སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ་4 | 2015/4/29 14:41:00

སྨྱོན་པའི་ལོ་ཐོ་གོང་མཐུད།༑༑༑ རང་ལོ་ཞེ་གསུམ་པ། ༢༠༡༤་ཤིང་རྟ་ལོའི། གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་དེ། དམུ་དགེ་དགོན་པར། སྤྱི་ལོ་༢༠༡༤་ལོའི་ཟླ་༡་པོའི་ཚེས་༣༡་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་ལྔ་བར་བཏང་། བོད་ཚེས་ལྔ་ཉིན། ཡུལ་དགོན་གཉིས་ཀྱི་རེ་འདུན་ལྟར། ཕུར་པའི་ཚེ་སྒྲུབ་ཀྱི་དབང་གནང་ནས་སྒྲུབ་པ་གྲོལ། ཚེས་དྲུག་ཉིན་ཚུར་ཁྱིམ་དུ་འབྱོར། མཚམས་ཁང་གི་ཤིང་ཆ། ཀ་བ་འཞིའི་ཀ་གདུང་ཤིང་བརྩིགས་ཆ་ཚང་། འཛོམ་ཆུང་བསོད་ནམ་འགྱུར་མེད་ཀྱིས། ཚད་ཀ་རིན་མ་བླང་པར་མཁོ་འདོན་བྱས་བྱུང་ལ། དེ་ཚོ་ནི་ཤིང་གཞོག་ཚར་བ་རེད་འདུག་། སྒོ་དང་སྐར་ཁུང་སོགས། འཛོམ་ཆུང་བསོད་ནམ་འགྱུར་མེད་དང་། བུ་ཀྲུག་ཀྲུག་གཉིས་ཀྱིས། གླ་མེད་ལས་དཀའ་བྱས་ནས་གཞོག་རོགས་བྱས་པ་དང་། བཀྲ་ཤིས་ཀྱི་གླ་ཚད་ཀ་བླངས་ནས་གཞོག་རོགས་བྱས།   དེ་སྐབས་ཤིག་ལ་ཤང་ནས་བརྡ་ཆ་རྒྱབ་བྱུང་བ་ལྟར། ཤང་ལ་ཕྱིན་པས། ཧྲུའུ་ཅུའུ་ཉི་མ་གྲགས་པས། ཁྱེད་ཀྱི་མཚམས་ཁང་དགོན་རྙིང་པར། རྒྱག་རྩིས་འདུག་ཟེར་བ་བདེན་པ་ཨེ་རེད་ཟེར་བས། ཕྲན་ནས་མཚམས་ཁང་། དགོན་རྙིང་པར་རྒྱག་རྩིས་ཡོད་ལབ་པས། ཧྲུའུ་ཅུའུ་ཡིས། དེ་འདྲ་མ་བྱེད་ཆོག་མཆན་ཞུ་དགོས་པ་རེད། བླ་མ་ཁྱོད་ཀྱིས་ཚུན་དང་གྲོང་ཚོ་ལ་ཞུས་ཤོག་། ངས་རྫོང་ལ་སྙན་ཞུ་འབུལ་འོང་ཟེར་བས། དེར་ཕྲན་ཚུན་གྱི་འགོ་ཁྲིད་ཀྲིའུ་པུའུ་རྣམ་རྒྱལ་དང་། ཨ་ར་གཉིས་ལ་ཞུས་པས། ཁོང་གཉིས་ཀྱི་འགོ་ཁྲིད་དང་། མང་ཚོགས་ལ་གྲོས་བྱེད་འོང་ཟེར། དེར་ཞག་ཤས་ནས་ཚུན་དང་གྲོང་ཚོས་བསམ་འཆར་མེད་ཟེར་བས། ཕྲན་གྱི་དེ་དོན་ཤང་ལ་ཞུས་པས། ཤང་ཧྲུའུ་ཅུའུ་ཉི་མ་གྲགས་པ་ནས། ཚུན་དང་གྲོང་ཚོས་བསམ་འཆར་མེད་པ་ཙམ་གྱིས། མཚམས་ཁང་རྒྱག་ཆོག་གི་མ་རེད། ངེས་པར་དུ་རྫོང་ཆོས་དོན་ཅུས་ལ་ཞུ་དགོས་ཟེར་བས། ཕྲན་གྱིས་སུ་ལ་ཡང་མི་ཞུ་བར། མཚམས་ཁང་རྒྱག་རྒྱུ་ཡིན་ལབ་པས། ཧྲུའུ་ཅུའུ་ཉི་མ་གྲགས་པས། དེ་ལྟར་བྱས་ན་གོང་གི་མི་ཤེས་པ་འོང་མི་སྲིད། དེ་དུས་ཁྱེད་རང་མཚམས་ཁང་ཙམ་ཕར་ཞོག་ དགོན་པ་རྙིང་པ་ཡང་བཤིག་ངེས་རེད། དགོན་པ་གསར་པ་བཞེངས་ན། རྙིང་པ་བཤིགས་དགོས་པས། གན་རྒྱ་བཞག་ཡོད་པ་ཁྱོད་ཀྱི་ཤེས་གསལ་ལྟར་རེད། དེ་ལས་གོང་རིམ་ལ་ཆོག་མཆན་ཞུ་དགོས་ཟེར། དེར་ཕྲན་རྫོང་ཆོས་དོན་ཅུས་ལ་སོང་བས། ཅུས་ཀྲང་ནོར་བུ་ནི། ལས་གནས་བརྗེ་བསྒྱུར་བྱས་ཚར་ཏེ། ད་སྐབས་ཅུས་ཀྲང་ནོར་རྒྱལ་ཟེར་བ་ཡོད་པ། གཤམ་སྤྱོད་ཕྱིན་ནས་མི་འདུག་ལ། འགོ་ཁྲིད་གཞོན་པ་དགའ་བདེ་ཟེར་བ་འདུག་པ་དེས། རྫོང་ཏང་དང་སྲིད་གཞུང་སོགས་ལ་ཞུ་འོང་ཞག་ཤས་སྒུགས་ཟེར། དེར་ཞག་ཤས་མཚམས་ནས་ཕྱིན་པས། དགོན་རྙིང་པ་མར་བཤིགས་དགོས་པས། དེར་གསར་དུ་ཁང་པ་རྩ་བ་ནས་རྒྱག་མི་ཆོག་ལ། བླ་མ་གྲྭ་པ་ཨ་ནེ་སོགས་སུ་གཅིག་གིས། དེར་ཁང་པ་གསར་དུ་རྒྱག་ན་དེ་མར་བཤིགས་རྒྱུ་དང་། ཞོར་དུ་དགོན་རྙིང་པའང་བཤིགས་རྒྱུ་ཡིན་ཟེར་བ་དང་། དེ་བཞིན་གཟི་ཀིས་ལའང་མཚམས་ཁང་གསར་དུ་མི་ཆོག་ ཁྱོད་ཀྱི་ཤེས་དགོས་རྒྱུ་ལ་རྫོང་གི་མོས་མཐུན་བྱེད་པ་ལ། དང་པོ་ཤང་གི་ཁ་གསལ་དགོས་པས། ཤང་གི་ཧྲུའུ་ཅུའུ་ཉི་མ་གྲགས་པ། ཁ་སེང་འདིར་ཡོང་སྐབས། ཁྱེད་རང་གི་མཚམས་ཁང་། དགོན་རྙིང་པར་རྒྱག་རྒྱུ་ཐད། བསམ་འཆར་འདུག་པས། དང་པོ་ཁྱོད་ཀྱི་ཤང་ལ་ས་ཆ་སྤྲད་རོགས་ལབ་དགོས་ཟེར། དེ་ནས་ཤང་ལ་ཕྱིན་པས། ཧྲུའུ་ཅུའུ་ཉི་མ་གྲགས་པས། ཁྱོད་རང་དགོན་རྙིང་པར་མཚམས་ཁང་རྒྱག་མི་ཆོག་ དེ་མིན་ལྷ་མཐོང་གི་ས་ཆ་གར། མཚམས་ཁང་རྒྱག་ནའང་ས་ཆ་སྤྲད་ཆོག་ཟེར། དེ་ནས་དབེན་གནས་ཆུ་ཡོད་ས་འགའ་བཙལ་ཀྱང་། ཡག་པོ་ཞིག་རྙེད་མ་སོང་ལ། མཐར་བླ་མ་མང་པོར་ཕྱག་མོ་ཞུས་པ་དང་། རང་གིས་ཀྱང་ས་བརྟགས་དཔྱད་ཡང་ཡང་བྱས་པས། སྔོན་མ་ཁྱུང་པོ་གྲགས་པ་རྒྱལ་མཚན་གྱི་གདན་ས། ཁྱུང་པོ་ཟླ་བ་དགོན་པ་ཞེས། འདུས་སྡེ་ཆེན་པོ་ཆགས་ཤུལ་དེར། མཚམས་ཁང་རྒྱག་རྒྱུ་ཐག་གཅད་པ་ཡིན། ས་དེར་ཁང་ཤུལ་རྒྱ་ཆེན་པོ་འདུག་ལ། ད་ལྟའང་ས་མིང་ཟླ་བ་དགོན་ཞེས། འབོད་བཞིན་འདུག་ལ། ས་ཆ་འདིར་དགོན་པ་ལས། ལྟོས་བཅས་ཀྱི་དབེན་ཞིང་། ཆུ་ཟུར་དུ་ཡོད་པ། ལྕི་ཤིང་བཙལ་སླ་བ། དབྱར་བསིལ་ལ་དགུན་དྲོ་བ།  ཉི་མ་འཆར་སྔ་ལ་ནུབ་ཕྱི་བ། སྔར་ཟླ་བ་དགོན་ཆགས་ས། ཐོད་ལ་སྒང་ཞེས། སྤངས་རི་ཉམས་དགའ་བ་ཞིག་ཡོད་པ་རེད།  དེར་མཚམས་ཁང་རྒྱག་རྒྱུ་ཡིན་ཚུལ། ཤང་ལ་ཞུས་པས། ཤང་དང་ཚུན་དགོན་པ་བཅའ་སྡོད་ལས་བྱེད་སོགས། འོང་ནས་བརྟགས་དཔྱད་བྱས་རྗེས། དེར་མཚམས་ཁང་རྒྱག་ཆོག་པས་མོས་མཐུན་བྱས་བྱུང་། དེ་ནས་༢༠༡༤་ལོའི་སྤྱི་ཟླ་༣་པའི་ཚེས་༡༣་། ཧོར་ཟླ་དང་པོའི་ཚེས་༡༢་རྒྱལ་ཕུར་འགྲུབ་སྦྱོར་ཉིན། ས་སློང་དང་ལྷ་རྒྱལ་བྱས། དེ་ཉིན་འཁྲུལ་ཆས་གླས་ཏེ་ས་བདེ་ཁོད་སྙོམ། ཕྱི་ཉིན་ནས། ཉེ་འབྲེལ་རྣམས་ཀྱིས་རྨིང་རྡོ་རུགས། འབྲུག་རྒྱལ་སོགས་ཀྱིས། རླངས་འཁོར་གླ་མེད་ཐོག་འོར་རོགས་བྱས། དེ་ནས་ཚ་བོ་ཉི་འོད་དང་། མི་ནུབ། རྒྱལ་མཚོ། དགེ་ལེགས། ཚ་མོ་བསྟན་མཚོ་དང་། བྱམས་མ་བདེ་སྐྱེད་སོགས་ཀྱིས། ཆུ་ཟུར་དུ་ཁྲིད་པ་དང་། ཞལ་ལ་རྒྱག་བྱེད་ས་དྲུས་པ་སོགས། གྲ་བསྒྲིགས་ཀྱི་ལས་དཀའ་རྣམས། ཞག་མ་ཁ་ཤས་ནས་ཐོན་སོང་། དེ་ནས་གྲུབ་རྗེ་ནམ་མཁའ་རིན་པོ་ཆེའི་བཀའ་མངག་ལྟར། གསེར་མདོ་སྐུ་འབུམ་ཉི་ཤར་དགོན་དུ། གྲྭ་ཆུང་བཅུ་ཙམ་དང་། བཙུན་མ་ལྔ། བོན་སྔགས་དྲུག་བདུན་ཙམ་ལ། བརྡ་དག་སློབ་དགོས་གསུང་པ་ལྟར། དེ་སོང་ནས་ཁྱུང་སྤྲུལ་བརྡ་སྤྲོད་སློབ་ཁུལ་བྱས་པ་ཡིན། ཡུལ་དགོན་དེར་བླ་མ་མཁན་སློབ་མང་པོས། བཀའ་སློབ་གནང་བས་བཀའ་དྲིན་དང་། དགོན་པའི་བླ་མ་མཉམ་ཉིད་རང་གྲོལ་མཆོག་གིས། གྲོས་འགོ་བཏོན་པ་དང་། ཡུལ་དེའི་བོན་སྔགས་ཚོས་སྣེ་ཁྲིད་གནང་བ། བཅས་ལ་བརྟེན་ནས། ཡུལ་དགོན་གང་རུང་དུ། གསོན་གཤིན་གྱི་དགེ་རྩ་སྒྲུབ་སྐབས། དམར་ཟས་གཏན་བཀགས་བྱེད་པས། བཤོ་སྲོལ་བཟང་པོ་ཞིག་ཆགས་འདུག་སྟེ། དཔེར་ན། དགོན་པ་འདུ་འཚོགས་བྱེད་པས་སྐབས་དང་།  དུད་ཚང་ཞིག་གིས། སྟོན་འབུམ་འདོན་པའམ། སྐུ་རིམ་སྒྲུབ་པ། ཡང་ན་ཤི་བ་ལ་འདུལ་འདོན་པའམ། ཀུན་རིགས་ལས་བཞི་བླུག་པ། ཞེ་དགུའི་རིང་སོགས་ལ། འགོ་གཙུག་ནས་མ་ཚར་ཀྱི་བར་དུ། གོང་གི་བླ་མཆོད། འོག་གི་ཡོན་བདག བར་གྱི་འགྲུལ་པ་བཅས། ཚང་མར་དཀར་ཟས་མ་གཏོགས། དམར་ཟས་གཏན་བཀགས་བྱེད་ཀྱི་འདུག་པས། དེར་ཕྲན་རང་ཉིད་ཤིན་ཏུ་ཡི་རངས་སོང་།  དེ་ནས་སྤྱི་ལོ་༢༠༡༤་ལོའི་སྤྱི་ཟླ་༤་པའི་ཚེས་༡༤་ཉིན། མཚམས་ཁང་བཟོ་སྐྲུན་འགོ་གཙུག་ནས། ཞག་མ་ཉེར་བརྒྱད་ནང་། གྱང་བརྡུང་རྒྱུ། ཁ་འགེབས་རྒྱུ། ཞལ་ལ་རྒྱག་རྒྱུ་སོགས། ཡོངས་སུ་གྲུབ་སོང་།ས་རྐོ་བའི་རྒྱུད་རིམ་ནང་ས་འོག་ནས་དཔེ་ཆ་གསེར་བྲིས་ཕྱེ་མ་དང་། ལྕགས་རིགས་གསེར་རིས་ཅན་གྱི་གཡུང་དྲུང་ཆག་ཤིང་། གཟི་ཡིན་ན་མཆོང་ཡིན་ན་མ་ཤེས་ཀྱང་། རིན་པོ་ཆེ་བརྟག་མཁན་གྱིས་བཤད་པར་གཞིག་ན། སྒོར་ཁྲི་ལྔ་བཅུ་ཙམ་རི་བའི་རིན་པོ་ཆེ་ཞིག་ དཔེ་ཆའི་ལྷག་འགོ་འགའ་རྡོ་རྗེ་སོགས་མང་པོ་ཐོན་སོང་། དེ་བཞིན་རྫ་ཆས་ཀྱི་མཆོད་རྟེན། རྡོ་རྐོས་ལྷ་སྐུ་མི་རུས་བཅས་འགའ་འགའ་ཞིག་དོན་བྱུང་

 དེའི་སྐོར་ས་དེར་ཆུ་གཏོར་ས་སྪ་ཉེའུ་འདོན་པ། མདོ་འབུམ་གཟུངས་གསུམ་ཀློག་པ། ཡུལ་ས་བརྔན་བསང་། སྣང་ཞི་བླུག་པ་སོགས་བྱས། ཞོར་དུ་ས་ལས་འགའ་བྱས་པས། འགོ་བོ་སྔར་ལས་གཟེར་བ་སོགས་བྱུང་བས། ལྷ་སར་བརྟག་དཔྱད་བྱེད་པར་ཕྱིན་པས། ལྷ་ས་མི་དམངས་སྨན་ཁང་གིས། མགོ་བོ་བརྡབ་སྨས་སོང་བས། སྐྱོན་ཏོག་ཙམ་འདུག་པས། འགུལ་སྐྱོད་བྱེད་མི་ཉན་འདུག་ཟེར་བ་དང་། སྨན་འགའ་ཞིག་བྲིས་པ་ཉོས་ནས་མར་ཡོང་བ་ཡིན། དེའི་རིང་ཁྲ་ནང་། ཚ་བུ་ཉི་མ་འོད་ཟེར་དང་། བོན་སྔགས་དཀོན་མཆོག་བཀྲ་ཤིས། འཛོམས་ཆུང་བསོད་ནམ་འགྱུར་མེད། ཚུན་གྱི་འགོ་ཁྲིད་བཀྲ་ཤིས་སོགས་ཀྱིས། རོགས་བྱས་ཏེ། ལྷ་མཐོང་གྲོང་ཚོ་གསུམ་པར། འབུ་སློང་མོ་བྱས་འདུག་པས། འབུ་ལྔ་བརྒྱ་ལྷག་དང་། སྤུ་ཐོག་ཁར་ཚ་བུ་ཉི་མ་འོད་ཟེར་དང་། ཡབ་དམ་པའི་དུས་ཀྱི་ཡོན་བདག་ཨ་རོལ་བསྟན་པ་གཉིས་ཀྱི་འབུ་སློང་མོ་བྱས་པ། འབུ་དྲུག་བརྒྱ་ལྷག་བཅས་བྱུང་བ། ཕྲན་ལ་ལག་འཕྲོད་བྱུང་སོང་། སྤྱི་ལོ་༢༠༠༡༤་ལོའི་ཟླ་༧་པའི་ཚེས་༥་་བོད་ཟླ་ལྔ་པའི་ཚེས་ལྔ་ཉིན་ཕྲན། ཟླ་བ་དགོན་དུ། ཚེ་དབང་བོད་ཡུལ་མའི་སྒྲུབ་པར་བསྡད།

་་་

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.