སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ།6 | 2013/11/2 13:33:00
`

 །སྐབས་དེར་ཕྲན་འབྱོར་བས། ད་གཅུང་པོ་འོད་རྒྱས་ཁྱེད། ཕེབས་པ་ལེགས་གསུངས། ཕྲན་གྱིས་རྩ་བལྟས་པས། རྩ་འཕར་གྲངས་ཚད་ལས་འདས་ཏེ། ལྟ་རྒྱུ་མི་འདུག་ད་ཅི་དྲག་སྙུང་གཞི། ཤིན་ཏུ་ཐུ་མོ་རེད་ཞུས་པས། དམ་པ་མཆོག་གི་སློབ་མ་ཚུལ་མཐར་དང་ཨ་ཁུ་གཉིས་ནས། ང་ཚོས་ཁུར་ཏེ་རྫོང་སྨན་ཁང་དུ། གདན་དྲངས་ན་ཡག་གི་རེད་ཞུས་སོང་བས། གཅེན་པོ་མཆོག་གིས། གལ་གལ་སྐྱོན་གྱི་མ་རེད། ད་ལྟ་དེ། དགེ་བའི་བར་ཆོད་ཙམ་རེད། ང་སྨན་ཁང་དུ་འགྲོ་རྒྱུ་མིན། སེམས་ཐག་ཡིན་གསུངས་སོང་ ཕྲན་གྱིས་དེ་འདྲ་མ་གསུངས། ད་ལྟ་སྙུང་ཤིན་ཏུ་ལྗིད་པའི། སྨན་བཅོས་བྱེད་དགོས། སྐུ་མཚམས་རྗེས་སུ་བཞུགས་ཆོག་གི་རེད། ད་ལྟ་ཁོང་རྣམས་གཉིས་ཀྱིས། ཞུས་པ་ལྟར་བྱེད་རོགས། ཞེས་ཞུས་པས། འོད་ཟེར་ཁྱེད་ཨུ་ཚུགས་མ་བྱེད། གཞེས་ཉིན་ཙམ་མ་དྲག་ན་འགྲོ། ད་ལྟ་ཁྱེད་ལ་སྨན་འདྲ་ཡོད་ན་ཟ་ཆོག་གསུངས། གུས་པ་ཁོང་གིས་སྨན་རྣམས་རིམ་བཞིན་ཕུལ། དམ་པ་མཆོག་གིས་ཡི་གེ་གསུང་གྲབས་མཛད་འདུག་པས། ཕྲན་གྱིས་འདོན་ཡོང་། ཁྱེད་སྐུ་ངལ་གསོ་དགོས་ཞུས་པ་ཡིན་ཀྱང༌། དམ་པ་མཆོག་གིས་ཨ་དཀར་གཅིག་སྟོང་། མ་ཏྲི་དང་ས་ལེ་འོད་བརྒྱ་སྐོར། ཡིག་བརྒྱ་ཉེར་གཅིག་བཅས། རྒྱུན་ལྡན་ལྟར་གསུང་བཞིན་བཞུགས། ཕྲན་གྱིས་འབྲུག་གསས་རྩ་སྒྲུབ་སྐུ་བསྟོད་དང་། བཀའ་སྐྱོང་བྲོ་ཚེ་སྒྲུབ་སོགས། ཞལ་འདོན་ཚང་མ་བཏོན་པ་ཡིན། དེ་སྐབས་དམ་པ་མཆོག་ཅི་ཡང་སྙུང་མེད་པ་ལྟ་བུར། མཛད་ནས་གསུར་བསྔོ་སྨོན་སོགས། གསུངས་ནས་བཞུགས། དེ་ནས་དྷ་རུ་བཀྲོལ་ཏེ། ལུས་སྦྱིན་མཁའ་འགྲོའི་གད་རྒྱངས། གསུངས་ནས་གཟིམས་སོང༌། ཐོ་རེངས་ཆུ་ཚོད་འཁོར་ལོས་༼༥།༣༠༽ཐོག་ཏང་ཏང་ཟེར་བའི་སྒྲ་བཏང་ཚེ། ཨ་ཀི་ཀ་ལི་གསུང་བཞིན་ཡར་བཞེངས་ཏེ། དྷ་རུ་བཀྲོལ་ཏེ་རྩ་རླུང་གསོལ་འདེབས་གསུངས་ཏེ། དུག་རླུང་སོགས་སྔོན་དུ་བཏང་ནས། རླུང་ཐུན་ཉེར་གཅིག་ཙམ་བུད་མཛད། དེ་མཚམས་བླ་མའི་རྣལ་འབྱོར་གསུངས་ནས། ཉམས་ལེན་གྱི་ཏིང་འཛིན་ཐུན་གཅིག་བཞུགས་མཐར། ཨ་ཨྰོ་ཧཱུྃ་གྱེར་སྤུངས་དྲན་པ་མུ་ལ་ཉེ་ལོ་ཡོ་ཧཱུྃ་འདུཿ ཞེས་སྟོང་གཅིག་བཟླས་ནས། ཆུ་ཚོད་བདུན་དང་སྐར་མ་སུམ་ཅུ་ཐོག་ཞོགས་ཇ་བཞེས། དེ་དུས་ཕྲན་གྱི། ཆུ་རྟགས་དང་རྩ་བལྟས་པས། ཁྲག་མཐོ་བ་འདྲ་སྣང་ནས། ད་ལྟ་འདིར་མི་མང་པོ་འདུག་ རྫོང་སྨན་ཁང་དུ་ཕེབས་རོགས་གྱིས། ཞེས་ཨུ་ཚུགས་བྱས་ནས་ཞུས་པ་མ་ཚད། ཕྲན་གྱིས་ཕུར་པའི་སྒོ་དབྱེ། འདོན་རྩིས་བྱས་པས། གཅེན་པོ་ཞལ་ནས་ཨ་ཁ་འོད་ཟེར་ཁྱེད། དེ་ལྟར་ཨུ་ཚུགས་མ་བྱེད་པར། ངས་བཤད་པ་ཉོན་དང་རྫོང་སྨན་ཁང་དུ། ཞག་ཁ་ཤས་རེད་ནས་འགྲོ། ངེད་སྤུན་གཉིས་དེ་སྔོན། གཅིག་བཤད་གཅིག་གིས་མ་ཉན་པ། ཧ་ལམ་ཡོད་ས་མེད། དེ་རིང་ངས་བཤད་པ་ཉོན། བསླུ་བ་མེད་པ་དཀོན་མཆོག་གསུམ་ཡིན་པའི། ཁྱེད་ཚོས་དྲན་པ་ཚེ་སྒྲུབ་བླ་བསླུ་འཆི་བསླུ་འདྲ་ཐོན་གསུངས། ཕྲན་གྱིས་ཡང་ན་ང་སྨན་ཁང་དུ་ཕྱིན་ནས། སྨན་ཉོ་སྟེ་མྱུར་དུ་སླེབས་འོང་། མ་གཏོགས་རྩ་ཆུ་སོགས་གང་ལ་དཔྱད་ཀྱང་། སྙུང་གཞི་ལྗིད་མོ་རེད་འདུག་ཞུས་པས། ཁྱེད་དེ་རིང་མ་འགྲོ། ང་སྐྱོན་མི་འདུག་རྩ་ཆུ་ཁ་སང་ལུས་དཀྲུགས་པས། རྐྱེན་རེད་གསུངས་ནས་མངགས་མ་གནང༌། ཁོང་བླ་གྲྭ་རྣམས་པས་ཚེ་སྒྲུབ་བཅས་ནས་གསུངས། གཅེན་པོ་རི་ཁྲོད་པ་མཆོག་ནས། བསང་དང་དཀར་བསུར། གཡུང་དྲུང་སེམས་དཔའི་སྒྲིབ་སེལ་ལྟུང་བཤགས། མ་རྒྱུད་བསྐང་བཤགས། བླ་སྒྲུབ་འདོད་འབྱུང་རིན་ཆེན་སོགས། ཞལ་འདོན་རྒྱུན་ལྡན་ལྟར་གསུངས་སོ། ཕྲན་གྱིས་ཁྱེད་སྨན་ཁང་དུ་མ་ཕེབས་ཀྱང་། དེ་རིང་ཡི་གེ་མི་གསུང་པར། སྐུ་ངལ་གསོས་ནས་བཞུགས་རོགས། སྙུང་བསྲེང་ན་ག་ལེར། བསྙེན་པ་གསུང་ཆོག་ཞུས་པས། གཅེན་པོ་རི་ཁྲོད་པ་མཆོག་གིས། ཡིག་གེ་བཏོན་པས་ཅི་སྐྱོན། ང་དེ་རིང་ཅི་ཡང་ན་གི་མི་འདུག་གསུངས་ཏེ། འབྲུག་གསས་རྩ་སྒྲུབ་འཕྲིན་ལས་བཏང་ནས། ངག་བཅད་ཐུན་བཟུང་ནས་དབལ་ཕུར་བསྙེན་པ་བགྲངས་སོང་ ཉིན་དགུང་གསོལ་ཚིགས་སྐབས། གཅེན་པོ་རི་ཁྲོད་པ་མཆོག་གིས། ཁྱེད་ཚོས་རྨི་ལམ་བཟང་ངན་ཅི་འདྲ་གསུང་པས། ཕྲན་ནས་ངེད། རི་དཀར་པོ་ཤིན་ཏུ་ཆེན་པོ་ཞིག་འདུག་པ། མཐོང་སྣང་ལ་དེར་སོང་བས་རི་དེ་ཚང་མ་ཅི་གུང་རེད་འདུག དེའི་རྩེར་ཤེལ་བུམ་གཅིག་འདུག་པ་ར་བླངས་། བུམ་པ་ནང་ཅི་གུང་བླུགས་ནས་ཁེངས་འདུག ་བུམ་པ་དེ་ངས་ལག་ནས་ཤོར་ཏེ་རི་དེའི་རྩར་ལྷུང་སོང༌། ཡང་དེར་སོང་བའི་རི་རྩ་དེ་ནི། མཚམས་ཁང་འདི་རེད་འདུག བུམ་པ་ནི་མཐོང་རྒྱུ་མི་འདུག མཚམས་ཁང་གི་ཕྱི་ནང་ཐམས་ཅད། འབྲས་དཀར་པོ་བཙོས་ཚར་བ། རི་ལྟར་སྤུངས་འདུག་པ་རྨིས་ཞུས་པས། དམ་པ་མཆོག་ནས་ཅིམི་གསུང་བར། བཞུགས་ཡོད་པ་དང༌། ཕྲན་གྱིས་མཆོག་ཉི་དགོངས་ལམ་ཅི་མཁྱེན། ཞུས་པས་ཁོང་གིས། ཐང་ཤིན་ཏུ་ཆེན་པོ་ཞིག་ལ། ངའི་གཟན་དམར་པོ་འདི་ལྷུང་འདུག་པས། ཚུར་རྙེད་པ་རྨིས་བྱུང་གསུངས། དེ་མཚམས་ཁ་བ་ཕྲན་ཙམ་བབས་པ། ཚང་མ་མེ་ཏོག་འདབ་མ་ལྔ་ལྡན་རེད་འདུག་ལ། དགུན་ཟླ་བཅུ་གཅིག་པ་ཡིན་ཀྱང་། མཚམས་ཁང་གི་ཕྱོགས་ཡོངས་ནས། འཇའ་འོད་ཀྱིས་བཏུམས་པ་བྱུང་སོང་།  ཁོང་གི་ཕྱི་དྲོ་ཕུར་པའི་འཕྲིན་ལས་བཏང་། བཀའ་སྐྱོང་གཏོར་འབུལ་བྲོ་ཚེ་སྒྲུབ་སོགས་མཐར་ཕྱུང་སྟེ། གདུགས་དཀར་གཟུངས་དང་། དུ་ཏྲི་སུ་གཞུང་གསུངས་ནས་ཨ་དཀར་གཅིག་སྟོང་བསྒྲངས། རྒྱུན་གཅོད་ལྟར། སྐྱབས་སེམས་དང་འཛབ་སྒོམ་བཏང་ནས། སྙིང་པོ་རྣམ་གསུམ་བརྒྱ་སྐོར་རེ་དང། ཡིག་བརྒྱ་ཉེར་གཅིག་བསྒྲངས་མར་གསུར་དང། བསྔོ་སྨོན་རྒྱས་པ་གསུངས། ཚེ་དབང་སྨོན་ལམ་གདབ་པར་མཛད་དེ། བོན་སྐུ་སྨོན་ལམ་དབྱངས་ལ་གྱེར་ནས། དལ་མོས་ཚར་གཅིག་གསུངས་སོང་། དེ་མཚམས་ཁོང་གིས་ཕྲན་། འཕྲལ་ཕུག་གི་བསླབ་བྱ་མང་པོ་དང་། དབང་ལུང་ཁྲིད་གསུམ་ཞུས་པས། དང་པོ་རང་རྒྱུད་འདུལ་དགོས་ཚུལ་དང་། མི་ཚེ་དཀོར་ནག་ལ་མ་འབག་པར་བྱས་ནས། བསྙེན་སྒྲུབ་སྒོམ་གསུམ་ལ་ནན་ཏན་དགོས་ཚུལ་དང༌། བསྙེན་གནས་སྙུང་གནས་ལ་ཕན་ཡོན་ཤིན་ཏུ་ཆེ་ཚུལ་དང༌། རང་གཞན་ཀུན་གྱི་འབད་བརྩོན་བྱས་ཏེ། ཡུལ་དགོན་ཀུན་གྱི་གསོན་གཤིན་དགེ་སྐལ་དུ། བསྙེན་སྙུང་ཁྱབ་སྤེལ་དང་སྲོལ་ཚུགས་པ་དགོས་ཞེས་པ། ཡང་ཡང་གདམས་བྱུང་། དགོང་མོ་ཆུ་ཚོད་བཅུ་པར། དྷ་རུ་བཀྲོལ་ནས་ལུས་སྦྱིན། མཁའ་འགྲོའི་གད་རྒྱངས་གསུངས་ཏེ་གཟིམས། མཚན་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་མཚམས། ཆབ་བསིལ་ཏེ་ཡ་བཞེངས་ནས། ཙོག་པུར་བཞུགས་ཡོད་པ་དང༌། ཨ་ཁུ་བྱང་ཆུབ་དང་ཕྲན་གཉིས་མྱུར་དུ། ཡར་ལངས་ནས་ཁྱེད་སྙུང་གཞི་ཐུ་སོང་ངམ་ཞུས་པས། དམ་པ་མཆོག་གིས། དབུ་གཡུག་གཡུག་གནང་ནས་ཅང་གསུང་གནང༌། ཨ་ཁུ་བྱང་ཆུབ་ནས། ཆུ་ཁོལ་གསོལ་ཞུས་པས། ཕྱག་གིས་མི་ལེན་པར་ཕྱག་གཡུག་གཡུག་གནང་ནས། ཕར་སོང་གསུང་ཚུལ་མཛད་པ་དང༌། དེ་དུས་སྐུ་ལུས་ཡོངས་ནས། རླངས་པ་ཇ་རླངས་ལྟར་འཕྱུར་ཞིང༌། མཚམས་སུ་རླངས་པ་སྤོས་དུད་ཁོལ་བ་བཞིན། ཚུར་ཚུར་མཆེད་ནས། ཁང་པ་ཁེངས་པ་ཙམ་བྱུང་བ་དང༌། མར་མེའི་འོད་མདངས་ལས། རླངས་པ་ཚང་མ། འཇའ་ཚོན་སྣ་ལྔ་མཐོང་རྒྱུ་ཡོད་པ་བྱུང༌། དེ་རྗེས་སྐུ་ལུས་ནས་འཇའ་འོད་ཀྱི་རྣམ་པ། འོད་མདངས་དམར་སེར། སྨུག་རླངས་འཁོལ་བ་བཞིན། ཕྱུར་ཕྱུར་མཆེད་བཞིན་འདུག་པར། ཁུ་བོ་བྱང་ཆུབ་དང་། གུས་པ་གཉིས་ནས་ཐུགས་ཀ་ཕུར་ཕུར་བཏང༌། ཁ་ཞལ་ལ་སྦྱར་ནས་དབུགས་རྔུབས། དབུ་ལ་མེ་རྩ་བཞག་ཕྱག་ལ་ཁྲག་གཏར་བ་སོགས་བྱས་པས། འཇའ་འམ་རླངས་པ་ནི་ཡལ་སོང་བའི་སྐབས་དེར། སྐུ་ལུས་གཡོ་མེད་དྲང་པོ་མདའ་ལྟར་སྲོང་ནས། དགོངས་པ་བོན་དབྱིངས་སུ། བདེ་བར་གཤེགས་སོ། དེ་ནས་རྣལ་འབྱོར་ཚུལ་ཁྲིམས་མཐར་ཕྱིན་གྱིས། ངེད་གཉིས་ཕར་འཐེན་ཏེ། ཁྱེད་གཉིས་ཀྱིས། དེ་འདྲ་བྱེད་མི་རུང་བླ་མ་གཤེགས་ཚར་འདུག བོན་སྐུའི་སྨོན་ལམ་འདོན་དགོས། ལྟོས་དང་ནམ་མཁའ་གཡའ་དག་པ་བཞིན། སྤྲིན་དང་བྲལ་འདུག་པས། འཇའ་ལུས་སུ་ཕེབས་ངེས་རེད། གསུངས་ཏེ་སྒོ་རྒྱབ་སོང༌། ཀྱེ་མ་ཀྱི་ཧུད་སྐྱོ་གདུང་སྐྱེས། མཁས་བཙུན་གྲུབ་པའི་དབང་པོ་ཡི། ཡིད་འོང་དགྱེས་པའི་འཛུམ་ཞལ་དང༌། ཕན་མཛད་བརྩེ་བའི་གསུང་གི་གདངས། བྱམས་པའི་ཐུགས་ཀྱི་འགྲོ་སྐྱོང་ཚུལ། ད་ནི་དེ་དག་དྲན་པའི་ཚེ། སྐྱོ་གདུང་སེམས་ཀྱི་སྣོན་མ་ལས། མཐོང་ཐོས་མཇལ་བའི་སྐལ་མེད་འདིས། ཀྱེ་མ་ཀྱི་ཧུད་སྐྱོ་བ་སྐྱེས། ད་ནི་ཇི་ལྟར་བྱ་སྙམ་ན། སྡུག་བསྔལ་སེམས་ལ་བཟོད་གླགས་མེད། རང་དབང་མེད་པའི་མིག་ཆུ་ཤོར། མྱ་ངན་སྨྲེ་ངག་ངུ་འབོད་དང༌། ཉིན་མཚན་ཀུན་ཏུ་ཡིད་བློང་ཞིང༌། དབུགས་རིང་འཐེན་བཞིན་སྙིང་རླུང་ལངས། བློ་སེམས་ཞུམ་པའི་ངང་དུ་གྱུར། ཞེས་སྨྲས་སོ། །ཞག་གསུམ་གྲོས་བཞིའི་ཉིན། ཀུན་གྲགས་མཐོང་གྲོལ་རི་ཁྲོད་ཀྱི། བླ་མ་གནམ་ལྷ་རིན་པོ་ཆེ་མཆོག་དང༌། གཡུང་དྲུང་བསྟན་རྒྱས་གླིང་གི་མཁན་པོ། རྒྱ་མཚོ་རིན་པོ་ཆེ་རྣམ་གཉིས། གདན་དྲངས་ཏེ། གདུང་ཁྲུས་དང་ངོ་སྤྲོད་གསལ་འདེབས་ཞུས་པས། སྐུ་གདུང་གཡོ་མེད་དྲང་པོར་བཞུགས་འདུག དེ་སྐབས་རྒྱ་མཚོ་རིན་པོ་ཆེའི། གསོལ་འདེབས་འདི། ཕུལ་བ་མཛད་དེ། ༈ ཨེ་མ་ཧོ། ཚུ༷ལ་ཁྲིམས་རྣམ་དག་གསེར་ཞུན་བུམ་པ་རུ། །གཞན་ཕན་བྱང་སེམས་བདུད་རྩི་བཅུད་ཀྱི་གཏམས། སྟོང་ཉིད་ཡེ་ཤེས་ཁ་རྒྱན་མངོན་པར་མཐོ། ཡང་དག་དོན་རྟོགས་བླ་མར་གསོལ་བ་འདེབས། དཔལ་ལྡན་བླ་མ་རིང་དུ་བསྟེན་པའི་ཚེ། །མང་དུ་ཐོས་དོན་རྒྱུད་ལ་ལེགས་སྦྱར་ནས། །དབེན་པའི་གནས་སུ་སྒྲུབ་པའི་རྒྱལ་མཚན་མཆོག །རྟག་ཏུ་བསྒྲེང་བའི་བླ་མར་གསོལ་བ་འདེབས། །སྙིང་རྗེ་ཆེ་ལ་རིང་ནས་གོམས་པའི་ཐུགས། །སྙིང་པོ་མེད་པའི་ཡུལ་ལ་མི་ཆགས་པར། །སྙིང་རྗེའི་རང་གཟུགས་གཤེན་ལྷའི་གདམ་ངག་རྣམས། །སྙིང་ལ་འཆང་བའི་བླ་མར་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་དགོངས་དོན་སྟོན་ཟླའི་དཔལ།  བདག་ཅག་དད་མོས་གུས་པའི་ཀློང་འཆར་ནས། །ཉམས་རྟོགས་ཡོན་ཏན་རྒྱ་མཚོ་འཕེལ་བ་དང༌།  བདེ་ཆེན་ཐར་ལམ་སྣང་བ་གསལ་གྱུར་ཅིག །ཅེས་སྲིད་ན་དཀོན་པའི། དཔལ་ལྡན་བླ་མ་མཐའ་ཞུ་རི་ཁྲོད་པ་མཆོག་ ཚུལ་ཁྲིམས་ཡེ་ཤེས་སྐུ་ཞི་བར་གཤེགས་སྐབས། སློབ་བུ་ཚུལ་ཁྲིམས་མཐར་ཕྱིན་སོགས་ཀྱིས། རྗེས་དྲན་གསོལ་འདེབས་དགོས་ཞེས་ནན་བསྐུལ་ངོར། རྒྱ་མཚོ་ནོར་བུས་དད་པས་ཕུལ་བ་དགེ། དེ་ནས་དགོང་ཞག་ཞེ་དགུའི་རིང། བླ་གྲྭ་བཅུ་གཅིག་གིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི། མཆོད་སྦྱིན་དང༌། ཕྲན་ནས་ཉིན་རེ་བཞིན། ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རེ་བཏང༌། དགོངས་རྫོགས་མཆོད་སྤྲིན། ཀུན་རིག་ལས་བཞི་རྒྱུན་ལྔ་དགུ་སྐོར་ལུགས། ཆ་གསུམ་ཀློང་རྒྱས་སྟོང་ཤིང་བཅས། གསེར་དངུལ་གྱིས་བྲིས་ནས། སྐམ་རློན་གྱི་མཆོད་རྫས། དར་ཟབ་འཕན་གདུགས་སོགས། བཀྲག་ལྡན་ཡིད་དུ་འོང་བའི། རྫས་ཀྱིས་མཆོད་པ་ཕུལ་བ་དང་ལྷན་དུ། རྩེ་དྲུག་མཆོག་སྤྲུལ་འཇམ་མེའི་གཙོའི། བླ་གྲྭ་བཅུ་ཕྲག་གཉིས་འཚོགས་ཏེ། ཉིན་བཅུའི་རིང་གོང་གསལ་ཡི་དམ་གཞུང་བསྲང་སྟེ། གཤེགས་གསོལ་ཞུས། དེའི་སྐབས་སུ་ནམ་མཁའ་སྤྱི་དང་། ཁྱད་པར་གདུང་ཁང་གི་ལྷོ་ནས། འཇའ་འོད་གསལ་ལ་དྭངས་པ་ཤར་བ། ཉིན་བཅོ་ལྔ་ཙམ་བྱུང་བས། དེར་ཡོད་ལ་ཉམས་རྟོགས་སྐྱེས་པ། དགེ་སེམས་འཕེལ་བ་སོགས་བརྗོད་མི་ཤེས་པ་བྱུང༌། རྗེས་འཇུག་དད་རྟེན་རིང་བསྲེལ། ཤེལ་མདོག་མང་ཙམ་བྱུང་བ་རྣམས། སྐུ་གདུང་མཆོད་རྟེན་ནང་བཞུགས་སུ་གསོལ། གདུང་ཐལ་གདུང་རུས་རྣམས། སཙྪ་གདབ་ནས་ཁང་བརྩེགས་མཆོད་རྟེན་གྱི། གཟུངས་གཞུག་ཏུ་ཕུལ་བ་སོགས། དགོངས་རྫོགས་མཆོད་འབུལ་རྒྱས་ཤིང་སྨར་བ་ཞུས། དེ་སྐབས་ཨ་ཁུ་བྱང་ཆུབ་རྒྱལ་མཚན་ནས། འཇམ་མེ་རིན་པོ་ཆེར། ཕྱག་མོ་ཞུས་པས། འཇམ་མེ་རིན་པོ་ཆེ་ནས། ཁང་པ་སྤོས་ན་ལེགས་གསུང་པས། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.