ་ལ་ཐང་གཅིག་གིས་ལྷག མཚན་མོ་ཡུད་བཅོ་ལྔ་ལ་ཐང་གཅིག་གིས་མ་ཚང་བའོ། །དེས་ན་ར་བ་བཞི་ལ་མཉམ་རིང་ལྡོག་ཅེས་པའི་དོན་འདི་ཉིད་ཡིན་ནོ། །

དེ་ཡང་ཉིན་མཚན་རིང་ཐུང་འབྱུང་བའི་གནད་ནི། དབྱར་བྱང་བགྲོད་ལ་ཉིན་རིང་ཞིང་མཚན་ཐུང་བ་དང་། དགུན་ལྷོ་བགྲོད་ལ་ཉིན་ཐུང་ཞིང་མཚན་རིང་བར་བཞེད། དེ་ཇི་ལྟར་ཞེ་ན། དགུན་ཁ་སྒྲ་མི་སྙན་ནས་རི་བདུན་ལ་ཉི་མ་ཉེ་བས་ལྷོ་གླིང་ལ་མུན་ཚན་ནམ་མཚན་རིང་ལ། དབྱར་དུས་སུ་ཉི་མས་སྒྲ་མི་སྙན་གྱི་བྱང་མཐའ་ནས་བསྐོར་བས་རི་བདུན་དང་ཉི་མ་རིང་ཞིང་ལྷོ་གླིང་ལ་རི་གྲིབ་ཆུང་ཞིང་ཉིན་རིང་བའོ། །

དབྱར་གྱི་སླུངས་སུ་ཚུད་པ་ནི། ཀུ་བྱེ་མང་ཀེ་ཀུ་ཧྲང་འཚོ། དགུན་གྱི་སླུངས་སུ་ཚུད་པ་ནི། གེ་ཕག་ཡོ་ལྡེ་ཙེ་ཟེ་འཚོ་ཞེས་པ། དཔྱིད་དབྱར་དྲུག་གིས་ཉིན་མ་རིང་བའི་སླུངས་སུ་བསྐྱལ་ནས་ལྡོག་མཚམས་སུ་སླེབས་སྐབས། བྱང་ཤར་ནས་བྱང་ནུབ་རུ་རྒྱུ་བའི་སྐར་མ་དགུ་ཚིགས་ཕུར་བུའི་གཞལ་ཡས་ན་ལྷ་ཀུ་བྱ་མང་ཀེ་གནས་པ་དེ་དང་ཉི་མ་གཉིས་གནམ་དུ་སླུངས་མལ་གཅིག་པས། དེ་དུས་ས་ལ་ཀུ་ཧྲང་ཞེས་རྐྱང་ཕོ་མོ་ཁྱུ་དང་ཁྱུ་བྱེད་ནས་འཁྲིག་པའི་དུས་སོ།  །དགུན་གྱི་སླུངས་སུ་ཚུད་པ་ནི། གེ་ཕག་ཡོ་ལྡེ་ཙེ་ཟེ་འཚོ། ཞེས་པ། ལྷོ་ཤར་ནས་ལྷོ་ནུབ་རྒྱུ་བའི་སྐར་མ་ཕག་འདྲ་བ་མིག་དམར་ལ་བདུད་ཡོར་ལྡེ་ནག་པོས་ཞོན་པ་དང་ཉི་མ་གཉིས་གནམ་དུ་སླུངས་མལ་གཅིག་པས། དེ་དུས་ས་ལ་ཙེ་ཟེ་བྱ་བ་རྣ་ཕོ་མོ་ཁྱུ་དང་ཁྱུ་བྱེད་ནས་འཁྲིག་པའི་དུས་སོ། །ཞེས་རྗེ་དང་སྒ་སྟོན་གཉིས་ནས་བཞེད།

དེ་ཡང་། ཟླ་བ་ཉ་དང་ཚེས་སྟོང་པ། ཐང་དང་ཡུད་ཀྱིས་འགྲོས་བསྣོལ་བས། ཉི་དང་ཉེ་བས་མདོག་ཤོར་ཡིན།  ཞེས་པ། ཟླ་བ་ཡར་ཚེས་ལ་འོད་ཇེ་རྒྱས་ཀྱིས་ཉ་ལ་གང་བ་དང་། མར་ཚེས་ལ་འོད་ཇེ་འགྲིབ་ཀྱིས་སྟོང་པ་འབྱུང་གང་ཡིན་ཞེ་ན།  ཟླ་བ་བསྐོར་བའི་རླུང་འཁྱིལ་བས་ཟླ་བ་ཟླ་རེའི་ནང་སླུངས་ཁྱིམ་ལ་འཇུག་ལྡོག་བྱེད་པ་དང་། ཉི་མ་བསྐོར་བའི་རླུང་དྲང་བས་ཉི་མ་ལོ་རེར་ལན་གཅིག་ལས་སླུངས་ཁྱིམ་དུ་མི་ཚུད་པར་གསུངས། ཉི་མ་ནི་ཟླ་བ་ལས་ཞག་རེ་བཞིན་དུ་ཐང་དང་ཡུད་ཀྱིས་མགྱོགས་ཤིང་འགྲོས་བསྣོལ་བ་དང་། ཡར་ཚེས་ཉི་མ་མགྱོགས་པར་སྔོན་དུ་འགྲོ་ལ་ཟླ་བས་རྒྱབ་ནས་ཇེ་བུལ་དུ་བདས་པས། ཟླ་བ་རང་གིས་ནུབ་ངོས་ཁ་སྟེང་ནས་གྲིབ་མ་ལྡང་བས་རང་གི་གྲིབ་མས་བསྒྲིབས་པ་རྣམས་འོད་ཇེ་གསལ་ཇེ་གསལ་དུ་འགྲོ་ལ། ཉི་མ་ཇེ་རིང་བཞིན་གྲིབ་མས་ཇེ་རྒྱས་ཀྱིས་ཉའོ། །མར་ཚེས་ལ་ཉི་མ་མགྱོགས་པས། ཤར་ནས་འཆར་བའི་འོད་ཟླ་བའི་ཁ་སྟེང་ལ་ཕོག་པས་ཟླ་འོད་འཆོར་ལ། ཇེ་ཉེ་ཇེ་ཉེ་ཉི་འོད་ཀྱིས་ཇེ་ནོན་ཐམས་ཅད་འོད་འཆོར་ཞིང་ཉི་མ་ཟླ་བའི་འོག་ཐད་དུ་སླེབས་ན་ཉི་ཟླ་འཕྲད་པས་སྟོང་པ་དང་། དེ་ཡང་ཟླ་བ་ཐབས་སྟེ་སྟེང་ནས་ཁ་སྦུབ་ཏུ་ཡོད་ལ། ཉི་མ་ཤེས་རབ་ཏེ་འོག་ནས་བཀན་པར་ཡོད། ཅེས་སྒ་སྟོན་གྱིས་གསུངས།

ཉི་རི། ཉི་མ། ཟླ་རི། ཟླ་བ། རྭང་ཝེར་འཁོར། རི་རྒྱལ་ཕྱེད་ནས་འཆར། གེ་དྷིལ།  དཔག་ཚད། ་དྷེར་གྱིན། དག་ནི། ང་དྲུག་ཅུ། ལྔ་བཅུ་དང་། ང་ཅུ། ལྔ་བཅུ། ཏིག་ཏི་། གཅིག་ཏུ། དེ་ཙུ་ནི། ཡོད་པར་སྟོན། ཉི་རི། ཉི་མ། ཏི་ཕྱེ། ཕྱེད་དང་། མུ་ཁ་ཕྱེ། ནམ་ཕྱེད་དང་། ཁོར་ཞི།  འཆར་དང་། ནུང་༼ཞུང་༽ནི།  ནུབ་པའི། ཏི་ནོ་ཏིག  དུས་ནི་གཅིག  དུན་ཚོགས།  སྟོན་དང་། ཤི་པི། དགུན་གྱི། ད་རི་ནི། ར་བ་ཡི། དེ་ཙེ། ཚེས་ནི། གུ་དུན་གུ།  དགུ་དགུ།  ཚོགས་ཅི། དུས་བཟུང་སྟེ། ཁི་ལད། ཉིན་མཚན། ཁི་ཁར། རིང་ཐུང་། སྣིས་ཅུ་གྱིན། ཟློག་པར་འགྱུར། དབྱར་གྱི་སླུངས་སུ་ཚུད་པ། དབྱར་ཉི་ལོག་ཁང་ཚུད་པ། ཀུ་བྱེ་མང་ཀེ། གནམ་ལ་ལྷ་ཀུ་བྱེ་མང་ཀེ་རྒྱུ་བ། ཀུ་ཧྲང་འཚོ། ས་ལ་རྐྱང་ཕོ་མོ་འཁྲིག་པ་སྤྱོད་པ། དགུན་གྱི་སླུངས་སུ་ཚུད་པ། དགུན་ཉི་ལོག་ཁང་ཚུད་པ།  གེ་ཕག་ཡོ་ལྡེ། གནམ་ལ་བདུད་གེ་ཕག་ཡོ་ལྡེ་རྒྱུ་བ། ཙེ་ཟེ་འཚོ། ས་ལ་རྣ་ཕོ་མོ་འཁྲིག་པ་སྤྱོད་པ། ཟླ་རི།  ཟླ་བ། ཐུང་ཞི། ཉ་དང་། ཙེ་ཏོག་ནི། ཚེས་སྟོང་པ། ཧ་ཏང་། ཐང་དང་། མུ་ཡུ། ཡུད་ཀྱིས། ངི་ཅུ་སྣི། འགྲོས་བསྣོལ་བས། ཉི་རི་ཟླ་རི། ཟླ་བ་ཉི་དང་ཉེ་བས། ཤི་ཁར་ནུམ། མདོག་ཤོར་ཡིན།

དགུ་པ། དཔག་ཚད་བརྩམ་ཚུལ་སྐོར།

ཞང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཚད་འཇལ་དཔག་ཚད་དེ་ཉིད་གནའ་བོའི་སྲོལ་རྙིང་ཡིན་ཅིང་དེང་དུས་ཚད་འཇལ་དང་རིན་ཐང་བསྡུར་ཐབས་བྲལ་བ་མ་ཟད། དཔག་ཚད་ཀྱི་གྲུབ་རིམ་འདི་ཉིད་རྨང་གཞི་བཟུང་ནས་ད་ལྟའི་ཚད་འཇལ་གྱི་ཡོ་ཆས་འདི་ང་ཚོའི་མིག་སྔར་དུ་མངོན་ཐུབ་པ་རེད། དཔག་ཚད་ཀྱི་ལམ་སྲོལ་འདི་ཉིད་དང་ཐོག་ཞང་བོད་རང་ཁུངས་ནས་ས་སྐྱེས་རྡོ་སྐྱེས་ཚུལ་དུ་དར་འཕེལ་བྱུང་བ་མངོན་གསལ་དོད་པ་ཞིག་སྟེ། དཔེར་ན་དཔག་ཚད་གྲུབ་རིམ་སྦྱར་གཞི་དངོས་པོ་རི་བོང་དང་། ལུག  གླང་། སྲོ་མ། ཤིག ནས་འབྲུ་རྣམས་ཞང་བོད་ཀྱི་ས་ཐོག་ཏུ་བྱུང་བའི་སྐྱེ་དངོས་དང་། སྲོག་ཆགས་ཀྱི་རིགས་སུ་ངེས་ཤིང་། དེ་རྣམས་ཞང་བོད་མི་རིགས་ཀྱི་འཚོ་བ་དང་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པས་སོམ་ཉི་ཅི། གཞང་ཡང་ཚད་འཇལ་གྱི་དཔག་ཚད་དེ་ཉིད་གཞན་དང་མི་འདྲ་བའི་ཁྱད་བོན་ཞིག་ཡོད་པ་ནི། ཞང་བོད་ཀྱི་མི་རིགས་ཞིག་ས་ཕྱོགས་གང་དུ་ཕེབས་ཀྱང་དམིགས་བསལ་གྱི་ཚད་འཇལ་ཡོ་ཆས་མི་དགོས་པར་མཛུབ་མོ་དང་ལག་པའི་བརྒྱུད་ནས། དགོས་མཁོའི་རིང་ཐུང་ཆ་ཚང་འཇལ་ཐུབ་པ་འདིས། ཞང་བོད་ཀྱི་ཐུན་མོང་མ་ཡིན་པའི་རྣམ་རིག་སྲོལ་རྙིང་ཞིག་ཏུ་མཚོན་ཐུབ།

ཡང་མཛོད་དཔེ་གཉིས་ལས་རྡུལ་ཕྲན་ཕྲ་རབ་དུ་མ་འདུས་འཚོགས་ལས་རིམ་བཞིན་རགས་པའི་བེམ་གཟུགས་བརྩམས་ནས་རི་རབ་དང་རི་ཕྲན་གྲུབ་པ་ལ་རྒྱང་གྲགས་དང་དཔག་ཚད་ཇི་ཡོད་སྟོན་སྐབས། ཚིག་ཁ་སྒྲིག་ཆོག་པ་དུ་མ་ཞིག་འབྱུང་སྟེ། མཛོད་ཕུགས་༣༤ལས{33}། ཞང་སྐད་དུ།༼རྐོ་ཀུང་མ་མིང་ལོ་ཏར་ནི། བོད་སྐད་དུ། གཟུགས་དང་མིང་དང་དུས་མཐའ་ནི། སླས་ཏུར་གུ་གེ་ཏིག་མི་མིན། རྡུལ་དང་ཡི་གེ་སྐད་ཅིག་མ། ཏི་པྲ་སླ་ཏུར་དར་ཅེ་ཇི། ཕྲ་རབ་རྡུལ་དང་རྡུལ་ཕྲན་དང་། ཟངས་ཏི་འབོ་ལ་ལུག་ཏི་ཧབ། ལྕགས་ཆུ་རི་བོང་ལུག་དང་གླང་། ཉི་འཁོར་སླ་ཏུར་པྲ་མིན་ཅི། ཉི་ཟེར་རྡུལ་དང་སྲོ་མ་དང་། པྲོ་མོ་ཟག་ཙི་སྣི་ཙེ་བྲན། ཤིག་ལས་ནས་བསྐྱེད་བདུན་འགྱུར་སོར། པྲ་ཙེ་ནེ་ཅུ་བིང་ང་ཙ། སོར་ཚིགས་ཉི་ཤུ་རྩ་བཞི་ཁྲུ། ཙ་རང་བིང་ང་ཝེག་ཏི་ཅི། ཁྲི་བཞི་ལ་ནི་གཞུ་འདོམ་གང་། ད་དོག་ང་ར་འུ་གླང་གྱིན། དེ་དག་ལྔ་བརྒྱ་རྒྱང་གྲགས་ཡིན། དེ་ནི་ཏི་གྱད་གེ་དྷིམ་གྱིན། དེ་དག་བརྒྱད་ལ་དཔག་ཚད་གཅིག༽ཅེས་གསལ། མངོན་པ་མཛོད་༢༩ལས{34}།༼གཟུགས་དང་མིང་མཐའ་རྡུལ་ཡིག་དང་། སྐད་ཅིག་ཕྲ་རབ་རྡུལ་དང་ནི། རྡུལ་ཕྲན་དག་ལ་དེ་བཞིན་དུ། ལྕགས་ཆུ་རི་བོང་ལུག་དང་གླང་། ཉི་ཟེར་རྡུལ་དང་སྲོ་མ་དང་། དེ་ལས་བྱུང་དང་དེ་བཞིན་དུ། སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། སོར་མོ་ཉི་ཤུ་རྩ་བཞི་ཁྲུ། ཁྲི་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། རྒྱང་གྲགས་དེ་ལ་འགོད་པར་འདོད། དེ་བརྒྱད་དཔག་ཚད་ཅེས་བྱའོ། །༽ཞེས་བསྟན།

རྐོ་ཀུང་། གཟུགས་དང་། མ་མིང་། མིང་དང་། ལོ་ཏར་ནི། དུས་མཐའ་ནི། སླས་ཏུར།  རྡུལ་དང་། གུ་གེ ཡི་གེ ཏིག་མི་མིན། སྐད་ཅིག་མ། ཏི་པྲ། ཕྲ་རབ། སླ་ཏུར།  རྡུལ་དང་། དར་ཅེ་ཇི། རྡུལ་ཕྲན་དང་། ཟངས་ཏི། ལྕགས་ཆུ། འབོ་ལ། རི་བོང་། ལུག་ཏི།  ལུག་དང་། ཧབ། གླང་། ཉི་འཁོར།  ཉི་ཟེར། སླ་ཏུར། རྡུལ་དང་། པྲ་མིན་ཅི། སྲོ་མ་དང་། པྲོ་མོ། ཤིག ཟག་ཙི། ནས་བསྐྱེད། སྣི་ཙེ་བྲན། བདུན་འགྱུར་སོར། པྲ་ཙེ། སོར་ཚིགས། ནེ་ཅུ།  ཉི་ཤུ། བིང་ང་ཙ། རྩ་བཞི་ཁྲུ། ཙ་རང་བིང་ང་།  ཁྲི་བཞི་ལ་ནི ། ཝེག་ཏི་ཅི། གཞུ་འདོམ་གང་། ད་དོག དེ་དག ང་ར་།  ལྔ་བརྒྱ་།   འུ་གླང་གྱིན།  རྒྱང་གྲགས་ཡིན། དེ་ནི། དེ་དག  ཏི་གྱད། བརྒྱད་ལ། གེ་དྷིམ་གྱིན། དཔག་ཚད་གཅིག

གང་གི་ཞང་བོད་གཉིས་ཀྱི་ཚིག་དོན་ཁ་ཐུག་སོ་སོར་བཀོད་པ་རྣམས་གུས་པའི་བློ་ངོར་ཤར་ཚོད་ཙམ་ཞིག་བཀོད་པ་ཡིན་པ་ལས།མཐའ་གཅིག་ཏུ་ཐག་ཆོད་པའི་སྡོམས་ཚིག་ཅིག་གཏན་ནས་མིན་པས། ད་དུང་དག་བཅོས་བྱ་རྒྱུ་ཡོད་པས་དེ་ལེགས་མཁྱེན་དཔྱོད་ཅན་གྱིས་ལེགས་བསྣོན་ཁ་བཀང་ཡོང་བར་ཞུ།

དེ་རྣམས་ཀྱི་དོན་ནི་རྡུལ་གྱི་ཆུང་མཐའ་རྡུལ་ཕྲ་རབ་བདུན་འདུས་པ་རྡུལ་ཕྲན་གཅིག་རྡུན་ཕྲན་བདུན་ལ་ལྕགས་རྡུལ་གཅིག ལྕགས་རྡུལ་བདུན་ཆུ་རྡུལ་གཅིག ཆུ་རྡུལ་བདུན་རི་བོང་རྡུལ་གཅིག རི་བོང་རྡུལ་བདུན་ལ་ལུག་རྡུལ་གཅིག ལུག་རྡུལ་བདུན་ལ་གླང་རྡུལ་གཅིག གླང་རྡུལ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག  ཉི་རྡུལ་བདུན་ལ་སྲོ་མ་གཅིག སྲོ་མ་བདུན་ལ་ཤིག་གཅིག ཤིག་གཅིག་ལ་ནས་འབྲུ་གཅིག ནས་འབྲུ་བདུན་ལ་མི་ཡི་སོར་ཚིགས་གཅིག  སོར་ཚིགས་ཉེར་བཞི་ལ་ཁྲུ་གཅིག ཁྲུ་བཞི་ལ་འདོམ་པ་གཅིག འདོམ་པ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་བཅས་རིམ་བཞིན་གྲུབ་པའོ།།

དེ་ཡང་གནའ་བོའི་དཔག་ཚད་དང་དེང་གི་སྤྱི་ལེ་གཉིས་མཉམ་དུ་སྦྱར་ནས་ཚད་གྲངས་ཇི་ཐོབ་གང་ཡིན་ཞེ་ན། མི་གཟུགས་ཚད་ལྡན་གྱི་འདོམ་པ་གང་ལ་དེང་གི་སྨི་གཅིག་འབྱུང་བ་ཡིན། དེས་ན་སྨི་གཅིག་སྟོང་ལ་སྤྱི་ལེ་གཅིག་ཡོད་པར་འདོད་ཅིང་། རྒྱང་གྲགས་གཅིག་ལ་འདོམ་པ་ལྔ་བརྒྱ་ཡོད་པས། འདོམ་པ་ལྔ་བརྒྱ་ལ་སྨི་གཅིག་སྟོང་འབྱུང་བས་སྤྱི་ལེ་གཅིག་དང་རྒྱང་གྲགས་གཅིག་གཉིས་ཚད་མཉམ་པ་ཡིན། དེ་ལྟར་དཔག་ཚད་གཅིག་ལ་འདོམ་པ་བཞི་སྟོང་ཡོད་ལ་སྤྱི་ལེ་ཡང་བརྒྱད་ཡོད་ཅིང་རྒྱང་གྲགས་ཀྱང་བརྒྱད་ཐམ་པ་ཡོད་པ་ཡིན་ནོ།  །འདིའི་སྐོར་ཞིབ་ཕྲ་མཁྱེན་འདོད་ན་དུང་དཀར་ཚིག་མཛོད་ཤོག་གྲངས་༡༢༨༧ལ་{35}གཟིགས།  དེ་ལྟར་ན་ཟླ་བའི་ཞེང་ཚད་ལ་དཔག་ཚད་ལྔ་བཅུ་ཡོད་པར་འདོད་པས། སྤྱི་ལེ་བཞི་བརྒྱ་འབྱུང་བ་ཡིན། དེ་བཞིན་ཉི་མའི་ཞེང་ཚད་ལ་དཔག་ཚད་ང་གཅིག་ཡོད་པས་སྤྱི་ལེ་བཞི་བརྒྱ་བཅུ་མེད་བརྒྱད་འབྱུང་བ་ཡིན། གོང་འཕྲོས་མཛོད་ཕུགས་ལས། ༼ཤིག་ལས་ནས་བསྐྱེད་བདུན་འགྱུར་སོར།༽ཞེས་པའི་ཚབ་དུ། མངོན་པ་མཛོད་ལས། ༼དེ་ལས་བྱུང་དང་དེ་བཞིན་དུ།༽ ཞེས་གསལ་ཡོད། གནད་འདིས་སྲོ་མ་བདུན་ཙམ་འདུས་པ་ལས་ཤིག་ཙམ་གྱི་ཚད་དང་། ཤིག་བདུན་ཙམ་འདུས་པ་ལས་ནས་འབྲུ་གཅིག་ཙམ་ཚད་ཡོད་པ་སློབ་དཔོན་དབྱིག་གཉེན་མཆོག་གིས་མི་མཁྱེན་པ་ཡིན་ནམ། ཡང་ན་ནས་འབྲུ་ནི་ཞང་བོད་མི་རིགས་ཀྱི་འཚོ་ཟས་གཙོ་བོ་རྩམ་པའི་རྒྱུ་ཡིན་ཙང་རྒྱ་གར་ཚ་བའི་ཡུལ་དུ་མི་སྐྱེ་བས་དཔེ་དེ་བཞག་ནས་མི་འགྲིག་པར་དྭོགས་ནས་ཚིག་དེ་བུད་པ་ཡིན། ཡང་ན་ལོ་ཙཱ་བ་རྣམས་ཀྱིས་བཅོས་བསྒྱུར་བྱས་པ་གང་ཡིན་སོགས། གང་ལྟར་མངོན་པ་མཛོད་ཀྱི་འགྲེལ་རྣམས་ནས་སྲོ་མ་བདུན་ལ་ཤིག་ཙམ་དང་། ཤིག་བདུན་ལ་ནས་འབྲུ་ཙམ་ཞེས་འགྲེལ་ཡོད་པས། རྩ་བ་ལས་མེད་པའི་འགྲེལ་ཚུལ་འདི་མཛོད་ཕུགས་གི་རྩ་འགྲེལ་གང་རུང་ཞིག་དུ་སྤྱན་ཟུར་འཕངས་པ་ལས་གཞན་དུ་མི་སེམས། 

 
 
Re:སྲིད་པའི་མཛོད་ཕུག་དང་ཆོས་མངོན་པ་མཛོད་བར་དཔྱད་
[ 2019/2/24 0:44:40 | By: སྐུ་མགྲོན་rwn8Qd(སྐུ་མགྲོན) ]
 
སྐུ་མགྲོན་rwn8Qd(སྐུ་མགྲོན)ཡག་པོ་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.