ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྙན་ངག་གི་དེབ་ཕྲེང་<< རི་སྐེད་ནས་བཏབ་པའི་ཀི་སྒྲ >>། | 2015/6/20 22:40:00

སྙན་ངག་གི་དེབ་ཕྲེང་ <རི་སྐེད་ནས་བཏབ་པའི་ཀི་སྒྲ>

ཞེས་པ་འགྲེམ་སྤེལ་བྱས་པ།

 

རི་སྐེད་ཀྱི་ཀི་སྒྲ་ཞེས་པའི་དེབ་ཕྲེང་བཞི་ཡོད་པ་འདི་ནི་སྙན་ངག་ལ་མོས་པའི་སློབ་གཉེར་བ་འགས་དཀའ་ཚེགས་ཀྱི་འཕྲང་ལམ་ཅུང་ཙམ་ཞིག་བརྒྱུད་དེ་སྤྱི་ལོ༢༠༡༥ལོའི་སྤྱི་ཟླ༥ཚེས༢༨ཉིན་པར་བསྐྲུན་བྱས་པ་རེད། དེ་ཡང་རི་སྐེད་ཀྱི་ཀི་སྒྲ་ནི་སུམ་པ་གླང་གི་གྱིམ་ཤོད་བྲག་དམར་མེ་རི་འཁྱིལ་འདྲའི་རི་སྐེད་ནས་བསྒྲགས་པ་ཡིན།

 





  རི་སྐེད་ཀྱི་ཀི་སྒྲ་ཡ། མེ་དམ་ཁ་ཡི་ལྗང་ལོ་སིལ་བུ་ཞིག     འདི་ན་ཁ་བའི་སྐྱེས་མ་ཚོ་དང་མཛའ་བའི་སྙིང་གྲོགས་ཚོ་ལ་མེ་དམ་ཁ་ཡི་ལྗང་ལོ་སིལ་བུ་ཞིག་མདུན་གྱི་ལྕོག་སྒམ་དུ་ཕུལ་བ་ཡིན་ཟེར། དེ་ཡང་། སྨྱུག་མིང་དུ་ཁ་བ་ཞེས་གསོལ་བའི་ན་གཞོན་སྙན་ངག་པ་ཞིག་ཏུ་བོས་ན་ཅིས་ཀྱང་ཆོག་པར་ངེས་པའི་སློབ་གཉེར་བ་ཁོང་ནི་ཡུལ་མདོ་གམ་རྔུལ་རྫ་སྒང་དུ་ལང་ཚོའི་མེ་ཏོག་གསར་དུ་བཞད་པ་ནས་ཕ་དང་ཨ་མའི་གཅེས་སྐྱོང་དང་། སྲིང་དང་ན་ཟླའི་བརྩེ་སེམས་ལ་བརྟེན་ནས་མཚར་ལང་བྱུང་བའི་མྱོང་སྣང་ངམ་བརྒྱུད་རིམ་གྱིས་སྤྲད་པའི་ཚོར་བའི་དབྱིབས་དང་ཁ་དོག་དག་འདི་ན་མེ་དམ་ཞིག་ཏུ་བརྫུས་པའི་དེབ་ཆུང་འདིར་མཉེན་ལ་མཛེས་པའི་ལྗང་ལོ་སིལ་བུ་ཞིག་གི་ཚུལ་དུ་ཕུལ་བཞག་གདའ། དེ་ཡང་ཁོང་གིས་སྙན་ངག་འབྲི་བའི་ཁ་ཕྱོགས་གང་ཡིན་དེ་མེ་དམ་ཁ་ཡི་ལྗང་ལོ་སིལ་བུའི་ཐོལ་བྱུང་དཔྱིད་ཀྱི་སྤྲིན་རླབས་ལས་ཚན་བཤུས་ཀྱིས་གསལ་སྟོན་བྱེད་ངེས་པས། “ བདག་གི་སྙན་ངག་འབྲི་བ།

དགེ་སྡིག་སྒྲུབ་སྤང་ཆེད་དུ་སྙན་ངག་མི་འབྲི།།

ཕྱི་མའི་བདེ་ལམ་ཆེད་དུ་དེ་བས་མི་འབྲི།།

བླ་བསྟོད་དཔོན་སྨད་ཆེད་དུ་ག་ལ་འབྲི་སྟེ།།

སྙན་ངག་འདི་ནི་དགའ་སྐྱོའི་ཀློང་ནས་འབྲི་འོ།།


འཚོ་བ་ངོ་མ་ཡིན་པའི་སྙན་ངག་འབྲི་འོ།།

ཆགས་སྡང་འཚོ་བ་ཡིན་པའི་སྙན་ངག་འབྲི་འོ།།

དུང་ཞེན་སྐྱིད་སྡུག་ཡིན་པའི་སྙན་ངག་འབྲི་འོ།།

སྙན་ངག་འདི་ནི་གཞན་གྱི་སླད་དུ་མི་འབྲི།།


ལོ་རྒྱུས་ཕམ་ཉེས་སོང་བའི་སྙན་ངག་མི་འབྲི།།

ཆོས་འདི་གཞན་ནས་གཡར་ལུགས་དེ་བས་མི་འབྲི།།

མེས་དབོན་གསུམ་གྱི་ངོ་གདོང་ག་ལ་འབྲི་སྟེ།།

སྙན་ངག་འདི་ནི་བརྩེ་བའི་ནང་ནས་འབྲི་འོ།།


འཇིག་རྟེན་ཆུ་བོའི་ཆེད་དུ་སྙན་ངག་འབྲི་ལ།།

ཆུ་ཉིད་རིན་ཐང་གཞལ་བའི་སྙན་ངག་འབྲི་འོ།།

མི་ཚེའི་མངར་སྐྱུར་ཆེད་དུ་སྙན་ངག་འབྲི་ལ།།

མངར་སྐྱུར་མྱོང་ཚོར་ཡོང་བའི་སྙན་ངག་འབྲི་འོ།།”ཞེས་པ་འདིས་‹མེ་དམ་ཁ་ཡི་ལྗང་ལོ་སིལ་བུ›འམ། ཁ་བ་ཞེས་པའི་ན་གཞོན་ཁོང་གིས་སྙན་ངག་གི་ཁ་ཕྱོགས་ཇི་ལྟར་བཟུང་ཡོད་པ་གསལ་པོར་མཐོང་ཐུབ།




༢ རི་སྐེད་ཀྱི་ཀི་སྒྲ་རེད། གངས་རིའི་འདབས་ཀྱི་ལྷ་ཁང་སྟེ། འདི་ན་གངས་རི་ཧྲུལ་པོ་ཞིག་གི་འདབས་རོལ་ན་ལྷ་མཁར་ཁ་བད་ཅན་ཞིག་ཡོད་པ་ནི་ང་ཚོའི་བརྗེད་མི་ཚར་བའི་སེམས་ཀྱི་མཆོད་མེ་དེ་ཡིན་ལ། ཁ་བའི་རྣམ་ཤེས་ཀྱི་རོལ་ཆ་ཡང་ཡིན། དེས་ན་གངས་རི་ལ་འཁྲེང་ཞིང་ལྷ་ཁང་ལ་དུང་བའི་གནའ་བོའི་སྲོལ་གྱི་དྲི་མ་སབ་སོབ་དང་རྐང་རྗེས་ནག་ནོག་ལས། འདི་ནས་ཡིད་ཀྱི་རྒྱ་མཚོའི་ཀློང་ནས་ཐོལ་གྱིས་རྡོལ་བའི་ངག་རིག་གི་རླབས་ཕྲེང་ཤུགས་ལྡན་དེ་ནི་རེ་ཞིག་འཁྱོང་མེད་ནའང་། མཇུག་གི་སྐད་ཆ་ལས། “འདི་ནས་ངས་མི་ཡུལ་དུ་བཞག་པའི་སེམས་ཚབ་ཅེས་བོས་ན་སྙམ་ཞིང་། དག་ཞིང་ལ་བསྒོམས་པའི་མེ་ཏོག་ཅེས་བརྗོད་ཀྱང་རུང་། གང་ལྟར་དད་སེམས་དང་། མཛའ་སེམས། ཆུང་སེམས་གསུམ་གྱིས་བསྡུས་ལ། མཚམས་རེར་སྐྱོ་གདུང་དང་། སྐབས་འགར་སྤོབས་པའང་མངོན་ཡོད། འདི་ནི་ངའི་བརྗེད་བྱང་ཙམ་ཡིན་ལ། ངས་གངས་འདབས་ན་བཞེངས་པའི་ལྷ་ཁང་ཞིག་ཏུ་རློམ་ནས་ཡོད། དེ་ཡང་བཙན་གྱིས་གཙིར་བའི་གྱང་མཁར་ཞིག་ལས། སེམས་ཀྱིས་བསྐྲུན་པའི་འཇའ་མཁར་ཞིག་མ་ཡིན་ལ། ཐོལ་གྱིས་བྱུང་བའི་སྒྱུ་འཕྲུལ་ནི་དེ་བས་ཀྱང་ག་ལ། འོན་ཀྱང་སོ་ཕག་གི་མཁར་ལ་ཤིང་ཞྭ་བཀོན་པའི་ར་མ་ལུག་དེའང་རྩ་བ་ནས་མིན། ངས་བྱིས་དུས་ནས་དར་དུས་བར་མཐོ་སྒང་བའི་གནའ་དཔེ་རྙིང་པ་དག་དད་ཞེན་དང་ལུགས་སྲོལ་གྱི་དབང་གིས་བགས་ཀྱིས་བཀླགས་ཡོད་ལ། མཚམས་རེར་དེ་དག་གི་ཚིག་སྒྲོས་ལ་དགའ་བ་ཡང་སྐྱེ་མྱོང་ཡོད། དེས་ན་ང་ལ་མཚོན་ན་རྩོམ་རིག་གི་ཤུགས་རྐྱེན་ཟེར་བ་ཞིག་དཀའ་རུང་དེང་དུས་ཀྱི་དྲ་ལམ་དང་ཚགས་དེབ་ཁག་ཏུ་ལས་མཐུན་གྱི་གྲོགས་པོ་ཚོའི་མཉམ་དུ་འུར་འུར་ཟིང་ཟིང་གྱིས་ཐ་རེ་ཐོར་རེ་འགའ་བྲིས་བཞག་པ་དག་ལའང་གནའ་རྩོམ་གྱི་ཞད་དང་བག་རེ་འགོས་ཡོད་ན་ཆོག་སྙམ། རེ་འགར་ངས་གནའ་རྩོམ་སྐོར་ཞིག་གི་རྩོམ་སྟངས་བེད་སྤྱོད་པའི་ཁུལ་ཡང་བྱས་ཡོད། བྲིས་པ་དེ་དག་ཕྱོགས་སུ་བསྡོམས་ཏེ‹‹གངས་རིའི་འདབས་ཀྱི་ལྷ་ཁང›› ཞེས་པའི་དེབ་ཆུང་འདི་ནི་གཅིག་ནས་རང་གི་ལག་རྗེས་རྣམས་ཡལ་མི་འགྲོ་བའི་བརྗེད་བྱང་ཙམ་དུ་དམིགས་ཤིང་། གཉིས་ནས་དེང་རབས་ཀྱི་སློབ་སྦྱོང་བ་དག་ལ་མིག་དཔེ་བལྟས་ཏེ་མཉམ་དུ་འགྲོ་བའི་སྟངས་སྟབས་ཙམ་ཡིན་པ་ལས་གཞན་ཆེ་ཆེ་རྫིག་རྫིག་གི་དགོས་པ་རྒྱུ་མཚན་ཡོད་མདོག་གི་ཟོབ་གཏམ་ནི་དེབ་ཆུང་འདིས་མི་ཁྱག་སྙམ། ”ཞེས་སོ།།





  རི་སྐེད་ཀྱི་ཀི་སྒྲ་སྟེ།  གཟན་གྱི་ཐུ་འོག   འདི་ན་མཚམས་སྤྲིན་དོག་ལ་བབ་འདྲའི་གླིང་ཚོམ་ཞིག་ནས་དཔེ་ཆ་ཀློག་པའམ། རིགས་པ་མོལ་བ། རྩོམ་རིག་སྦྱོང་པའམ། སྙན་ངག་འབྲི་བ་སྟེ། ན་གཞོན་སློབ་གཉེར་བ་ཞིག་གིས་བཀའ་རྩེག་བྲག་རིའི་གཏོས་ཀྱི་ཚིག་གི་སྦྱོར་བ་ཡི་སྤྲིན་འཁྲིགས་ཤིང་། ཚོར་འདུ་བསིལ་རླུང་དར་མས་ཤེད་ཀྱིས་སྒུལ་ཞིང་། ཤུགས་ཀྱིས་དེད་པའི་ངག་རིག་གི་ཆར་གྱི་ཟེགས་མ་འགའ། མཚམས་རེར་དྲག་ཏུ་འབབ་ཅིང་སྐབས་རེར་ཟིམ་བུར་འཐོར་བའི་ངང་ཚུལ་ཞིག་མཐོང་འོང་བ་ནི། ཀློག་པ་དག་གིས་‹‹གཟན་གྱི་ཐུ་འོག››ཅེས་པའི་སྙན་དེབ་འདི་མཐར་གྱིས་བཀླགས་ན་ཆོག  སྐབས་འདིར་གཟན་ཐུའི་སྟ་བོན་གྱི་སྐད་ཆ་དེ་བཞག་ན་དེབ་ཆུང་འདིའི་རང་གཤིས་ཇི་ལྟ་བ་དེ་མངོན་སྲིད་པས། དེ་ཡང་། “ངོ་བོ་གསལ་ཞིང་དྭངས་བའི་བར་སྣང་གི་ནམ་མཁའ་འདི་ལས།  རླུང་བུ་གྲང་ངར་བཅོམ་པའི་ཉི་འོད་དང་། ཚ་དྲོད་མེ་ཕུང་གཞིལ་བའི་བསིལ་ཟེར། གཉིས་ཆར་ཕྱོགས་པའི་མཐོན་པོ་གངས་ཀྱི་ཁྲོད་དུ། རི་བོ་རྣམས་ཀྱིས་དྲི་བྲལ་གྱི་རྨོག་དཀར་གྱོན་ཞིང་མཚོ་མོ་ཀུན་གྱིས་དྭངས་གཙང་གི་གཡུ་གོས་མནབས། རྫ་རི་ལ་ཆར་སྤྲིན་གྱི་སྨུག་ཞག་འཁྱིལ་ཞིང་སྤང་རི་ལ་གཡང་དཀར་གྱི་བཀྲ་རྒྱན་དོད།  དེའི་འདབས་སུ་འཚོ་བའི་རོང་འབྲོག་གི་མི་སེར་དཀྱུས་མ་རྣམས་ཀྱིས་སྔོན་ཆད་ཅིག་ནས་སྙན་ཚིག་གི་ལས་སྐལ་ལ་སྤྱོད་ཅིང་མི་རིགས་ཀྱི་འདུ་ཤེས་འཛིན། དེ་ནས་བཟུང་སྤང་ཐང་ནོར་ལུག་གི་གསེབ་ཏུ་གངས་ཆུ་དྭངས་མའི་རླབས་སྒྲ་དང་ལྷན་དུ་མགྲིན་པའི་ངག་སྐད་དབྱངས་སུ་འཐེན་ནས་སེམས་བཅུད་ཀྱི་དྲི་བསུང་ཡང་ཡང་འཐུལ།  དེའི་ཤུལ་ལམ་ནས་འཕྱུར་བའི་བདག་གི་དྲན་རིག་གི་གྱ་གྱུ་ཞིག་སྟེ། <<གཟན་གྱི་ཐུ་འོག>>ཅེས་པའི་དེབ་ཆུང་འདི་རྣམ་རྟོག་གི་ཀློང་དུ་བྲིས་ཤིང་ཡངས་པའི་ཁམས་འདིར་ཕུལ་བའོ།།  སྐྱེས་ནས་འཆིའི་བར་ཐག་ཏུ་མི་ནི་ཚོར་འདུ་བཙན་པོས་བདེ་སྐྱིད་ཀྱི་དར་སྐུད་སྣེ་མོ་ལ་འཛེག་མཁས་ཤིང་འཛེག་ཐུབ་པ་ཞིག་ཀྱང་ཡིན་ངེས།  སྤྱིར་དྲན་རིག་ཡོད་ཚད་ལྕང་ལོའི་ཡལ་ག་བཞིན་ཁ་གྱེས་པས་སྤུ་མེད་ཀྱི་ངོ་གདོང་འདི་ཉིད་ཁ་ཕྱོགས་ཀྱང་ཁ་ཁར་ཡིན་འདུག  འོན་ཀྱང་ཐ་སྙད་ཚད་གྲུབ་ཀྱི་བདེན་ལམ་དང་ཕན་འབྲས་ཀྱི་ལམ་ཁ་ནས་ཤུགས་ཀྱིས་ལྷན་དུ་འགྲོ་ཞིང་ཉི་ཚེའི་བདེ་སྐྱིད་ཀྱི་དོན་དུ་བང་འགྲན་བཞིན་པའི་མི་ཚེ་འཚོ་བའི་ཁྲོད་ནས་བདག་གི་དུས་ཡུན་ཐུང་ཐུང་གི་ལམ་ནས་ལོ་ཟླ་རིང་མོའི་དྲན་སྣང་གི་རྣམ་པ་དང་སེམས་པ་རླུང་བུས་བསྒུལ་བའི་རྟོག་བཏགས་ཀྱི་ཞིང་ས་ནས་མངོན་པའི་ལྗང་རྩེ<<གཟན་གྱི་ཐུ་འོག>>ནས་འཚེར་བའི་འོད་ཆེམ་འདི། ཨ་ཕ་འདས་པོ་ཆེ་ལ་དུར་ས་ནས་བཤད་པའི་སྐད་ཆ་ཡིན་ལ། ཨ་མ་དྲིན་མོ་ཆེ་ཡི་འཛུམ་ཞལ་མངོན་བྱེད་ཀྱི་བྲོ་གར་ཞིག་ཀྱང་བསམ་བཞིན་ཡོད། དེ་བཞིན་བདག་ལ་ལྷག་བསམ་གྱིས་བཅངས་པའི་དགེ་རྒན་དང་གཉེན་ཉེ་ལ་འཁྱུད་ཅིང་དྲན་པས་སྨྱུག་སོ་བསྒུལ་ཞིང་། བདག་སློབ་སྦྱོང་པ་ཞིག་གི་ངོས་ནས་སློབ་སྦྱོང་གི་གཏན་གྲོགས་དང་། མདོ་སྔགས་སེམས་གསུམ་ལ་རེ་འདུན་སྲིང་བའི་བཙུན་པ་ཞིག་གི་ངོས་ནས་དེར་བགྲོད་བྱེད་ཀྱི་རྐང་པ་ཡ་གཅིག་ཏུ་བསམ་ནས།  སྙན་རྩོམ་གྱི་ལས་ལ་འབད་ཀྱི་ཡོད་པ་ལས། གཞན་འགའ་ཡོད་ན་མི་ཤེས་ཏེ་བདག་གིས་ད་ལན་ངོས་ཅི་ཡང་ཟིན་གྱི་མི་འདུག་གོ་ཞེས། ༢༠༡༥–༥–༢༢ དགོང་མོར་རྩེད་མཚར་ཞིག་གིས་མཇུག་བསྡུས་ཏེ་བྲིས་སོ།།” ཞེས་པའོ།། 





   རི་སྐེད་ཀྱི་ཀི་སྒྲ་ཡིན། ཚོར་གསུམ་སྙན་གླིང་ཞེས་པའི་སྙན་རྩོམ་འགྲན་བསྡུར་གྱི་གླིང་ག་དེ་ནི་ཁྱུང་ཡུལ་རིག་འབྱུང་བའི་ཕ་ས་རུ་གྲགས་པ་ནས་མཚར་ལང་བྱུང་བའི་ན་གཞོན་གཟུ་དཔུང་ལགས་ཀྱིས་སྤྱི་ལོ༢༠༡༤ལོར་བཙུགས་པ་ནས་བཟུང་ད་བར་དུ་སྙན་ངག་འགྲན་བསྡུར་སྐབས་དགུ་པ་ཡན་སོང་ཟིན་པ་རེད། དེའི་ནང་གི་འགྲན་རྩོམ་ལེགས་གྲས་རྣམས་རྩོམ་དེབ་ཏུ་བསྐྲུན་རྒྱུའི་འཆར་གཞི་སྔོན་ནས་ཡོད་པ་བཞིན་སྐབས་དང་པོའི་འགྲན་རྩོམ་ཨང་ཐོབ་རྣམས་ཚོར་གསུམ་སྙན་ངག་གི་དེབ་དང་པོ་རུ་སྔོན་ནས་འགྲེམ་སྤེལ་བྱས་ཟིན་ཞིང་། ད་ལན་སྐབས་གཉིས་པ་ནས་བརྒྱད་པའི་བར་གྱི་འགྲན་རྩོམ་ཨང་དང་པོའི་སྡེ་དང་། ཨང་གཉིས་པའི་སྡེ། ཨང་གསུམ་པའི་སྡེ་དང་གསུམ་གྱི་ཁར་འགྲན་རྩོམ་ལེགས་གྲས་གཞན་རྣམས་གདམ་གསེས་བྱས་ཏེ་ཚོར་གསུམ་སྙན་ངག་གི་དེབ་ཕྲེང་གཉིས་པ་དེ་འདིར་དཔར་སྐྲུན་ཞུས་ཡོད། དེ་ཡང་དེབ་འདིའི་ངོ་སྤྲོད་བདེ་ལམ་ཞིག་འདིའི་གླེང་གཞི་ཚོར་བའི་མེ་ལོང་ལས་ཚན་བཤུས་ཏེ། དེ་ཉིད་ལས། “«ཚོར་གསུམ་སྙན་ངག་»ཅེས་པའི་དེབ་འདི་ལྟ་བུ་ཞིག་བསྐྲུན་དོན་ནི།  རང་མི་རིགས་ཀྱི་གནའ་བོའི་ཤུལ་བཞག་རིག་གནས་དང་།  དེང་རབས་གསར་དར་རིག་གནས་ཡོད་དོ་ཅོག་ཚང་མ་དར་རྒྱས་གོང་འཕེལ་འགྲོ་རྒྱུ་ལ་དམིགས་ནས།  རྒས་དར་གཞོན་གསུམ་མམ་སྐྱེས་ཕོ་མོ་སུ་ཞིག་ཡིན་རུང་།  རང་མི་རིགས་ཀྱི་རིན་ཆེན་གསེར་ནག་ཏུ་གྲུབ་པའི་བོད་ཀྱི་སྐད་ཡིག་ནོར་བུ་རིན་པོ་ཆེ་འདི་ཉིད་ངོ་ཤེས་བའི་ཆེད་དང་འདི་ལ་མི་རྨོངས་པའི་སླད་དུའོ།།  ང་ཚོ་ནི་བོད་མཐོ་སྒང་གི་ཡུལ་གྲུ་ཆེན་མོ་འདིའི་སྟེང་ལ་སྐྱེས་པའི་དུས་དེ་ནས་བཟུང་།  ཤ་ཁྲག་རུས་གསུམ་བོད་ཡིན་ཞིང་བླ་ཡིད་སེམས་གསུམ་གངས་ཡིན་པས་བོད་ཆོལ་ཁ་གསུམ་པོ་མཐུན་སྒྲིལ་གྱི་ལམ་སྣེ་འདྲེན་ནས་བོད་སྤྱི་ཚོགས་ཆེན་མོ་འདི་ཡར་སྐུལ་ཡོང་བར་འབད་པ་གནང་རྒྱུ་ནི་ཀུན་ལ་ཡོད་པའི་འགན་འཁྲི་ཞིག་ཡིན་ལ།   དེར་བརྟེན་ན་གཞོན་ཕོ་མོ་ཚང་མའི་ཕྱག་གིས་སྨྱུག་ཁ་བཀྱུས་ཏེ་བོད་གངས་ཅན་གྱི་སྐད་ཡིག་རིག་གནས་ཀྱི་གསར་རྙིང་གང་ལ་ཡང་སྦྱོང་པ་གནང་ན།   ང་ཚོའི་ཤེས་རིག་འདིའི་རྩ་བ་སྦོམ་ཞིང་རྩེ་མོ་རྒྱས་འགྲོ་བ་མ་ཟད་མཐུན་སྒྲིལ་གྱི་སྟོབས་ཤུགས་ཀྱང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་ལ་སྐད་ཆ་གཞི་ནས་ཡོད་མི་དགོས་པའི་ཕྱིར་རོ།།  «ཚོར་གསུམ་སྙན་ངག་»ཅེས་པའི་དེབ་འདིའི་ནང་གི་སྙན་རྩོམ་ཁག་ནི་«ཚོར་གསུམ་སྙན་གླིང་»ཞེས་པའི་སྙན་རྩོམ་འགྲན་སྡུར་དུ་གྲུབ་པའི་སྐད་འཕྲིན་གྱི་ཚོགས་པ་ཞིག་གི་ནང་དུ་བདམས་པའི་སྙན་ངག་རྐྱང་ཡིན་ལ།  དེ་ཡང་ཆེད་དུ་དམིགས་ནས་གདན་འདྲེན་ཞུས་པའི་དཔྱད་འདེམ་པ་ནི།  དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་སྲིད་པའི་མིག་དང་།  ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་སྤྱོད་ཚུལ་རང་བཞིན་བཟང་ཞིང་ཀུན་སྤྱོད་ཕུལ་དུ་བྱུང་བའི་དགེ་རྒན་ཆེན་མོ་བ་ཚུལ་ཁྲིམས་དགེ་རྒྱས་མཆོག་དང་།   དེ་བཞིན་དུ་རྣམ་རིག་གི་གཤིས་རྒྱུད་གྲུང་ཞིང་དཔྱོད་ཤེས་ཀྱི་བློ་སྒོ་ཡངས་པའི་དགེ་རྒན་ཆེན་མོ་བ་བློ་གྲོས་རབ་གསལ་མཆོག་དང་།   ཀོ་རྒྱལ་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁྱུང་སྨྱུག་མཛེས་མཆོག   ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཟུར་མང་སྐྱོ་ཉིན་ནས་ཡིན་པའི་རྩོམ་པ་པོ་འཕགས་ཆེན་ལགས།  ཁྱུང་པོ་དཔའ་བརྡ་ནས་ཡིན་པའི་ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་བཤེས་ཆེན་མོ་གཡུང་དྲུང་འཕྲིན་ལས།   སྣང་དགོན་བཤད་སྒྲུབ་སློབ་གླིང་གི་ཀ་ཤུལ་བསོད་རིན་མཆོག་དང་བཅས་པ་ཡིན་ཞིང་།  མ་ཟད་ད་དུང་ཚོགས་མི་ཀུན་གྱིས་བདམས་གསེས་ཀྱང་གནང་མཛད་ཡོད་དོ།།   ད་ལན་འདིར་སྙན་རྩོམ་དོན་ལྔ་ལས་གྲུབ་པའི་ཚོར་གསུམ་སྙན་གླིང་གི་དེབ་ཕྲེང་གཉིས་པ་དེ་དཔར་སྐྲུན་ཞུས་པ་ཡིན་ལ། དེ་ཡང་འགྲན་སྤེལ་ཐེངས་གཉིས་པ་ནས་བརྒྱད་པའི་བར་གྱི་སྙན་ངག་དག་ཚུད་པར་བྱས་ཡོད་པའོ།། ” ཞེས་གནས་ཚུལ་མདོར་བསྡུས་སུ་གཡམ་དྲང་སྲོང་ངམ་ལྷ་རྩེའི་དྲི་བསུང་དུ་འབོད་པས 2015/6/20  ཉིན་ཁམས་ཁྱུང་པོ་སྟེང་ཆེན་ནས་སྤེལ་བ་ཡིན།

འབྲེལ་གཏུག་བྱ་ཡུལ།

ཁ་བ།  182 8915 2655

འཕྲུལ་ཡིག 136 5895 3527

གཟུ་དཔུང་། 147 2895 3307

 

Re:སྙན་ངག་གི་དེབ་ཕྲེང་<< རི་སྐེད་ནས་བཏབ་པའི་ཀི་སྒྲ >>། | 2015/6/21 12:01:33
སྐུ་མགྲོན་0e72Xk(སྐུ་མགྲོན)ངོ་མ་ཕ་བཟང་གི་བུ་རེད། བཀྲ་ཤིས་བདེ་ལེགས་ཞུ། །
རྩོམ་པ་པོ།:སྐུ་མགྲོན་0e72Xk(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྙན་ངག་གི་དེབ་ཕྲེང་<< རི་སྐེད་ནས་བཏབ་པའི་ཀི་སྒྲ >>། | 2015/6/21 9:12:34
སྐུ་མགྲོན་1hx3BN(སྐུ་མགྲོན)བཀྲ་ཤིས་བདེ་ལེགས། ཕོ་ལྷ་གསོལ། ཡིན་གདའ་མུ་མཐུད་ནས།།
རྩོམ་པ་པོ།:སྐུ་མགྲོན་1hx3BN(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.