སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། ༩ | 2013/11/5 12:54:00

 དེ་སྐབས་གྲྭ་རྒྱལ་ཚུལ་དང་ཚུལ་དགེ་གཉིས་ཀྱི། སྡེ་ཡི་ལས་འཕྲོ་གྱང་བརྡུང་། ངས་ཐུན་བར་རྣམས་སུ་ཟ་མ་བཀོལ།    ཚེས་་༢༦་་ཉིན་ཚེ་སྒྲུབ་མཚམས་་ལས་གྲོལ། ཁོང་གཉིས་ཀྱི་ལས་དཀའ་བཟོ་སར་རོགས་པ་བྱས། ཚེས་་༢༨་་ཉིན་མཛོད་གཉིས་ལ་གྲོང་ཚོ་གཉིས་པས་ཀ་གདུང་འདྲེན། དེ་སྐབས་བླ་མ་དཔལ་མཆོག་དང་། གཉེར་བསོད་ནམ་དབང་འདུས་། གཉིས་ཀྱིས་པན་ནེ་སྙག་ག་སློང་མོ་བྱས་པ། འབྱོར་བྱུང་བས། མཛོད་གཉིས་ལ་བཀོད། དེ་ནས་གྲོང་ཚོ་གཉིས་པས། མཛོད་གཉིས་ལ་ས་བླུག་ སྤྱི་་༥་་ཚེས་་༦་་ཉིན་འདུ་ཁང་ཁ་བཀབ། དེ་སྟེང་ཕྲན་གྱི་ཆུ་ཤོག་ཉོས་ནས་བཀབ་སྟེ། རྒྱལ་ཚུལ་ལ་དངུལ་སྒོར་་༢༠༠་་སྤྲད་དེ་ས་བླུག་རོགས་བྱས། དེ་ལྟར་འདུ་ཁང་དང་། མཛོད་གཉིས་ལ་ཞིག་གསོ་བྱེད་སྐབས། ཞག་གྲངས་མང་པོ་ཐོག་པ་དང་། བླ་མ་མཁན་པོ་རྣམས་ཀྱི་དགོན་པའི་ལས་དཀའ་ལ་འགན་མི་ཁུར་བས། མ་ཚད་དགོན་པར་མི་འདུག་པར་གྲོང་ནག་འདུག་པ་དང་། དེ་བཞིན་གྲྭ་པ་གཅིག་ཀྱང་དགོན་པར་མི་འདུག་པར་གྲོང་ནག་ཏུ་འདུག་པ། སྡེ་མང་ཚོགས་ཀྱི་དགོན་པའི། ལས་དཀའ་ལ་ཁྲལ་སེལ་སླ་བཅོས་དང་བགྱིད་ལུག་བྱེད་པ་སོགས། དངོས་མཐོང་ལག་ཟིན་བྱུང་སོང་།  དེ་ལྟར་བྱས་ནས་མཐར་དགོན་པ། འགྱེལ་བ་བསྐྱར་གསོ་གྲུབ་པའོ། དེ་ནས་ཚེས་་༨་་ཉིན་སྤྱི་གཙང་གྲྭ་གཡུང་དྲུང་ཟླ་བ་དང་ལྷན་དུ། བྱ་ཟེ་དགོན་པར་སོང་ནས། མཆོད་རྟེན་གྱི་གཟུང་བཞུགས། རྒྱས་འབྲིང་བསྡུས་གསུམ། ཚར་དགུ་རེ་སྤར་གདབ། ཚེས་་༡༡་་ཉིན་མར་འབྱོར། ཚེས་་༡༢་་ཉིན་སྟེང་ཆེན་ཁར། སྨན་པ་བསམ་གཏན་ཡེ་ཤེས་དྲུང་དུ་སོང་ནས། མཆོད་རྟེན་གྱི་གཟུང་བཞུགས་སྨན་རྫས་གནང་རོགས་ཞུས། དེ་ནས་སྨོན་རྒྱལ་བླ་བྲང་། སྟེང་ཆེན་དགོན། ཀོ་བོ་དགོན། རྩེ་དྲུག་དགོན། གཡུང་དྲུང་དཔལ་རི་དགོན། བཅས་སུ་སོང་ནས། མཆོད་རྟེན་ནང་འབུལ་རྒྱུ། བྱིན་རླབས་དམ་རྫས་དང་། ས་སྣ་ཆུ་སྣ་གནང་རོགས་ཞུས། དེ་སྐབས་ཞུ་སྡོང་རྫོང་རི་ཁྲོད་དུ་སོང་ནས། ཞུ་བཙུན་དཔལ་ལྡན་བཟང་མོ་མཇལ་ནས། ཕྱག་མོ་ཞུས་པས། སྟག་ལ་བྱེད་བཟློག་བཅའ་འདོན་དགོས་ཟེར་བས། ཚེས་་༡༦་་ནས་ཚེས་་༢༦་་བར་ཉིན་བཅུ་ལ། གྲྭ་ཚུལ་དགེ་དང་རྒྱལ་ཚུལ་ལྷན་དུ། སྟག་ལའི་ཚོགས་དང་། སྲུང་བཟློག་ བྱད་བཟློག་ བསད་པ། འགུག་སྒྲོལ། སྦྱིན་བསྲེགས་སྲི་མནན་བཅས་བྱས། ཚེས་་༢༧་་ཉིན་གང་སར་ཆ་དང་ཡི་གེ་གཏོང་ནས། ཚེས་་༢༩་་ཉིན། བླ་གྲྭ་རྣམས་དགོན་པར། གྲོས་བྱེད་ལ་ཕེབས་འོང་རོགས་ཞུས་པས། ཁོང་རྣམ་པས། ཆ་བཏང་སྟེ། དགོན་པར་འཕྲུལ་རྟའི་ལམ་མེད་པས། ངེད་ཚོ་དགོན་ཡར་འགྲོ་དགོས་ན། དཀའ་ལས་ཆེ་བས། ཁྱེད་དམར་པོ་ཐང་ལ། ཁྱེད་ཀྱི་ཁང་པ་ནང་ལ། གྲོས་བྱེད་མི་མར་བྱོན་འོང་རོགས་ཟེར།  དེར་་སྤྱི་ཟླ་་༦་་༢༩་་ཉིན། གྲྭ་རྒྱལ་ཚུལ་དང་ངེད་གཉིས། དམར་པོ་ཐང་ལ་སོང་བས། བསམ་དགེ་་དཔལ་མཆོག་་ཚུལ་ཉི་་གཉེར་པ་བསོད་ནམ་དབང་འདུས། སྒོང་བཙོན་འགྲུས། དེ་མིན་གྲྭ་པ་ཁ་ཤས་བྱོན་འདུག་དབུ་མཛད་ཡས་རབ་ལ། ཆ་འཕྲོད་ཀྱང་མ་སླེབས་པས། དེ་ནས་ང་ཚོའི་ཁོང་གི་ཁྱིམ། སྒོ་མེད་འབོ་མར་ལོ་སོང་ལ། ཁ་སྤར་བཏང་བས།  ཡས་རབ་ཁྱིམ་ནས་ད་ནང་བྱོན་སོང་། གར་བྱོན་མ་ཤེས་ཟེར། དེ་ནས་ངེད་ཚོའི་གྲོས་བྱས་པས། ལྡོམ་བུ་འགྲོ་རྒྱུ་ཐད། བསམ་དགེ་ད་ལོ་འབུ་སློང་མོ། སྒེར་ལྡོམ་བྱོན་དགོས་ཟེར། དཔལ་མཆོག་ད་ལོ་ཁང་པ་རྒྱབ་བྱེད་འབུ་སློང་མོ། སྒེར་ལྡོམ་བྱོན་དགོས་ཟེར།  ཚུལ་ཉི་ད་ལོ་འབུ་བརྐོ་སྐབས། མ་གཡོག་ནས་ཁྱིམ་ལ་བཞུགས་དགོས་ཟེར། དེར་ངས་ཁྱེད་ཚོ་མ་ཁོམ་ན། དགོན་པའི་ལྡོམ་བུ། འབུ་སློང་མོ་ང་འགྲོ་ཆོག་ཟེར་བ་ཡིན། ཁོང་རྣམས་པས་ཟེར་རྒྱུ་ལ། གཅིག་ནས་ལྡོམ་བུ་འགྲོ་བྱེད་རྟ་རེས་ཡོད་མ་རེད་པས། རྟ་མི་རྙེད། གཉིས་སུ་གྲྭ་པ་ཐམས་ཅད། ཁྱིམ་སྲུང་སྡོད་སྲོལ་ཡོད་པས། ལྡོམ་བུ་འགྲོ་མི་རོགས་པ། རྙེད་མ་རེད་ཟེར། དེ་ནས་ངས། དགོན་པར་སྔར་སྲོལ་དུས་མཆོད་ལྔ་ཡོད་པ། ༢༠༠༩་་ལོར་གྲོང་ཚོ་དང་པོའི། དགུ་འཚོགས་སྐབས། དབུ་མཛད་ཡས་རབ་ཀྱི་ ཡོན་བདག་གི་མགོ་ལ་གྲི་རྒྱབ་སྟེ། འཚོགས་འདུ་བ་ཆད་ནས།  ད་ལོ་་༢༠༠༣་་བར་ལོ་བཞི་སོང་ཟིན་པས། ད་ལོ་བསྐྱར་གསོ་བྱེད་ན་སྙམ་བཤད་པས། ཁོས་རྣམས་པས།  དེ་ཡང་དཀའ་མོ་རེད་དགོན་དོན་གྲོས་བྱེད་དུས། དགོན་པ་བདག་གཉེར་ཨུ་ཡོན་ཚང་མ། འཛོམས་དགོས་ཀྱང་། དབུ་མཛད་ཡས་རབ་སོགས་འོང་མ་རེད་ཟེར། དེར་ངས། དེ་སྔོན་དགོན་པར། དཔལ་འབྱོར་ག་ཚད་ཡོད་པ་རེད་དྲིས་པས། སྤྱི་ལོ་་༢༠༠༠་་ལོའི་ཚུན་ད་ལོ་བར། དགོན་པར་ཡོང་འབེབས་རྩ་བ་ནས། ཡོད་མ་རེད། དེའི་ཕར་ཆོད་ཅན། ཐོ་དེབ་ལ་མ་བལྟས་ན་ཞིབ་ཕྲ་ཤེས་མ་བྱུང་འོན་ཀྱང་། རག་ཙམ་ནི་བསམ་དགེ་སར་སྒོར་ཁྲི་གཉིས་ལྷག་ཡོད་པ་ལས། གཏོང་ཟིན་པ་ཕུད། སྒོར་་༤༦༠༠་་ལྷག་ཡོད་ཀྱང་ལག་དངུལ་མེད་གསུང་། ཚུལ་ཉིའི་སར་སྒོར་་༤༠༠༠་་་ལྷག་ཡོད་ཀྱང་ལག་དངུལ་མེད་གསུང་། ཡས་རབ་ཀྱིས་ལག་རྒྱུད་གཞན་ལ་གཡར་བ་ཚུར་ལེན་རྒྱུ་སྒོར་་༤༦༠༠་་ལྷག་་ཡོད་པ་ཡས་རབ་ནས་ཚུར་ལེན་དགོས་རེད་ཟེར་། གཉེར་སྐལ་བཟང་སར་་་སྒོར་་༤༥༣༣་་ཡོད་པ་ལས།  དགོན་པའི་ཆེད་དུ་གཏོང་བ་ཕུད། སྒོར་་༣༣༨༣་་ཡོད་ཀྱང་ལག་དངུལ་མེད་ཟེར། གཉེར་བསོད་དབང་སར་ཡོད་པ་གཏོང་ཟིན་ཟེར། གཉེར་སྒོང་བཙོན་འགྲུས་སར་སྒོར་༡༠༠༠་་ཡོད་ཀྱང་ལག་དངུལ་མེད་ཟེར། དེ་ནས་ངས་ཁྱེད་རྣམ་པས་དགོན་པའི། དངུལ་ཚང་མ་བགོ་བགོ་བྱས་ནས་ཉར་འདུག དགོན་པ་འགྱེལ་ནས་ཉམས་གསོ་མ་ཐུབ་པར་ལུས་འདུག་ཟེར་བ་ཡིན། དེ་སྐབས་མཁན་པོ་བསམ་དགེ་ནས། གྲྭ་བཙུན་རྒྱལ་ཚུལ་ལ་དངུལ་སྤྲད་པ་རྩིས་པས། སྒོར་་༦༠༠་་བསམ་དགེ་ཡིས་རྒྱལ་ཚུལ་ལ་སྤྲད་པ་ཡིན་ཟེར། རྒྱལ་ཚུལ་གྱིས་སྤྲད་མ་འགི་ཟེར་ནས། ཕན་ཚུན་ཁ་རྩོད་ཤོར། མཐར་ཁོང་གཉིས་ཀའི་མནའ་བསྐྱལ་རྒྱུ་བྱས་སོང་། དེར་ངས་ད་རྒྱལ་ཚུལ་ལ་སྒོར་་༦༠༠་་རྗེས་སུ་སྤྲད་རྒྱུ་གྱིས།  ཁྱེད་རྣམ་གཉིས་ཀྱི། སྒོར་དྲུག་བརྒྱའི་ཆེད་དུ་མནའ་མ་བསྐྱལ་ལབ་པ་ཡིན། དེ་ནས་ཕྲན་གྱི་ ད་ང་ཚོ་བླ་མ་མཁན་པོ་དང་། དབུ་མཛད་གཉེར་པ་སོགས། དགོན་པའི་འགན་ཁུར་དང་། གྲྭ་པ་རྒན་གྲས་རྣམས་དགོན་པར་ཡར་བསྡད་ནས།  གྲྭ་པ་ཐམས་ཅད་དགོན་པར་ཡར་རུག་ སྒྲུབ་ཁང་དང་མཚམས་པ་བཞག་སྒྲུབ་གྲྭ་ཞིག་གཙུག་ བླ་གྲྭ་ཚང་མ་ལྡོམ་བུ་འགྲོ་ནས། དགོན་པར་སྡོད་མཁན་རྣམས་ལ། འཚོ་བ་དགོན་པ་ནས་སྤྲད་ན་སྙམ་ལབ་པས། ཁོང་རྣམ་པས་ད་ལོ་སང་གནང་། དགོན་པར་བླ་གྲྭ་ཚང་མ་ཡར་རུག་ཐུབ་མ་རེད། དགོན་པར་རླངས་འཁོར་ལམ་མེད་པ། ཅ་ལག་ཉོ་ནས་ཡར་ཁུར་དགོས་ནའང་ཤིན་ཏུ་དཀའ། ཁྱིམ་ནི་ཐག་རིང་། དགོན་པར་འགྲོ་སའི་ཉེ་བསྐོར། གྲོང་པ་ཚོའི་རྟ་མི་གཡར། ག་དུས་ཡིན་ན། དགོན་པར་ཡར་འགྲོ་མར་འགྲོ་བྱེད་དུས། རྐང་ཐང་མར་ཁུར་རུ་ཁུར་ནས། ལ་ལ་འགྲོ་དགོས་ན། དཀའ་ངལ་ཆེན་པོ་ཡོད་རེད། ད་ཁྱོད་གཅིག་པུ་དགོན་པར་མ་སྡོད། རྗེས་སུ་གྲོས་བྱེད་དེ་བླ་གྲྭ་ཚང་མ། ཡར་དགོན་པར་བསྡད་ན། ཚང་མ་མཉམ་དུ་འདུག་རྒྱུ་བྱེད། དེ་མིན་མི་རེ་རེ་ཙམ། དགོན་པའི་ཁང་སྟོང་ནང་བསྡད། མ་བསྡད་ཅི་ཡོད་མག་ཟེར། དེ་ནས་རང་རང་སོ་སོར་བྱེར་སོང་ངོ་།  དེ་ནས་ཕྲན་དགོན་པར་ཡར་ཡོང་ནས། བསམ་མནོ་འགའ་འགའ་གཏོང་བས། ད་ནི་གཉེར་པ་སྒོང་བཙོན་འགྲུས་ཀྱི། གསུང་ལུགས་ལ་བརྟག་ན། ང་དགོན་པར་བསྡད་ན་ཁོང་རྣམ་པ། ཐུགས་དགོངས་འཁྲུག་རྒྱུ་ལས་མི་འདུག་ལ། དགོན་པའི་ལས་དཀའ་ནི་མི་འགྲུབ་འདུག་ ད་ལོ་དགུན་ཁ་ཚུན་ཆད།  རང་གི་ཡབ་དམ་པ་དང་། གཅེན་པོ་གཉིས་བཅས་ཀྱི། སྐུ་གདུང་གསུམ་ལ་གཟུང་གཞུགས་ཕུལ། དེ་ནས་གྲོས་ཡག་པོ་ཞིག་བཟོ་ནས། དགོན་པར་འདུག་དགོས་པ་ལས། ང་རང་ཁེར་རུ། འདིར་བསྡད་ན་དགེ་བ་འགྲུབ་རྒྱུ་ཕར་ཞོག་ ཁོང་བླ་མ་མཁན་པོ་དང། གྲྭ་པ་རྣམས་དགོངས་པ་འཁྲུག་འགྲོ་བ། འདུག་བསམ་པ་བྱུང་།  དེ་ནས་སྤྱི་ཟླ་་༧་་པའི་ཚེས་་༡༣་་བར་དགོན་པར་བསྡད་དེ། གཅེན་པོ་ཚུལ་ཁྲིམས་ཡེ་ཤེས་མཆོག་གི་ རྣམ་ཐར་མདོར་བསྡུས་ཤིག་བྲིས་པ་དང་། དེ་ནས་ཝེར་རྫོང་བེ་རུ་སོང་ལ། ནག་རུ་དགོན་པ་གསར་སྤོས་ཀྱི་ལོ་རྒྱུས་ཞེས་པ། ཉག་གཏེར་གསང་སྔགས་གླིང་པས། མཛད་པ་ཞིག་འདུག་པ་དེ་གཞི་བཟུང་། ཡུལ་མིའི་ངག་སྒྲོས་ཀྱི་ཟུར་བརྒྱན་ནས། ཁྱུང་ནག་དགོན་བསམ་གཏན་གླིང་གི་ ལོ་རྒྱུས་མདོར་བསྡུར་ཤིག་ བྲིས་ནས་གཡང་དགེར་ཕུལ་ཏེ། ཁྱུང་པོ་སྟེང་ཆེན་ཞེས་དེབ་དང་པོ་ནང་། འགོད་རོགས་ཞུས། དེ་མཚམས་གྲོང་ཚོ་གཉིས་པའི་སྤྱི་རིམ་ཐོག་སོང་ནས། ཞག་འགའ་འགོར། དེ་མཚམས་གཟི་ཀིས་རི་ཁྲོད་དུ་སོང་ནས། མཚམས་པ་དང་། ཨ་ནེ་རྣམས་བྱོན་རོགས་ཞུས་ཏེ། གཟུངས་བཞུགས་འབུལ་རྒྱུའི་གྲྭ་བསྒྲིགས་བྱས། དེ་ནས་སྟེང་ཆེན་དགོན་དུ་བསོད་བཀྲ་སར་སོང་ནས། སྐུ་གདུང་ལ་གཟུང་བཞུགས་འབུལ་རོགས་ཞུས་པས། ཁྱོད་ཀྱི་གྲྭ་བསྒྲིགས་ཚར་སོང་ན་བྱོན་ཡོང་གསུང་། སྤྱི་ཟླ་་༧་་པའི་ཚེས་་༢༡་་ཉིན་གཟི་ཀིས་རི་ཁྲོད་ཀྱི། མཚམས་པ་དང་ཨ་ནེ་རྣམས་བྱོན་ཡོང་། ཚེས་་༢༢་་་ཉིན་སྟེང་དགོན་གྲྭ་བསོད་བཀྲ་བྱོན་ཡོང་ནས། ལས་དཀའ་བཀོད་བསྒྲིགས་བྱས། དེ་མཚམས་སྤྱི་ཟླ་་༨་་པའི་ཚེས་་༢་ཉིན་སྟེང་དགོན་གྲྭ་བསོད་བཀྲ་བྱོན་ཡོང་ནས། གཟུང་བཞུགས་དྲིལ་ལུགས་སོགས་སློབ། སྤྱི་ཟླ་་༨་་པའི་ཚེས་་༡༣་་ཉིན་ནས། ཚེས་་༡༥་་བར་སྟེང་དགོན་གྲྭ་བསོད་བཀྲ་བཞུགས་མཛད་དེ། གཟུངས་བཞུགས་ཕུལ། དེ་མཚམས་རྣམ་རྒྱལ་བཅས་ཏེ། གཟུང་བཞུགས་ཞག་བདུན་ལ་སྒྲུབ། དེ་ནས་མངའ་དབུལ་བཀྲ་ཤིས་གཏེར་མཛོད་ལྟར། མཆོད་རྟེན་ལ་རབ་གནས་བྱས། དེ་ནས་སྤྱི་ཟླ་་༩་་པའི་ཚེས་༡་ནས་སྤྱི་ཟླ་་༡༢་་པའི་ཚེས་་༨་་དགོན་པར་དབལ་ཕུར་བསྙེན་སྒྲུབ་བྱས།  དེ་སྐབས་དགོན་པར་བླ་གྲྭ་བརྒྱད་ཙམ་གྱི། རྩ་རླངས་ཞག་བརྒྱ་ལ་སྦྱོང་སོང་། ཤང་ནས་ཡི་གེ་ཞིག་བསྐུར་འོང་དེར། ན་ནིང་འདམ་ཐོན་བྱུང་བ་དེ་དག་གིས། དགོན་པའི་འགན་ཁུར་ཆོག་པས། རྫོང་ཆོས་དོན་ཅུས་ཀྱིས་མཆན་སྤྲོད་ཡི་གེ་རེད་འདུག་ དེའི་བསྐོར་འབོ་མར་ལོ་སོང་དབུ་མཛད་ཡས་རབ་ཀྱི། ཁྱིམ་དུ་ལས་བཞི་བླུག་སར་སོང་སྐབས། ཁོང་ལ་ཁྱེད་ཁྱིམ་དུ་མ་བཞུགས་པར། ཡར་དགོན་པར་བཞུགས་ནས་དགོན་པའི་འགན་ཁུར་རོགས་ཞེས། འགའ་ཞུས་ཀྱང་ཅི་མི་གསུང་པར་འདུག དེ་ནས་སྤྱི་ཟླ་་༡༢་་པའི་ཚེས་༡༥་་ནས། ཆབ་མདོར་སློབ་སྦྱོང་ལ་སོང་། དེ་སྐབས་ཆབ་མདོ་ས་ཁུལ་གྱི། དགོན་སྡེ་མང་པོའི་བླ་སྤྲུལ་ཡོད་པ་དང་། སྟེང་ཆེན་ནས་རི་ཁྲོད་བླ་ཆུང་དང་། ཕྲན། གཡུང་དྲུང་དཔལ་རི། རྩེ་དྲུག་དགོན་པ་སོགས། བོན་བན་གྱི་དགོན་པ་འགའ་ཡི། བླ་གྲྭ་འདུག་ དེར་ཆབ་མདོར་ཞག་མ་བཅུ་ལ་སློབ་སྦྱོང་བྱས་ཏེ། ཡར་འབྱོར་མཚམས་འགའ་ནང་ལ། དབལ་ཆུ་བཀོལ་བ་དང་། དེ་ནས་དམར་པོ་ཐང་གི་ཁང་པར་གནས་བཅས་ནས། དཀར་ནག་གཉིས་ཀྱི། མི་ཤི་བ་རྣམས་ལ་འདུར་བཅའ་བ་དང་། ངོ་སྤྲོད་གསལ་གདབ་བྱེད་བཞིན་གྲོང་པའི་བཀོར་ལ་གཡེང་སོང་ངོ་། ༑༑༑ རང་ལོ་་སོ་གསུམ་པ།  ༢༠༠༤་་ཤིང་སྤྲེལ་ལོའི་བོད་ཟླ་དང་པོ་ཟན་ཉང་སྤྱི་རིམ་ཐོག་སོང་། དེར་ནག་རུ་བླ་གྲྭ་འགའ་འདུག་པ་ལ། ཚང་མར་དགོན་པར། ཡར་བཞུགས་རོགས་ཞེས་ཐིང་མང་ཞུས།  དེ་མཚམས་བླ་མ་དཔལ་མཆོག་དང་། མཁན་བསམ་དགེ་ གྲྭ་ཤེས་རབ་བློ་གྲོས་གསུམ། དགོན་པར་ཡར་བྱོན་ནས་མཉམ་དུ་བཞུགས་རྒྱུ་གྲོས་མཐུན་པས། ༢༠༠༤་ལོའི་ཟླ་་༣་་ཚེས་་༢༨་་ཉིན།  དགོན་པར་ཡར་བྱོན་རྒྱུ་གཏན་འཁེར་བྱས། དེའི་བར་དུ་གྲོང་པར་འདུར་དང་། ངོ་སྤྲོད་གསལ་གདབ་བྱེད་པས། ཁུལ་དུ་དུད་མང་པོར་སོང་། དེ་ནས་ཚེས་་༢༨་་ཉིན་་ཕྲན་དང་ཤེས་རབ་ཡར་དགོན་པར་སོང་སྟེ། ཤེས་རབ་ཨ་དཀར་སྒྲིབ་སྦྱོང་། ཞེ་དགུ་གཅིག་བཞུགས་འཆར་འདུག་པས།  དེ་ལ་ཁྲིད་ལུང་སྟོན་པ་དང་། ཕྲན་དབལ་གསས་ཀྱི། བསྙེན་ཆུང་གཅིག་བཟླས་བསམ་ནས། དབལ་གསས་གཏོར་མ་བཅས་སྟེ། ཚོགས་འཁོར་དང་། བསྙེན་པ་བཏང་།  ཚེས་་༣༠་་ཉིན་དཔལ་མཆོག་བྱོན་བྱུང་བས། དེའི་ངེད་དང་མཉམ་དུ་དབལ་གསས་སྟོན། ཕྱི་ཉིན་དཔལ་མཆོག་གི་ ང་ཚོ་ཚང་མ་ཁར་ཉིན་ནས། འདིར་ཡོང་རྒྱུ་བྱས་ཀྱང་། བསམ་དགེ་ད་རུང་མི་ཡོང་བ། ཅི་རེད་ལྟ་མི་འགྲོ་ཡིན་གསུང་བྱོན་སོང་། དེའི་ཕྱི་ཉིན་དཔལ་མཆོག་ཡར་འབྱོར་བས། ངེད་ཀྱི་ཐུན་བར་རྣམས་སུ། དཔལ་མཆོག་ལ་དབལ་གསས་དང་། འདུར་ཀྱི་ཕྲིན་ལས་འདོན་ལུགས་སློབས། དེ་སྐབས་ཕྲན་གྱི་དཔལ་མཆོག་ལ། ཁྱེད་ལ་དབལ་གསས་དང་འདུར་གྱི། ལུང་དང་ཁྲིད་ཨེ་ཡོད་དྲིས་པས། འདུར་སོགས་ཁྲིད་ལུང་ཞུ་མ་མྱོང་ཟེར། དེར་ངས་ཁྱེད་ལ་དབལ་གསས་དང་འདུར་གྱི། ཁྲིད་ལུང་འདོན་ཆོག་ལབ་པས། རྗེས་མ་ཡིན་ཟེར་ནས་ལུས་སོང་། ཟླ་་༤་་པའི་ཚེས་་༢་་ཉིན་གྲྭ་བཙུན་རྒྱལ་བ་ཚུལ་ཁྲིམས་དང་། གཙུག་ཕུད་མཆོག་རྒྱལ་གཉིས་དགོན་པར་འབྱོར། དེ་ནས་ཟླ་་༤་་༧་་ཉིན་བསམ་དགེ་འབྱོར། དེའི་ཀྱང་ངེད་དང་མཉམ་དུ། དབལ་གསས་སྟོན། དེར་ངེད་ཚོ་ཟླ་་༥་་པའི་ཚེས་་༡༥་་བར་དབལ་གསས་སྒྲུབ་ནས་བསྡད། དེ་ཉིན་དབལ་གསས་སྒོ་དབྱེ་བྱས་ཏེ་གྲོལ། དེའི་རིང་མཁན་པོ་བསམ་དགེ་དང་། གྲྭ་རྒྱལ་ཚུལ་གཉིས་ཀྱི་གསོལ་རྒྱུ། དགོན་པ་ཡི་ནས་སྤྲད་དེ། ཆང་གསུམ་བཙོས་པ་དང་། གྲྭ་པ་ཚུལ་དཔལ་སོགས་ཀྱི། སྔ་ཕྱི་ཆང་དྲུག་ལྷག་དགོན་པར། མཁན་པོ་བསམ་དགེ་ལ་གསོལ་རྒྱུ་བསྐྱལ་ཡོང་བ། དེ་ཚོ་གསོལ་བཞིན་བཞུགས། དེ་སྐབས་གྲྭ་གཙུག་ཕུད་ཀྱི། དགོན་པ་འདིར། མཁན་པོ་དང་གྲྭ་པ་ཚོ་རྒྱུན་བཞུགས་མཛད་དགོས་ན། ཡ་གི་རི་འདི་ཆང་རྫ་ལ་བསྒྱུར་་ཏེ། དེ་ནས་ཆང་བསྲིང་ཏེ་འཐུང་རྒྱུ་བྱུང་ན། མ་གཏོགས་རི་མགོ་འདིར་ཆང་འདི་འདྲ། རྒྱུན་རིང་སུས་བསྐྱལ་མི་སྙེད་རེད་ཅེས་ཟེར་བས། ངས་ཁྱོད་ཀྱི་དེ་འདྲ་མ་ཟེར། དགོན་པ་འདིར་བསྡད་མཁན་ཡོད་ན་ལོ་རེད། དེ་སྔ་ལོ་མང་པོ་ལ་དགོན་པ་འདིར། བླ་གྲྭ་མིག་གི་མཐོང་རྒྱུ་ཡོད་མ་རེད། ཚང་མ་གྲོང་པ་ནང་ལ་ཤ་ཟ་ཆང་འཐུང་། ཤོ་བག་སྟག་རྩེ་རྒྱབ་བཞིན་འདུག་རེད་དུས། ད་ལྟ་དང་པོ་བླ་མ་གྲྭ་པ་རེ་རེ་བཞིན། དགོན་པར་ཡར་སྡོད་མི། སྙེད་ཐབས་བྱེད།  སྡོད་མཁན་དེ་ཚོ་ལ་འཚོ་བ་སོགས། གང་ལ་གང་དགོས་ཀྱི། ཆ་རྐྱེན་སྒྲུབ་པ་དང་། རིམ་བཞིན་འཚོགས་འདུ་བ་དེ་ཚོ། བསྐྱར་གསོ་བྱེད་ཐུབ་པ་དང་། བཤད་སྒྲུབ་སྒོམ་གསུམ་གང་རུང་། འཛུགས་ཨེ་ཐུབ་བལྟ་དགོས་པ་ལས། དང་པོ་ནས་མཁན་པོ་དང་གྲྭ་པས། ཆང་འཐུང་བཞིན་འདུག་ཟེར་རྒྱུ། ཡོད་མ་རེད་ལབ་པ་ཡིན། དེ་ནས་ཁོང་རྣམས་པ་ཚང་མ་ལ། ཕྲན་གྱི་ད་དགོན་པར་དཔལ་འབྱོར་མེད་ན། དགོན་པ་ལས་ཐབས་མི་འདུག་པས། ད་ང་ཚོ་གྲྭ་པ་ཐམས་ཅད་ཡར་རུག་ནས་གྲོས་བྱེད། དེ་ནས་འབུ་སློང་མོ་འགྲོ་ལབ་པས།  བསམ་དགེས། གྲྭ་པ་ཐམས་ཅད་རུག་ལེ་ལ། དང་པོ་དགོན་པའི་འགན་ཁུར་ཐམས་ཅད། རུག་དགོས་རེད། དགོན་པའི་འགན་ཁུར་ཚང་མ། མ་རུག་ན། གྲོས་ག་འདྲ་བྱེད་དགོས་རེད་ཟེར། དེར་ངས་ཚུལ་ཉི་ནི་བྱོན་ཤོག་ཟེར་ན་སླེབས་འོང་རྩར་འདི་ན་རེད། དེ་ནས་སུ་རུག་དགོས་རེད་ལབ་པས། བསམ་དགེས་ཡས་རབ། དགོན་པའི་འགན་ཁུར་རེད། དེ་སོགས་གྲོས་བྱེད་མི་ངེས་པར་དུ་ཡོང་དགོས་རེད། དེ་སྔོན་ཐིང་མང་པོ་ལ་ཆ་རྒྱབ་ནས། ཆ་གོ་ཡང་འོང་མ་རེད་ཟེར། དེར་ངས་སང་ཉིན་ང་འགྲོ་ནས། ཡས་རབ་ལ། ཆ་གོ་ལ་ལ་བྱེད་ནས། གྲོས་ག་ན་བྱེད་ཟེར་ནའང་། ང་ཚོ་དེ་ན་འགྲོ་ནས་གྲོས་བྱེད་ཨེ་རེད་ལབ་པས། ཁོང་གསུམ་པོས་རེད་རེད་ཟེར། དེར་ཕྱི་ཉིན་དགོན་པ་ནས། མར་མཁར་ནེ་གྲོང་ཚོ་བར་དུ། རྐང་ཐང་ལ་སོང་དེར་འཕྲུལ་རྟ་བཅོལ་ཡོད་པ་ཞོན་ཏེ། སྒོ་མེད་དུ་འབོ་དགེ་མར་ལོ་ཚང་ལ་སོང་བས། དེར་ཡས་རབ་བཞུགས་འདུག་པས། ང་ཡོང་དོན་རྣམས་བཤད་པས། ཡས་རབ་ཀྱིས། ༡༩༩༩ ལོར་ང་དགོན་པའི་འགན་མི་ཁུར་ཟེར་ནས། མནའ་བསྐྱལ་བ་ཡིན། ད་ནི་ཁྱེད་བླ་མ་མཁན་པོ་རྣམས་ཀྱི་གྲོས་ཅི་བྱས། འཆར་གཞི་ག་འདྲ་བཞག་ནའང་། ང་བློ་བབས་ད་ངས་དགོན་པར་ཞབས་ཕྱི་ཕོག་མ་རེད། གྲོས་བྱེད་ས་ལའང་འོང་ལེ་མིན། ད་དགོན་པ་འདི་ལ་ང་སེམས་ཐག་ཆོད་སོང་། ངས་དགོན་པར་ཕན་ཐོག་མ་རེད། ཁྱེད་ཀྱི་ཅི་ལས་དྲན་ན་དེ་གྱིས། ད་དགོན་པ་ནི་ན་ནིང་། བསྐྱར་གསོ་བྱེད་ཐུབ་པ་གོ་ཐོས་བྱུང་། ད་ཁྱེད་རྣམས་པ། དགོན་པར་བཞུགས་ཐུབ་ན་ཡག་པོ་རེད།  ང་ལ་ནི་དགོན་པའི་ལས་ཁྲལ་མི་བཀལ་རོགས། ང་༢༠༠༩ལོར་བླ་གྲྭ་ཚང་མ་ལ་དགོང་པ་ཞུས་ཟིན་ཟེར། ངས་ད་ཁྱེད་རྣམས་པས་ཕར་བཤད་ཚུར་བཤད། དོན་ལ་ནི་དགོན་པ་ནང་ལ། བླ་མ་གྲྭ་པ་བཞུགས་མི་མེད་པ་དང་། འཚོགས་འདུ་བ་མེད་པ། སྒྲུབ་ཁང་ལྷ་མཆོད་ཙམ་ཡང་མེད་པ། རྔ་གཤང་གི་སྒྲ་ཙམ་ཡང་གོ་རྒྱུ་མེད་པ། སྡེ་མང་ཆེ་བ་དང་། གྲྭ་པ་རྣམས་དགོན་པར། ལོ་རེ་ལ་ཐིང་རེ་འགྲོ་ཡང་མི་མྱོང་བ། འདི་འདྲ་སེམས་སྡུག་མོ། བཟོས་འདུག་ཁྱེད་རྣམས་པས། འགན་ཁུར་གྱི་མིང་ཁུར་ནས་ཅི་བྱེད་ཡིན།  ནག་རུ་ལ་བླ་གྲྭ་མང་པོ་འདི་འདྲ་རེད། དགོན་པའི་འགན་ཁུར་གཞན་མི་བསྐོས་ནས་ཅི་བྱེད་ཡིན། ཁྱེད་ཚོའི་དངོས་གནས་དགོན་པ་འདི། རྩ་བ་ཉིད་ནས་མེད་པ་བཟོ་རྒྱུ་ཨེ་ཡིན། ད་སྐུ་ཚེ་རིང་འདི་འདྲ་མི་བྱེད་རོགས། དགོན་པར་ད་ལོ་འབུ་སློང་མོ་འགྲོ་ སྒྲུབ་ཁང་བཞག་ དེ་ནས་འཚོགས་འདུ་བ་དེ་ཚོ་ཡར་བསྐྱར་གསོ་བྱེད། དེ་ནས་སྒྲུབ་གྲྭ་ཞིག་ཨེ་ཚུག་ལྟ་ཟེར་ནས། ཨུ་ཚུག་བྱས་པས། ཡས་རབ་ནས། ད་ང་ལ་མ་ཟེར་དགོན་པའི་འགན་ཁུར་གྱི། མིང་ཁུར་མཁན་མང་པོ་ཡོད་རེད། དོན་ལ་དགོན་པར་འགན་ཁུར་རྒྱུ་ཕར་ཞོག་ དགོན་པར་ལོ་རེའི་ནང་། ཐིང་རེའང་འགྲོ་མ་མྱོང་བར། ཁྱིམ་དུ་འདུག་འཇོག་མཁན་དགོན་པའི་འགན་ཁུར་ཡང་ཡོད་རེད་ཟེར། ངས་དེ་ཚོ་ལ་འགྲན་ཚད་རྒྱུ་ཡོད་མ་རེད། བླ་མ་གྲྭ་པ་ཁྱིམ་ལ་བསྡད་སྲོལ་འདི་ཁྱེད་དབང་ཡོད་འགན་འཛིན་རྣམ་པས་བཤོ་བཞག་པ་རེད་འདུག་ཁྱེད་ཚོ་སོ་སོའི་ཁྱིམ་འགན་ཁུར་ནས། ཁྱིམ་དུ་འདུག་པ་ལས་ལོ་རེར་དགོན་པར་ཞག་བདུན་ཡང་མི་འདུག་པར། ད་རུང་་དགོན་པའི་མཁན་པོ་དང་དབུ་མཛད་འགན་ཁུར་སོགས། མིང་ཁུར་དངོས་གནས་འགོ་རྫོད་རེད་འདུག་། མཁན་པོ་ཡི་དགོན་པར་བོན་འཆད་ཉན་ཉིན་གཅིག་ཀྱང་མི་བྱེད་པར། ཆང་འཐུང་བཞིན་ཕ་ཁྱིམ་མ་ཁང་ནང་གཅེན་གཅུང་དང་མནའ་མའི་མཉམ་དུ་། མི་ཚེ་འཁྱོལ་ཐབས་བྱེད། ཡས་རབ་ཁྱེད་ཀྱང་དགོན་པའི་འགན་ཁུར་དང་དབུ་མཛད་ཀྱི་མིང་ཁུར་བཞིན་སོ་སོའི་ཁྱིམ་ལ་འདུག་། དགོན་པ་འགྱེལ་སོང་ན་ཡང་བལྟ་ཙམ་མི་བྱེད་ད་ཁྱེད་ཚོ་དངོས་གནས་སྨྱོ་འདུག་ལབ་པ་ཡིན། ཁོང་ནས་མདོར་ན། ང་ལྡོམ་བུ་འགྲོ་རྒྱུ་དང་འགན་ཁུར་ཤོག་ཟེར་འོང་ན་ནི། ང་མནའ་འགམ་འགྲོ་རེད། དེ་མིན་ངས་ལག་ཤེས་  ལྷ་འབྲི་རྒྱུ། ཤིང་གཞོག་རྒྱུ།   ཤིང་ཚོན་རྒྱབ་རྒྱུ། ཁང་ཐིག་རྒྱབ་རྒྱུ། བྲིས་འབྲི་རྒྱུ། འགར་བྱེད་རྒྱུ། སྤར་རྐོ་རྒྱུ། ལྟ་བུ་ལས་དཀའ་བྱེད་དགོས་ན། ངས་རྗེས་སུ་ཁོམ་དུས་བྱེད་འོང་། མ་གཞི་ད་ལྟ་ང་ཁོམ་མ་ཐལ། ང་སང་ཉིན་ནས། དུད་ཚང་ག་གེ་མོ་ཚང་གིས། ཤིང་ཚོན་བཏང་རོགས་ཟེར་བས། དེར་འགྲོ་དགོས། དེ་མཚམས་ཐང་སྐུ་འབྲི་དགོས་ཡོད། ང་ཁོམ་སའང་མི་འདུག་ཟེར། དེར་ངས་ཅི་བཤད་འདི་བཤད་མི་འདུག་པས། ཡར་དགོན་པར་ཡོང་ནས། ཁོང་ཚོ་ལ། གནས་ཚུལ་རྣམས་བཤད་པ་ཡིན། དེར་ཁོ་ཚོའི། ད་ལོ་ལྡོམ་བུ་འགྲོ་རྒྱུ་ཡོད་མ་རེད། ད་བསྐྱུར་འཇོག་དགོས་རེད་ཟེར། ངས་ད་ཁྱེད་རྣམ་པས་དེ་འདྲ་མ་གསུང་། ད་ལོ་རྟ་དང་གྲྭ་པ་ངས་ཐབས་ཤེས་ལྟ་འོང་།  ཁྱེད་བསམ་དགེ་དང་དཔལ་མཆོག་གཉིས་ཕྱོགས་གཉིས་ལ། འབུ་སློང་མོ་བྱོན་རོགས། ང་ཕྱོགས་གཅིག་ལ་འགྲོ་ལབ་པ་ཡིན། ཁོང་རྣམ་གཉིས་ཀྱི། གཉིས་ཀ་ད་ལོ་ལྡོམ་བུ་འགྲོ་མི་ཁོམ། ཟེར་ནས་ལྡོམ་བུ་འགྲོ་རྒྱུ་ལ་བློ་མི་མཐུན། དེར་ངས་ན་ནིང་ཡང་ལུས་སོང་། ད་ལོ་ང་མི་གཅིག་ཁེར་རུ། འགྲོ་དགོས་བྱུང་ནའང་། ལྡོམ་བུ་སློང་མོ་འགྲོ་ཐག་ཆོད་ཡིན་བཤད་པ་ཡིན། དེ་ནས་གྲྭ་རྒྱལ་ཚུལ་ལ། ང་དགོན་པའི་འབུ་ལྡོམ་འགྲོ་བ་ལ། རོགས་པ་འགྲོ་རོགས་ལབ་པ་ཡིན།  ཁོང་ནས་དང་པོ་ལགས་སོ་ཟེར།། རྗེས་ནས་མི་ཁོམ་འདུག་ཟེར། དེ་ནས་གྲྭ་པ་མང་ཆེ་བ་ལ་འབུ་ལྡོམ། རོགས་པ་འགྲོ་རོགས་ལབ་ཀྱང་། ཡ་ཟེར་མཁན་མ་རྙེད།  དེ་ནས་ཚུལ་ཁྲིམས་དཔལ་བཟང་ལ། ཟེར་བས་ཚུལ་དཔལ་ནས། ང་ད་ལོ་དཔལ་མཆོག་གི་སྒེར་ལྡོམ། ཞབས་ཕྱི་འགྲོ་འཆར་བྱས་ཏེ། དངུལ་བླང་ཚར་ཟེར། ངས་དངུལ་ཅི་རེད་ལབ་པས། ན་ནིང་གཞེས་ནིང་དཔལ་མཆོག་སྒེར་ལྡོམ། བྱོན་དུས་རོགས་པ། འབུ་ལྡོམ་འགྲོ་མི་ལ་སྤུ་ཐོག་ཁར། སྒོར་་༣༠༠་དང་ཁྲ་ནང་ལ། སྒོར་་༢༠༠་རེ་སྤྲད་པ་རེད་ཟེར། དེར་ངས་ད་གྲྭ་པ་ཐམས་ཅད། ལྡོམ་བུ་འགྲོ་རྒྱུ་ལ། རས་བསྐོར་ནི་མི་འདུག་ ད་ལོ་འཕྲལ་དུ་ཁྱོད་འགྲོ་དགོས་ཟེར་ནས། ཁྲིད་ཐབས་མི་འདུག་པས། ད་གྲྭ་པ་ཐམས་ཅད་ལ་གླ་ཆ། ཕྲན་བུ་སྤྲད་དགོས་ས་རེད་བསམ་ནས། ངས་ལྡོམ་བུ་འགྲོ་མི་ཐམས་ཅད་ལ། རི་གཞུང་འབོ་གཞུང་ལ། འབུ་ལྡོམ་འགྲོ་དུས། སོ་སོའི་འཕྲུལ་རྟ་ཞོན་ནས་སོང་ན། གླ་ཆ་སྒོར་་༧༠༠་སྤྲད་རྒྱུ་དང་། འཕྲུལ་རྟ་ལ་སྣོམ་སྒོར་༡༠༠་རེའི་བླུག་རྒྱུ། འཕྲུལ་རྟ་སྐྱོན་ཤོར་ན་བཅོས་རྒྱུ་ཡིན་ཟེར་བ་དང་།  སྤུ་ཐོག་འགྲོ་མི་ལ་སྒོར་་༤༠༠་རེ་སྤྲད་རྒྱུ། ཁྲ་ནང་དང་ལྕམ་སྨད། སྡོང་རོགས་སོགས་ལ་སྒོར་་༣༠༠་རེ་སྤྲད་རྒྱུ་ཡིན། དངུལ་དེ་ཚོ་ལྡོམ་བུ་ཚུར་འཁོར་ཚར་ནས། སྤྲད་རྒྱུ་ཡིན་ལབ་པ་ཡིན། དེ་ནས་གྲྭ་ཉི་མ་ཡིས། རི་གཞུང་འབོ་གཞུང་ལ་རོགས་པ་འགྲོ་རྒྱུ་ཁས་བླང་སོང་།  གྲྭ་དཔལ་ལྷ་ཡིས། ཁྲ་ནང་དང་ལྕམ་སྨད་སོགས་ལ འགྲོ་རྒྱུ་ཁས་བླང་སོང་། དེ་སྐབས་བསམ་དགེ་དང་དཔལ་མཆོག་གཉིས། ཁྱིམ་ལ་མར་བྱོན་སོང་།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.