སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། ༡༢ | 2013/11/5 12:59:00

ཚེས་་༡༨་་ཉིན། སྔོན་མ་དགོན་པར་བཀའ་འགྱུར་གཅིག་ཡོད་པ།  གྲོང་གསེབ་ཏུ་འདོན་རྒྱུ་གཡར་ནས། ཆ་མི་ཚང་འདུག་པས། གར་ཡོད་རྩད་གཅོད་བྱས་པས། ཞལ་ཕུ་དང་། གཤང་གདོང་། མཁར་སྟོད། མཁར་ནེ། ལྷ་མཐོང་། མཐའ་ཞུ་ཐང་། བཅས་སུ་དཔོད་ཁ་ཤས་འཐོར་འདུག་པ། དཔོད་༡༥༦་་རྩད་ཆོད་དེ། དགོན་པར་གདན་འདྲེན་ཞུས། དེ་སྐབས་གཟི་བླ་ཆུང་བསྟན་འཛིན་རྒྱལ་མཚན། དགོན་པར་ཡོང་ནས་གེ་ཁོད་ཀྱི། དབལ་ཆུའི་ཛྭ་ཁྲིད་དགོས་གསུང་པས། དེ་ལ་གེ་ཁོད་ལུང་དང་། བསྐྱེད་བཟླས་བྱེད་ལུགས་གང་ཤེས་ཞུས། དེ་ནས་ཁྱེད་གེ་ཁོད་བསྙེན་ཆུང་གི་བསྙེན་ཚད་ཁྲི་དྲུག་ཡིན་པས། དེ་དང་པོ་འགྲོ་ཐབས་གྱིས་དང་། དེ་ནས་ཛྭ་ཁྲིད་ཕུལ་ཆོག་ཞུས་པ་ཡིན། དེ་མཚམས་དགེ་སྦྱོར་སྒྲུབ་པས་ཁུལ་གྱི་དགོན་པར་བསྡད་པ་དང་། གྲོང་གསེབ་ཏུ། གསོན་པོ་ལ་སྐུ་རིམ་དང་། དབང་། ཤི་ཕོ་ལ། ངོ་སྤྲོད་དང་གསལ་གདབ། འཕོ་བ། བྱང་བཞུ། རྩིས། འདུར་སོགས། བྱེད་པར་སོང་བ་ཡང་འབྲི་མི་ལོང་ངོ་། ཤི་གསོན་གྱི་དཀོར་རྗེས་སུ་སོང་མཚམས། དགོན་པར་ཡོང་བ་ལས། གྲོང་ནག་ཏུ་དོན་མེད་གཡེང་ནས་བསྡད་མ་མྱོང་ངོ་། དེའི་བསྐོར་མཆོད་ཡོན་སྦྱིན་བདག་གི་འགན་འཁྲི་ཞེས་པ་ཞིག་བྲིས་ནས། རུ་ཁག་སོ་སོར་འཚོགས་འདུ་ཐོག་ སོང་ནས་བཤད་པ་དང་། ཡི་གེ་བྲིས་ཏེ་བསྐྱར་སྤར་གདབ་ནས། བླ་གྲྭ་དང་འགོ་ཁྲིད་བཅས་ལ་རེ་རེ་སྤྲད་ཡིན། དེ་མཚམས་གྲོང་ཚོ་གཉིས་པར་སོང་ནས། ཚུན་གྱི་དབུ་ཁྲིད་རྣམ་རྒྱལ་དང་བསོད་ནམ་གཉིས། ཙུའུ་ཡི་དབུ་ཁྲིད་རྔོ་པོ་ཨོ་བློན། དེ་མིན་མི་དྲག་འགའ་ལ། སང་ཉིན་གཤང་གདོང་འགོར། ཚོགས་འདུ་འཚོགས་རོགས། དགོན་པ་འཚོགས་རྒྱུ་བསྐྱར་གསོ་བྱེད་རྒྱུ་དང་། དགོན་པར་ལྕི་ཤིང་དང་བསང་ཤུག་ཆད་འདུག་པས། དེའི་བསྐོར་གྲོས་བྱེད་རོགས་ལབ་པ་ཡིན། དེ་ནས་ཡར་དགོན་པར་རྐང་ཐང་དུ་ཡོང་ནས། དགོང་མོ་དགོན་པར་འབྱོར། ཕྱི་་ཉིན་ཞོག་པ་སྔ་པོ་ནས། གཤོང་གདོང་འགོར་སོང་བས། ཉིན་ཚད་ཙམ་ནས་མི་མང་འདུས་འབྱུང་བས། ཕྲན་གྱི་འགན་འཁྲི་ཡི་གེ་འདི་ཚོགས་འདུ་ཐོག་བཤད་པ་འདི་ལྟར་རོ།   ༈༈༈བླ་མ་གྲྭ་པ་སྡེ་མང་ཚོགས་བཅས་ཀྱི། སྒྲུབ་དགོས་ངེས་ཀྱིས་འགན་འཁྲི་ནི།                     ༈༈ ༈ཁྱུང་པོ་ནག་རུ་དགོན་བསམ་གཏན་གླིང་གི་བསྟན་འཛིན་སྐྱེས་བུ་མིང་འཛིན། དཔོན་གསས་བླ་མ་མཁན་པོ་སློབ་དཔོན་རྣམ་པ། མདོ་སྔགས་སེམས་གསུམ། གང་རུང་གི་སྒོ་རུ་ཞུགས་ནས། བཤད་སྒྲུབ་སྒོམ་པས་བློ་སྦྱོང་སྟེ། རང་རྒྱུད་ཀྱི་ཉོན་མོངས་ཐམས་ཅད། སྤང་པའམ། བསྒྱུར་བའམ། གྲོལ་བ་མཛད་ནས། རང་དཔེ་གཞན་སྟོན་མཛད་དགོས་པ་ནི། ཕྲན་གྱིས་ཞུ་མ་དགོས་པའི་ཐོག བླ་མ་མཁན་སློབ་མིང་ཁུར་ནས་བཞུགས་སའི། དགོན་གནས་འདུས་སྡེ་དེར། བླ་གྲྭ་མཁན་སློབ་གྲོང་གསེབ་ཏུ་འཐོར། ལོ་དུས་ཀྱི་འདུ་འཚོགས་ཆད། རྔ་གཤང་གི་སྒྲ་འཆག སྨན་རག་གི་མཚོ་སྐོམ། སྒོམ་སྒྲུབ་ཀྱི་བསྟན་པ་ཉམས།  འདུ་ཁང་འགྱེལ། གྲྭ་ཤག་ནང་ཝ་སྦྲེའི་ཚང་བཅས། མཚམས་ཁང་ནང་། ཕོག་རོན་གྱིས་བཟླས་བརྗོད་བྱེད། སྒྲུབ་ཁང་ནང་། བྱི་བའི་འདུག་ས་བྱས། ཐབ་ཚང་ནང་། སྡོམ་ཐག་གི་དྲ་རྒྱའི་གང་བར་གྱུར་དུས། བླ་མ་དང་མཁན་སློབ་གྱི་མིང་འཛིན་བཞིན། བློ་བདེ་བག་ཕེབས་ངང་། བཞུགས་ས་ནི་ཕ་ཁྱིམ་མ་ཁང་། གསོལ་རྒྱུ་ནི་ཤ་ཆང་སྦི་རག འདོན་རྒྱུ་ནི་ཤི་གསོན་གྲོང་ཆོག བསམ་རྒྱུ་ནི་དཀོར་ཟས་ཁོ་ན། བཤད་རྒྱུ་ནི་བསྟན་པ་དགོན་པ། འཁྱམས་ས་ནི་གྲོང་བརྡལ་ཆང་ཁང་། གྲོགས་པོ་ནི་ཆང་འཐུང་འཁྱམས་པོ་ལ་མི་མཛད་པར། སངས་རྒྱས་ཀྱི་བསྟན་པ་དང་། འགྲོ་བའི་དོན་ཆེད་དུ། མཛད་འགན་ཁུར་འོས་པ་ནི། དགོན་གནས་འདུས་སྡེར། རྒྱུན་བཞུགས་མཛད་དེ། དགོན་པར་ལྷ་འབྲི་རྟེན་བཞེང་དང་། བཤད་སྒྲུབ་སྒོམ་པའི་བསྟན་པ་འཛུགས་སྐྱོང་དང་། དགོན་གནས་འདུས་སྡེ། དར་རྒྱས་གཏོང་ཆེད། གྲྭ་བཙུན་གསོ་སྐྱོང་། བསླབ་པ་སློབ་གཉེར་བཅས་ཀྱི་ཆེད་དུ། བླ་མ་མཁན་པོའི། ཡོང་འབེབས་དགོན་པར་བཞག་རྒྱུ་དང་། དགོན་གནས་འདུས་སྡེ་སྤྱི་ཡི་ཆེད་དུ། ལྡོམ་བུ་སློང་མོ་ཕེབས་དགོས། དེ་ནི་བླ་མ་མཁན་པོས། མཛད་དགོས་ངེས་དང་། མཛད་འོས་ཡོད་པ། མཛད་དགོས་པས་འགན་འཁྲི་བཅས་རེད། དེ་མིན་ཤི་གསོན་གྱི་དཀོར་ལ་རེ་ནས། བླ་མ་མཁན་སློབ་ཀྱི། མིང་འཛིན་མཁན་གྱིས་ནི། དེ་ལྟར་མཛད་མི་སྲིད་ལ། མཛད་མི་ཐུབ། མཛད་མི་ནུས་སོ། དགོན་གནས་འདུས་སྡེའི། བླ་མ་མཁན་སློབ། བསྟན་འགྲོའི་དོན་མཛད་ནུས་པའི། བསྟན་འཛིན་སྐྱེས་མཆོག་རྣམས། ཁྱིམ་དུ་མི་བཞུགས་པར་དགོན་པར་བཞུགས་ནས། དགོན་གནས་འདུས་སྡེ་ཞིག་གསོ་དང་། ལོ་དུས་ཀྱི་འདུ་འཚོགས་ཉམས་གསོ། བཤད་སྒྲུབ་ཀྱི་བསྟན་པ་འཛུགས་པ། བསླབ་གསུམ་གྱི་བསྟན་པ་འཛིན་པ  དགེ་འདུན་གྱི་འདུས་སྡེ་སྐྱོང་བ། འཆད་ཉན་གྱི་བསྟན་པ་སྤེལ་བ་དང་། མ་ཚད་བསྟན་པ་དགོན་པས་ཆེད་དུ། ལྡོམ་བུ་སློང་མོ་བྱོན་པ། དུས་རྒྱུན་དགོན་པར་བསྡད་དེ། དགོན་པའི་ལས་དོན་འོས་འགན་ཕྲག་ཏུ་ཁུར་བ། བྱ་བ་ལས་དཀའ་སྒྲུབ་པ་སོགས། བསྟན་པ་དགོན་པའི་དོན་སྒྲུབ་པ་ལ། དཀའ་ངལ་ཁྱད་བསད་དང་། འོ་རྒྱལ་ལ་བཟོད་བསྲན། སྙིང་ལ་རུས་པ་བཅུག་སྟེ། བློ་སྟོབས་ཆེན་པོས། དཀའ་ངལ་ཁྲི་ཁྲག་ལ། སྣང་མེད་བྱེད་ནས། བསྟན་པ་དགོན་པའི་དོན་ཆེན་ལ། སྙུགས་བསྲིངས་ཐུབ་ན། བཤད་སྒྲུབ་སྒོམ་པའི་བསྟན་པ་དང་། དགོན་པ་ལ། ཕན་ཐོག་འབྱུང་ངེས་ཡིན་ལ། དེ་འདྲའི་བླ་མ་མཁན་སློབ་རྣམས་ལ། ང་ཚོའི་བརྩི་བཀུར་དང་གུས་འདུད་ཞུ་འོས་པ་ཡིན། དེ་ལྟར་མ་ཡིན་པར། དགོན་པའི་བླ་མ་མཁན་པོ་དང་། སློབ་དཔོན་གྱི་མིང་ཁུར་ནས། ཁྱིམ་ཚང་གི་བཟའ་ཉོབ་གསོ་བ་དང་། དོན་དངོས་སུ་དགོན་པ། བཙའ་སྐྱོང་མི་བྱ་བར། མི་མང་གི་ངོ་སོ་ཐོབ་པས་ཆེད་དུ། ཕྱི་ཚུལ་ཙམ་གྱིས་དགོན་པ་སྐྱོང་ཁུལ་བྱ་བ་དང་། དངོས་གནས་དགོན་པའི། ཆུས་ཉམས་ཚ་ལ་མི་བལྟ་བར། མི་ངོ་བསྟོད་བྱེད་དུ། དགོན་པའི་དཔལ་འབྱོར། གཞན་ལ་འཕང་མེད་དུ་སྟེར་བ། གོ་སྐབས་བཙལ་ཏེ། དགོན་པ་ནང་ཁུལ་དུ། ཤོག་ཁག་བསྒྲིགས་འཛུགས་བྱེད་ནས། རང་ཉིན་ལ་གོང་བཀུར་དང་མཐོ་ཐབས་བྱེད་པ། གོང་མ་དང་རང་མཉམ་ལ་དམའ་འབེབས་བྱེད་པ། གང་ལྟར་ན། ངན་པ་ཤོག་བསྒྲིགས་བྱས་ཏེ། རང་གི་གོང་ལ། ཡོད་པ་ཞིག་ཡིན་ཕྱིན་ཆད། མཐོ་དོག་དམའ་དགའ་བྱེད་ནས། སྐུ་ལྷད་རྫུན་ལྷད་འགབ་པ།  ལྐོག་གཡོ་ངན་ཇུས་བཤམས་ནས། ཉེས་མེད་ཉེས་འགེལ་བྱེད་པ། བདེན་རྫུན་གོ་ལྡོག་བྱེད་ནས། མ་ཉེས་ཁ་གཡོག་འགབ་པ། ཁྱད་བསད་དང་བཀུར་འདེབས་བྱས་ཏེ། གང་སར་དཀྲུག་གཏམ་བཤད་སོགས།  མདོར་ན་དགོན་པ་འཐོར་རྐྱེན་བྱེད་པ་དང་། ཡང་དགོན་པ་ཉམ་གུད་དུ་གྱུར་ཏེ། འདུས་སྡེར་དཀའ་ངལ་ཡོད་དུས། གར་སོང་མེད་ཀྱང་། དགོན་པའི་བསྟན་པ་རྒྱས་ཞིང་། སྒོམ་སྒྲུབ་གྱི་འདུས་སྡེ་དར་བས་དུས་སུ། སྟབས་ལེགས་ཀྱི་ཐོག་ནས། དགོན་པའི་ཆེད་དུ། བྱ་བ་ཏོག་ཙམ་སྒྲུབ་པ་དེ་ལ། ང་རྒྱལ་ཁེང་དྲེག་ཤིན་ཏུ་ཆེ་ཞིང་། བཤད་རྒྱུ་རྫོ་རྒྱ་ལུང་པ་གང་བྱེད་པ་མ་ཟད། བླ་མ་གཞན་གྱི་དགོན་པའི། བཤད་སྒྲུབ་སྒོམ་པའི་བསྟན་པ་ལ། ཕན་པས་བྱ་བ་སྒྲུབ་པ་དེ་ལ། རྒྱབ་སྐྱོར་རོགས་རིམ་བྱེད་རྒྱུ་ཕར་བསྐྱུར། ཤིན་ཏུ་མི་བཟོད་པས་རུ་ང་དང་། ཕྲག་དོག་གི་བསམ་ངན་བསྐྱེད་དེ། མངོན་ལྐོག་གཉིས་ནས། བདེན་པ་ཁྱད་བསད་ཀྱིས། རྫུན་གཏམ་དང་། དཀྲུག་གཏམ་བཤད་ནས། མ་ཉེས་ཁ་གཡོག་འགའ་ཅི་ཐུབ་དང་། དབྱེན་སྦྱོར་དཀྲུག་ཤིང་རྒྱབ་ནས། སྡེ་དགོན་བར བླ་གྲྭ་བར། བླ་སློབ་བར། མཆོད་ཡོན་བར་བཅས་ལ། མི་མཐུན་པའི་ལྐོག་གཡོ་ངན་ཇུས་ཀྱི། བྱ་བ་ལས་དཀའ་སྒྲུབ་དུས།  ངོ་ཚ་དང་སྡིག་སྡུག་ལ་མི་འཛོམས་པར། ཅི་ཐུབ་གང་ཐུབ་བྱེད་མཁན་གྱི་བླ་མ་མཁན་སློབ་ནི། སངས་རྒྱས་ཀྱི་བསྟན་པ་བཤིག་མཁན། སེར་གཟུག་བདུད་སྤྲུལ་སྡིག་ཅན་ཡིན་པས། དེ་འདྲའི་རིགས་ནི། དགོན་པ་དང་སྡེ་མང་ཚོགས་བཅས་ལ། ཕན་པ་བས་གནོད་པ་ཆེའོ། དེ་ཕྱིར་བླ་གྲྭ་མཁན་སློབ་རྣམ་པས། དགོན་པར་སྒོམ་སྒྲུབ་གྱི་བསྟན་པ་འཛུགས་པ་དང་། འཚོགས་འདུ་བ་བསྐྱར་གསོ་བྱེད་ནས། དགོན་པ་ཉམས་རྒུད་དུ་མི་འགྲོ་བས། འབད་བརྩོན་ལྷོད་མེད་མཛད་དགོས་པས་མ་ཚད། དགོན་འདིར་བླ་མ་དང་། མཁན་པོ། སློབ་དཔོན་སོགས། བླ་མ་མཁན་སློབ་མང་བའི། དགེ་མཚན་ལས། དཀའ་ངལ་ལ་མི་སྐྲག་པར། དགོན་པའི་ལས་དོན་གང་ཡང་། འགན་ལེགས་པོ་ཁུར་རྒྱུ་དང་། ལྡོམ་བུ་སློང་མོ་ཕེབས་པ་སོགས། མཛད་ན་དགོན་པ་དར་རྒྱས་ཡོང་ངེས་རེད། དེ་མིན་བཞུགས་ས་ཁྱིམ་ལ་མཛད། ཆང་རག་ལ་མགོ་འཁོར་ནས། མིང་སྟོང་པའི་བླ་མ་མཁན་སློབ་ནི། དགོན་པ་ལ་ཕན་པ་འབྱུང་བ་ལས། གནོད་པ་འབྱུང་བ་མང་བར་འདུག་གོ།   བཤད་སྒྲུབ་སྒོམ་གསུམ་ལས་ཐོན་པའི་དགེ་བའི་བཤེས་གཉེན་རྣམ་པས། མཛད་འགན་ཁུར་འོས་པ་ནི། རང་གནས་སའི་དགོན་གནས་འདུས་སྡེ་དེར། བོན་མདོ་སྔགས་སེམས་གསུམ་ལ་འཆད་རྩོད་བརྩམ་གསུམ་མཛད་དེ་དགོན་པར་རྒྱུན་བཞུགས་བྱེད་ནས། གཡུང་དྲུང་བོན་ལ་འཆད་ཉན་སྒོམ་སྒྲུབ་ཀྱི་བསྟན་པ་ཚུགས་ཐུབ་གཙོ་བོར་མཛད་དགོས་ལ། ལྷག་པར་དུ་དགོན་གནས་འདུས་སྡེ་དེས། མཁན་པོ་དང་སློབ་དཔོན་གྱི་མིང་འཛིན་མཁན་རྣམ་པའི། རང་ཉིད་བཞུགས་སའི་དགོན་གནས་འདུས་སྡེ་དེར། གྲྭ་བཙུན་འདུས་སྡེ་གྲོང་གསེབ་ཏུ་འཐོར། དགོན་པའི་ལོ་དུས་ཀྱི་འདུ་འཚོགས་ཆད། རྔ་གཤང་གི་སྒྲ་འཆག སྨན་རག་གི་མཚོ་སྐོམ། སྒོམ་སྒྲུབ་ཀྱི་བསྟན་པ་ཉམས།  འདུ་ཁང་འགྱེལ། གྲྭ་ཤག་ནང་ཝ་སྦྲེའི་ཚང་བཅས། མཚམས་ཁང་ནང་། ཕོག་རོན་གྱིས་བཟླས་བརྗོད་བྱེད། སྒྲུབ་ཁང་ནང་། བྱི་བའི་འདུག་ས་བྱས། ཐབ་ཚང་ནང་། སྡོམ་ཐག་གི་དྲ་རྒྱའི་གང་བར་གྱུར་དུས། ད་རུང་དགོན་པ་དེ་ཡི་འགན་འཛིན་མཁན་པོ་དང་སློབ་དཔོན་དབུ་མཛད་བཅས་ཀྱི་མིང་འཛིན་བཞིན། དགོན་པར་བོན་འཆད་ཉན་སྒོམ་སྒྲུབ་བྱེད་དེ་ཞག་བདུན་ཙམ་ཡང་མི་བཞུགས་པར། གཞན་བླ་གྲྭ་དགོན་པར་བསྡད་མཁན་ལ་གནོད་པ་ཅི་ནུས་བྱེད་པས་མ་ཚད། བློ་བདེ་བག་ཕེབས་ངང་། བཞུགས་ས་ནི་ཕ་ཁྱིམ་མ་ཁང་། གསོལ་རྒྱུ་ནི་ཤ་ཆང་སྦི་རག འདོན་རྒྱུ་ནི་ཤི་གསོན་གྲོང་ཆོག བསམ་རྒྱུ་ནི་དཀོར་ཟས་ཁོ་ན། བཤད་རྒྱུ་ནི་བསྟན་པ་དགོན་པ། འཁྱམས་ས་ནི་གྲོང་བརྡལ་ཆང་ཁང་། གྲོགས་པོ་ནི་ཆང་འཐུང་འཁྱམས་པོ་ལ་མི་མཛད་པར། དགོན་པར་བཞུགས་ནས་བོན་ཕྱི་ནང་གསང་གསུམ་ལ། འཆད་ཉན་སྒོམ་སྒྲུབ་བྱེད་པའི་བཤོ་སྲོལ་བཟང་པོ་བཞག་དགོས་ལ། གྲྭ་ས་འགྲིམས་མ་མྱོང་བའི་གྲྭ་མང་གིས། མིག་ལྟོས་བྱེད་སའི་དགེ་བཤེས་སོགས། ཁྱེད་ཤེས་ཡོན་ཅན་དཔེ་ཆ་བ་རྣམ་པའི། གྲྭ་བཙུན་རྣམ་པར་དགོན་པར་བཞུགས་པའི་དཔེ་སྟོན་བྱེད་དགོས་པ་ལས། མིག་ལྟོས་བྱེད་སའི་མིང་ཆེན་ཁུར་བཞིན། བཞུགས་ས་གྲོང་ནག་ཁྱིམ་དུ་མཛད། ཤེས་ཡོན་དཀོར་ཟས་བསྡུ་བྱེད་མཛད། ཡོང་འབེབས་ཆང་རག་ཉོ་བྱེད་མཛད། ལོ་རེར་དགོན་པར་ཟླ་བ་གཅིག་ཙམ་ཡང་མ་བཞུགས་ན། དགོན་པ་ཉམས་རྒུད་འགྲོ་ངེས་ལགས་པའི་གཟབ་རོགས་ཞུ། ༈ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བས། བསླབ་གསུམ་རྒྱུད་ལྡན། གྲྭ་བཙུན་རྣམས་པ། མདོ་སྔགས་སེམས་གསུམ། གང་རུང་གི་སྒོ་རུ་ཞུགས་ནས། བཤད་སྒྲུབ་སྒོམ་པས་བློ་སྦྱོང་སྟེ།  རང་རྒྱུད་ཀྱི་ཉོན་མོང་པ་ཐམས་ཅད། སྤངས་བསྒྱུར་གྲོལ་གསུམ། བྱེད་དགོས་རྒྱུ་ནི་བཤད་མ་དགོས་པར། སྐྲ་བྲེགས། མིང་སྤོས། གོས་བསྒྱུར་བས་དོད་པོ་ལ། རབ་བོན་བསྟན་སྤྱི་ཆུས་ལ་ཕན་པའི་བྱ་བ་སྒྲུབ་དགོས། འབྲིང་ནི་རང་གནས་སའི་དགོན་སྡེར། བཤད་སྒྲུབ་འདུས་སྡེ་ཚུགས་ཐུབ་པ་དང་། བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པས་ཆེད། འབད་བརྩོན་བྱེད་རྒྱུ་ནི།  རང་འཁྲི་འོས་འགན་རེད་ལ། ཐ་ན་རང་གནས་སའི། དགོན་གནས་འདུས་སྡེ་དེར། བླ་གྲྭ་གྲོང་གསེབ་ཏུ་འཐོར། ལོ་དུས་ཀྱི་འདུ་འཚོགས་ཆད། རྔ་གཤང་གི་སྒྲ་འཆག སྨན་རག་གི་མཚོ་སྐོམ། སྒོམ་སྒྲུབ་ཀྱི་བསྟན་པ་ཉམས།  འདུ་ཁང་འགྱེལ། གྲྭ་ཤག་ནང་ཝ་སྦྲེའི་ཚང་བཅས། མཚམས་ཁང་ནང་། ཕོག་རོན་གྱིས་བཟླས་བརྗོད་བྱེད། སྒྲུབ་ཁང་ནང་། བྱི་བའི་འདུག་ས་བྱས། ཐབ་ཚང་ནང་། སྡོམ་ཐག་གི་དྲ་རྒྱའི་གང་བར་གྱུར་དུས། གྲྭ་པའི་མིང་འཛིན་བཞིན། བློ་བདེ་བག་ཕེབས་ངང་། བཞུགས་ས་ནི་ཕ་ཁྱིམ་མ་ཁང་། གསོལ་རྒྱུ་ནི་ཤ་ཆང་སྦི་རག རྩེ་རྒྱུ་ནི་ཤོ་བག་སྟག་སེ། འདོན་རྒྱུ་ནི་ཤི་གསོན་གྲོང་ཆོག ་ བསམ་རྒྱུ་ནི་དཀོར་ཟས་ཁོ་ན། བཤད་རྒྱུ་ནི་བསྟན་པ་དགོན་པ། འཁྱམས་ས་ནི་གྲོང་བརྡལ་ཆང་ཁང་། གྲོགས་པོ་ནི་ཆང་འཐུང་འཁྱམས་པོ། གོན་རྒྱུ་ནི་སྐྱ་མིན་སེར་མིན། དེ་འདྲ་མི་མཛད་པར། དགོན་པའི་བསྟན་པ་དར་ཐབས་ཀྱི་ འབད་བརྩོན་བྱེད་དགོས་པས། འགན་འཁྲི་དང་བབ་འོས་ཡོད་ལ། གྲྭ་པ་རང་གནས་སའི། དགོན་གནས་འདུས་སྡེ། དར་ཞིང་རྒྱས་ན། བླ་གྲྭ་ཚང་མའི་གཟི་བརྗིད་དང་། ཉམས་རྒུད་དུ་གྱུར་ན། བླ་གྲྭ་ཚོའི་ཚེ་གཅིག་གི་ངོ་ཚ་ཡིན་ལ། དགོན་པ་གཅིག་གི་བླ་གྲྭ་ནི། མདུན་ལམ་གཅིག་པ་དང་། སྐྱིད་སྡུག་གཅིག་པ་ཡིན། གྲྭ་པ་ཞིག་ཡིན་ཕྱིན་ཆད། དགོན་པའི་འགན་ཁུར་ལ་བརྩི་བཀུར་དང་། རང་འགུལ་གྱི་བསྒྲིགས་བརྩི་ཁྲིམས་སྲུང་དང་། དགོན་པའི་སྒོམ་སྒྲུབ་གྱི་བསྟན་པ་དར་ཐབས་དང་། འདུ་འཚོགས་སོགས་མི་ཉམས་པས། འོས་འགན་ལེགས་པོ་ཁུར་དགོས་ངེས་རེད། ༈ སྡེ་མང་ཚོགས་ཀྱི་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་ནི། རང་སྐྱེ་ས་ཚར་ས་དང་། གནས་སའི་དགོན་པ་དེར། བསྟན་རྩ་རྒྱུ་དཔལ་འབྱོར་གྱི། འབུལ་བ་ཞལ་འདེབས་དང་། འབུ་དངུལ་འབྲུ་མར་སོགས་ཀྱི་ལྡོམ་བུ། ལྕི་ཤིང་བསང་ཤུག་སོགས། འབུལ་དགོས་པས་བབ་འོས་ཡོད་ལ། དེ་བཞིན་ལོ་དུས་ཀྱི་འདུ་འཚོགས་ཟླ་དུས་ཀྱི་གསོལ་ཁ་སོགས། རང་རང་སོ་སོའི་དགོན་པ་ལ། སྦྱིན་བདག་བྱེད་ནས། རང་ལྷ་རང་མཆོད་བྱེད་དགོས་པས། འགན་འཁྲི་ཁུར་དགོས། དེ་ལྟར་བབས་འོས་ཡོད་པའི་རྒྱུ་མཚན་ནི། རང་ཡུལ་གྱི་དགོན་པ་དེར། འཚོགས་འདུ་བ་དང་། སྒྲུབ་ཁང་ལྷ་མཆོད་ཡོད་པ། བཤད་སྒྲུབ་སྒོམ་པས། བསྟན་པ་ཚད་ལྡན་ཞིག་ཡོད་པ་ཡིན་ན། ཡུལ་དེ་ལ་སངས་རྒྱས་ཀྱི་བསྟན་པ་དར་བ་ཟེར་བ་ཡིན། དེ་ཡི་མཐུས་ཡུལ་ལུང་དེར་རང་བཞིན་གྱིས། ལོ་ཆུང་གཞོན་ནུ་ལ་རིགས་གནས་ཡོན་ཏན་གོམ་འདྲིས་ལོབ་པ་དང་། ཡ་རབ་ཀྱི་བཤོ་སྲོལ་བཟང་པོ་ཚུགས་ངེས་ལགས། སངས་རྒྱས་ཀྱི་བསྟན་པ། དར་ཞིང་རྒྱས་པའི་མཐུས། ཡུལ་དེ་ལ་ནད་མུག་འཁྲུག་རྩོད་ཞི་བ་དང་། མི་ལ་ན་ཚ། ཕྱུག་ལ་གོད་ཁ། ཞིང་ལ་སད་སེར་མི་འབྱུང་ཞིང་། ཡུལ་དེ་ལ་བདེ་སྐྱིད་ཀྱི་རྩ་བ་ཚུགས་ཏེ། མཆོད་གནས་བླ་གྲྭ་བོན་གཤེན་དང་། ཡོན་བདག་དད་ལྡན་ཕོ་མོ་བཅས། ཚེ་ལ་བར་ཆོད་མེད་པར། ཚེ་རིང་ལོ་བརྒྱ་ཐུབ་པ་དང་། ལུས་ལ་ན་ཚ་མེད་པར། འབྱུང་ཕུང་ཆ་སྙོམ་པ་དང་། ཚེ་འདིའི་བསམ་དོན་དང་། ཚེ་མའི་དགེ་དོན་གཉིས་ཀ་འགྲུབ་ནས། མཐར་ཐུགས་ཀུན་བཟང་བདེ་བ་ཆེན་པོའི། སྐུ་རུ་འགྲུབ་པར་ཐེ་ཚོམ་མི་དགོས་སོ། དེ་ཡི་ཕྱིར་ན་དགོན་པའི་བླ་མ་མཁན་སློབ་དང་། གྲྭ་བཙུན། བོན་སྒོར་ཞུགས་པས། བོན་དྲག ་མི་མང་གི་འགོ་ཁྲིད། ཡུལ་གྱི་མི་དྲག་སྐྱེ་བོ། དེ་བཞིན་སྡེ་མང་ཚོགས་བཅས་ཚང་མ་ནི། མདུན་ལམ་གཅིག་པ་དང་སྐྱིད་སྡུག་གཅིག་པ་ཡིན་པས། ཚང་མའི་བློ་གཅིག་སེམས་གཅིག་དང་། ཕྱར་བ་གྲུ་འདེག་བྱེད་ནས། དགོན་པ་ཉམས་རྒུད་ལས་སྒྲོལ་ཏེ། དགོན་པར་བཤད་སྒྲུབ་འདུས་སྡེ་ཚུགས་ཐུབ་པ་བྱེད་ནས་། བོན་བསྟན་དར་ཞིང་རྒྱས་པ་དང་། མཁས་གྲུབ་བྱེ་བའི་འབྱུང་གནས་སུ། འགྱུར་བ་བྱེད་དགོས་སོ།  ཁྱུང་པོ་ནག་རུ་དགོན་པའི་བླ་མའི་མིང་ཙམ་འཛིན་པའི་མཐའ་ཞུ་འོད་ཟེར་མཐར་རྒྱས་པས། ༢༠༠༥་ཤིང་བྱ་ལོའི་བོད་ཟླ་་་་་ཚེས་་་་བཟང་པོར་ཕུལ།། ཞེས་པ་འདི་སྟོན་ནས་་གོ་དོན། ཞིབ་ཕྲ་ཞིག་བཤད་རྗེས་སུ ཕྲན་གྱིས་ད་ང་ཚོ་སྡེ་ཚང་མའི་གཏོང་བགོ་བྱེད་དེ། སྔོན་མའི་འདུ་འཚོགས་དེ་ཚོ། བསྐྱར་གསོ་བྱེད་དགོས་ལབ་པས། ཁོང་ཚོའི་ཟེར་རྒྱུར། སྡེ་མང་ཚོགས་ཀྱིས། དགོན་པར་གཏོང་བགོ་བྱེད་རྒྱུ་དེ་ལས་སླ་མོ་རེད། དེ་སྔ་ང་ཚོ་སྡེ་ཡིས། གཏོང་བགོ་མ་བྱས་པ་མིན། གཙོ་བོ་བླ་མ་མཁན་པོ་དབུ་མཛད། གཉེར་པ་གྲྭ་མང་རྣམས། དགོན་པར་འཚོགས་མི་ཕེབས་མ་རེད། དགོན་པར་བླ་གྲྭ་འཚོགས་མཁན་མེད་ན། ང་ཚོའི་སུ་ལ་གཏོང་བགོ་བྱེད་ཟེར། དེར་ངས་དགོན་པར་བླ་གྲྭ་འཚོགས་ཐུབ་པ། ངས་འགན་ཁུར་ཆོག་ ཁྱེད་ཚོའི་དགོན་པར། བླ་མ་གྲྭ་པར་འཚོགས་དུས། འདོན་ཡོན་འབུལ་བ། ཏོག་ཙམ་འབུལ་རོགས། ཁྱེད་ཚོ་ལའང་། ཚོགས་བསགས་སྒྲིབ་སྦྱོང་ཡོང་རྒྱུ་རེད་ལབ་པས། ཁོང་ཚོའི་དེ་སྔ་དགོན་པ་འཚོགས་དུས། འབུལ་བ་རྒྱབ་སྲོལ་ཡོད་མ་རེད་དེ། ད་ཁྱེད་བླ་གྲྭ་རྣམ་པ་དགོན་པར། དགོན་པར་འཚོགས་རོགས་བྱས་ན། སྡེ་མང་ཚོགས་ཀྱི། འབུལ་བ་ཞལ་འདེབས། འབུལ་དགའ་འབུལ་སྐྱིད་ཡིན་ཟེར། དེ་ནས། གྲོས་བྱས་དོན་སྔོན་མ། གྲོང་ཚོ་གཉིས་པས།༡༩༩༥་་ལོར། མཐའ་ཞུ་བླ་རྒན་པད་མ་ཀུན་ལེགས་མཆོག་གི་ དགོང་བཞེད་ལྟར། བོད་ཟླ་བཞི་པའི་་ཚེས་༡༣་་ནས་ཚེས་༡༧་བར་དགོན་པ་འཚོགས་སྐབས། བླ་རྒན་དེས་རེ་བ་ལྟར། རི་ཁག་གཉིས་པས། གཏོང་བགོ་བྱེད་སྲོལ་ཡོད་རེད། དེ་ནས་བླ་རྒན་དེ་ཞིང་ལ་ཕེབས་རྗེས་་༡༩༩༩་་་ལོར་འཚོགས་རྒྱུ་ཆད་སོང་བ་རེད་ཟེར། དེར་ཕྲན་གྱི་སྔོན་སྲོལ་ལྟར། དུས་ཚོད་དེ་ལ། འཚོགས་ན་ག་འདྲ་འདུག་ལབ་པས། དེར་ཡོད་ཚང་མའི། བོད་ཟླ་བཞི་པར། འབུ་བརྐོ་བ་དང་སྐབས་ཁེལ་བས། གཏོང་བགོ་བྱེད་ཐབས་ཡོད་མག་ དེ་མིན་ནམ་གཏོང་བགོ་བྱས་ཀྱང་ཆོག་ཟེར། དེ་ནས་བོད་ཟླ་་༡༢་་པའི་ཚེས་༡༣་་ནས་ཚེས་་༡༧་་བར་གཤེན་རབ་ཀྱི་འཁྲུངས་མཆོད་ལ། ཞི་ཁྲོ་འདོན་ཚོགས་བརྒྱ་འབུལ། མར་མེ་བླུག་འཇུག་ཏུ། ཁྲོ་བོ་དམར་ཆེན་བཟློག་པ་བཏོན་ན། ག་འདྲ་འདུག་ལབ་པས། ཁོང་ཚོའི་ཁྱེད་ཀྱི་ཅི་གསུང་ན་དེ་ཡིན་ཟེར་བས།  དེར་འཚོགས་རྒྱུ་ཐག་བཅད། གཏོང་བགོ་བྱེད་ལུགས་ཐད། དེ་སྔ་འདི་དང་འདི་ཞེས་བཤོ་སྲོལ་ངེས་གཏན་མི་འདུག་པས། འཆར་གཞི་གསར་དུ་བཞག་པ་སྟེ། འབྲོག་པ་སྦ་ཚོ་ལྔ་ཡོད་པ། རྒྱན་འཕང་པས། ཉིན་དང་པོ། ནམ་གསལ་སྦ་ཚོ། ཉིན་གཉིས་པ། ཉིན་ལུང་སྦ་ཚོ། ཉིན་གསུམ་པ། མ་གྲོ་སྦ་ཚོ། ཉིན་བཞི་པ། ས་སྟོད་སྦ་ཚོ། ཉིན་ལྔ་པ། ཡར་འགྲོ་སྦ་ཚོ། བཅས་ཀྱི་གཏོང་བགོ་བྱེད་རྒྱུ་དང་། སང་ལོ་ཉིན་དང་པོ། ཉིན་ལུང་སྦྲ་ཚོ་ནས་བྱེད་དེ། ཉིན་ལྔ་པར་ནམ་གསལ་སྦྲ་ཚོའི་གཏོང་བགོ་བྱེད་རྒྱུ་འཆར་གཞི་བཞག་ དེ་མཚམས་བོད་ཟླ་་༡༢་་པའི་ཚེས་་༨་་ཉིན་གྲོང་པ་སོ་སོར་སོང་ནས། ནག་རུའི་བླ་གྲྭ་ཚང་མར། འདི་ཟླའི་ཚེས་་༡༣་་ནས་་ཚེས་་༡༧་བར། དགོན་འཚོགས་རྒྱུ་ཡིན་པས།  ཚེས་་༡༣་་ཉིན། གྲྭ་ཆས་གྱོན། གཟིམ་ཆས་བསྣམས་ཏེ། དགོན་པར་ཕེབས་འོང་རོགས་ཞེས། མི་རེ་རེ་བཞིན་དུ་ཞུས། དེར་་བོད་ཟླ་་༡༢་་པའི་ཚེས་་༡༣་་ཕྱི་དྲོ་ཚུན་གྱི་འགོ་ཁྲིད་རྣམ་རྒྱལ་ནས།  དགོན་པར་ཡི་གེ་བསྐུར་ཏེ།  དགོན་པ་འཚོགས་རྒྱུ་ཕྱི་མཐེན་བྱས་ཡོད། ཚེས་་༡༤་ནས་ཚེས་༢༠་་བར་ཚུན་ལ། མི་རྒན་སློབ་གྲྭ་འཚོགས་དགོས་པ་འདུག་པས། དགོན་པར་གཏོང་བགོ་བྱེད་མི་ཁོང་ཟེར་འདུག་པས། དེར་ཕྲན་གྱི་བསམ་པར། ད་ལྟ་དགོན་པ་འཚོགས་རྒྱུ་ཕྱི་མཐེན་བྱས་ན། ད་ལོ་འདུ་འཚོགས་ཚང་མ་བསྐྱར་གསོ་བྱེད་ཐུབ་རྒྱུ་མ་རེད་སྙམ་ནས། རྐང་ཐང་མར་མཁར་ནེར་སོང་བས། དེར་ཚུལ་ཉི་བཞུགས་འདུག་ ཚུལ་ཉི་ལ་ཁྱེད་ལ་འཕྲུལ་རྟ་ཡོད་ན་། ངེད་གཉིས་ཤང་ལ་འགྲོ་ནས། སང་ཉིན་དགོན་པ་འཚོགས་ཆོག་པས། རེ་འདུན་ཞུ་མི་འགྲོ་ལབ་པས། ཁོང་གི་འོ་ཡ་གསུང་། དེར་ངེད་གཉིས་ཤང་ལ་སོང་བས། ཤང་གི་དབུ་ཁྲིད་ཚང་མ། ཤར་ལ་ཚུན་ལ་སོང་ནས། མི་འདུག་པས། དེར་སྒུགས་ནས་བསྡད་པས།  དགོང་མོ་ཤང་གི་འགོ་ཁྲིད་རྣམས་འབྱོར་བྱུང་བས། དང་པོ་ལྷ་མཐོང་ཚུན་གྱི་བཅའ་སྡོད་ལས་བྱེད། ཟླ་ཚེ་ལ། སང་ཉིན་དགོན་པ་འཚོགས་རྒྱུ་གྲ་བསྒྲིགས་བྱས་པས། འཚོགས་ཆོག་པ་ཅི་དྲག་ལབ་པས། ཟླ་ཚེའི་ཧྲུའུ་ཅི་བཀྲ་འདུས་ལ་ཞུ་དགོས་རེད་ཟེར། དེར་ཧྲུའུ་ཅི་བཀྲ་འདུས་ལ། གནས་ཚུལ་རྣམས་ཞུས་པས། ཆོག་རེད་ཉིན་ལྔ་ལ་དགོན་པ་འཚོགས། དེ་མཚམས་གཏོང་བགོ་བྱེད་མི་རྣམས། ཚུན་ལ་སློབ་གྲྭ་འོང་དགོས་གསུང་། དེར་ངེད་གཉིས་ཀྱི་འོ་ལགས་སོ་དཀའ་དྲིན་ཆེ་ཞུས། དེ་ནས་གྲོང་ཚོ་གཉིས་པར་སོང་སྟེ།  ཚེས་༡༣་་ཉིན་གྱི་སྦྱིན་བདག་ ནམ་ལང་སྦྲ་ཚོའི་ས་ར་ཚང་གི་ཆུ་དགའ་ལ། སང་ཉིན་དགོན་པ་འཚོགས་རྒྱུ། སྔར་གྱི་འཆར་གཞི་ལྟར་ཡིན་པས། ཁྱེད་སྦ་ཚོའི་གཏོང་བགོ་བྱེད་རོགས་ལབ་པས། ཁོས་འོ་ཡ་ང་ད་ལྟ་འགྲོ་ནས། ངེད་སྦ་ཚོ་ལ་ཆ་འཕྲོད་པ་བྱེད་འོང་ཟེར། དེ་ནས་མུན་རུབ་འདུག་པས། རྔོ་ཕོ་ཚང་ལ་བསྡད། ཕྱི་ཉིན་སྔ་མོར་དགོན་པར་སོང་བས། དེ་རིང་གི་སྦྱིན་བདག་ནམ་ལང་སྦ་ཚོའི་དུད་རྣམས་ཞོག་པ་ནས་འབྱོར་བྱུང་།  བོད་ཟླ་་༡༢་པའི་་ཚེས་་༡༣་ཉིན། འཚོགས་མཁན་བླ་གྲྭ་འབྱོར་བ་ནི།  འོད་རྒྱས། ཚུལ་འོད། བྱང་རྒྱལ། བློ་ལྡན། རྒྱལ་ཚུལ། ལྔ་ནི་རྒྱུན་སྡོད་དང་། གསར་འབྱོར། ཚུལ་ཉི། དཔལ་མཆོག་ ཉི་མ་འོད་ཟེར། མི་ནུབ་རྒྱལ་མཚན། གཡུ་ལྷ། བསོད་ནམ་དབང་འདུས། བློ་གྲོས་འབྱུང་གནས། སྐལ་བཟང་། གཙུག་ཕུད། ཤེས་བློ། དཔལ་ལྷ། པད་དགའ། ལུང་རྟོགའ་བཅས་ནི་ཁ་ཤས་ཞོག་པ་འབྱོར་བ་དང་། ཁ་ཤས་ཉིན་ཚད་ཙམ་ལ་འབྱོར་བ་དང་། ཁ་ཤས་ཕྱི་དྲོ་ཁ་ཤས་དགོང་མོ་བཅས་སུ་འབྱོར་བ་དང་། ཁ་ཤས་ཚེས་་༡༥་་ཉིན་འབྱོར་བ། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཁན་པོ་བསམ་དགེ་ནི། ཚེས་་༡༣་ཉིན། སྦྲ་ཆེན་ལ་བྱོན་ཀྱང་། གཤིན་ལ་ནས་མ་ཐར་ཟེར་ནས་ཚེས་༡༦་་ཉིན་དགོན་པར་འབྱོར། ཞེ་དགུ་བཞུགས་བསྡད་པ། སྨོན་བསྟན། སྐལ་ཐར། སྒོང་བཙོན་འགྲུས། ཉི་མ། ཚུལ་དཔལ། མི་འགྱུར།  སྟེང་ཆེན་དགོན་དུ་སྒྲུབ་གྲྭ་ཟུར་བཞུགས། བཟོད་པ་དང་།   ཆ་འཕྲོད་ཀྱང་ཁྱིམ་ལ་བཞུགས་ནས། དགོན་པར་འཚོགས་མི་མ་བྱོན་པ། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དབུ་མཛད་ཡས་རབ གྲྭ་བསྟན་ཚུལ། ཀུན་དགའ། སྨོན་ཕུན་བཅས་སོ། དེ་སྐབས་ཞི་ཁྲོ་ཚར་རྒྱས་འབྲིང་གཉིས། སྲུང་བཟློག་ཚར་གཅིག་གསོལ་ཁ་དང་། སྲིད་རྒྱལ་ཚོགས་བརྒྱ་བཅས་བཏོན་ནས་ཚོགས་གྲོལ། འཇུག་ཏུ། ཚུན་ཙུའུ་ཡི་དབུ་ཁྲིད་དང་བླ་གྲྭ་ཡོང་ལ། འདི་ལོའི་གཏོང་ཡོང་། རྩིས་གཏུག་རོགས་ཞུས་པ་ལྟར། གཏོང་ཡོང་ཞིབ་ཕྲ་རྩིས་པས། འདི་ལོའི་ཡོང་འབེབས་ནི། ཕྲན་གྱི་འབུ་དངུལ། སྒོར་་༢༠༢༩༥་་ལས་མི་འདུག་ འགྲོ་སོང་ཁྱོན་བསྡོམ་སྒོར ་་༡༣༡༩༩་་སོང་འདུག་ ལྷག་སྒོར་་༧༠༩༦་་ཡོད་པ། ཞིབ་ཕྲ་རྩིས་གཏུག་ དེར་ཕྲན་ནས། ཁྱེད་བླ་མ་མཁན་པོ་དང་། གྲྭ་པ་ཚོ་དགོན་པ་འདིར། རབ་ནི་རྒྱུན་བཞུགས་མཛད་རོགས། ཡང་ན་མཚམས་བསྙེན་སྒྲུབ་དང་། ཉམས་ལེན་བྱེད་དེ། ལོ་ཤས་ཟླ་ཤས་བཞུགས་རོགས། དེ་མིན་ང་ཚོ་ལ་མཁན་པོ་ནི་ཡོད་རེད། ཁྱེད་བཞུགས་ནས། དཔེ་ཁྲིད་བྱེད་དེ། སྒོམ་གྲྭ་སྒྲུབ་གྲྭ་གང་རུང་འཛུགས་རོགས། དེ་མིན་ན་འདུལ་བ་དང་བརྡ་དག་འདྲ་སྦྱོང་ནས། གྲྭ་པ་ཚོ་ཟླ་ཤས་བཞུགས་རོགས་ལབ་པས། ཚང་མའི་ལགས་སོ་ལགས་སོ་ཟེར་བ་ལས། དངོས་སུ་བཞུགས་རྒྱུ་ཡིན་ཟེར་མཁན་མི་འདུག་ མཁན་པོ་བསམ་དགེ་ཁྱེད་ད་ཁྱིམ་ལ་བྱོན་མ་འགྲོ། དགོན་པར་བཞུགས་ནས་དགོན་པར་འགན་ཁུར་རོགས་ཞུས་པས། ཡ་ཡ་ད་ལྟ་དུད་ཁ་ཤས་ལ་འགྲོ་དགོས་ཐལ། དེ་ནས་ཅི་རེད་ཐལ་བལྟ་འོང་ཟེར། དེ་ནས་ཁྱེད་རྣམ་པས། སོ་སོའི་ཁྱིམ་ནང་དང་། དེ་མིན་གྲོང་གསེང་དུ། ཤི་དགེ་གསོན་དགེ་འདོན་མི་བྱོན་དུས། ངེད་དགོན་པར་སྡོད་མཁན་རྣམས་ལ། ལྕི་ཤིང་དང་བསང་ཤུག་འབུལ་རོགས་ཞེས། ཁྱེད་ཚོའི་སློབ་གསོ་གཏོང་རོགས། མ་ཚད་གྲྭ་རྒན་ཚོའི་ཉིན་ལྟར། བསང་གསོལ་དང་། ལམ་ལྷ་འདོན་བསྡད་ཀྱང་། གསོལ་ཁ་འདོན་ཡོན་དང་། བསྔོ་འབྲས་ཞེ་དགུ་སོགས། འབུལ་མཁན་མི་འདུག་པས། ང་ཚོ་སྡེ་ཡི་ང་ཚོའི་དགོན་པར་འབུལ་དགོས་པས། སློབ་གསོ་རྒྱབ་རོགས་ལབ་པ་ཡིན། འོ་ཡ་འོ་ཡ། ཟེར་དེ་ནས་ཚེས་་༡༨་ཉིན ཁོང་གྲྭ་རྒན་བཞི་དང་ཕྲན་ལས། དེ་མིན་བླ་གྲྭ་རྣམས་ཡོན་བདག་འགྲོ་ཁ་ནས། ཚང་མ་སོ་སོའི་ཁྱིམ་ལ་བྱོན་ཚར་ཐལ།  དེ་ནས་བྱང་རྒྱལ་དང་བློ་ལྡན་ངེད་གསུམ། རྫོང་ལ་ལོ་གསར་གཏོང་བྱེད་ཉོ་མི་སོང་དགོང་མོ་ཁུར་རུ་ཁུར་ནས་དགོན་པར་འབྱོར།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.